ཀླད་ཀྱི་གཏམ།

ཉིན་ཤས་སྔོན། རྒྱུན་ལྡན་ལྟར་ངན་གོམས་སུ་སོང་བའི་གཤིས་ངན་དེ། སྟངས་འཛིན་གྱི་བྱ་རའི་རྒྱ་ལས་ཡོངས་སུ་ཤོར་ནས། འཇིག་རྟེན་གསར་པའི་དྲ་ངོས་སུ་འཁྱམ་ཉུལ་བྱས་སྐབས། འདྲེན་བྱེད་དབང་པོའི་ཡུལ་དུ་ལྷགས་པ་ནི་བོད་ཀྱི་སྐྱེས་པ་ན་གཞོན་ཞིག་གིས་བོད་ཡིག་ཀློག་བཞིན་པའི་བརྙན་ཐུང་ཞིག་དང་། བློ་རྩེ་གཏད་ནས་ཞིབ་ཏུ་ལྟ་ཉན་བྱས་སྐབས། དེ་ནི་རྣ་བར་སྙན་ཞིང་། ཡིད་ཀྱི་རྟ་ཕོ་དབང་མེད་དུ་འགུག་པར་བྱེད་པའི་སྒྲ་དག་གསལ་གསུམ་གྱི་སྒོ་ནས་བོད་ཡིག་ཐོགས་པ་མེད་ཅིང་། བྱང་ཆ་ལྡན་པར་ཀློག་བཞིན་པར་མ་ཟད།   ངོ་མཚར་སྐྱེ་དགོས་པ་ཞིག་རེད་འདུག

སྤྱིར་ན། བོད་པས་བོད་ཡིག་ཐོགས་མེད་དུ་ཀློག་པར་ངོ་མཚར་དང་ཡ་མཚན་རྒྱུ་ཅང་མེད་ཀྱང་། ད་ཐེངས་ཀྱི་ཀློག་པ་པོ་ཁོང་ནི་བོད་མི་དཀྱུས་མ་གཞན་དང་མི་འདྲ་བར། ན་ཚོད་དར་ལ་བབ་ཅིང་།  རྣམ་རིག་བཀྲ་བའི་ཕོ་གཞོན་ལོང་བ་ཞིག་རེད། ཁོང་གི་བོད་ཡིག་ཀློག་རྩལ་ནི་མིག་ལྡན་བོད་མི་ཞིག་གི་ཀློག་རྩལ་ལས་ལྷག་པ་མེད་ན། ཞན་པ་མི་འདུག་སྙམ་པའི་ཚོར་སྣང་ཞིག་བརྙན་དེ་མཐོང་མཁན་ཀུན་ལ་གཅིག་མཚུངས་སུ་སྐྱེས་ཡོད་སྲིད།

ཞ་བོ་རྒྱུག་པ་དང་། ལོང་བས་ཡི་གེ་ཀློག་པ་ནི་འཇིག་རྟེན་ན་མི་སྲིད་པའི་དཔེ་ཞིག་ཏུ་སྣང་ཡང་། ཁོང་གི་བོད་ཡིག་ཀློག་པའི་རྩལ་གྱིས་ནི། ད་ནས་བཟུང་དཔེ་དེ་ཉིད་སྲིད་པ་རྒན་པོའི་ངག་སྒོ་ལས།  མི་སྲིད་པའི་དཔེར་བཀོད་མི་ཤེས་པ་ལྟ་བུ་ཆགས་སོང་སྙམ།

ཁོང་གིས་སྒྲ་དག་གསལ་གསུམ་གྱི་སྒོ་ནས་ཀློག་བཞིན་པའི་བོད་ཡིག་ནི་ང་ཚོས་རྒྱུན་ལྡན་དུ་མཐོང་བཞིན་པའི་ཐོན་མི་ཨ་ནུས་གསར་བཟོ་གནང་བའི་ཀ་མད་སུམ་ཅུ་དང་དབྱངས་བཞིའི་རང་བཞིན་ཅན་གྱི་གཟུགས་རིས་ཀྱི་རྒྱ་ལས་བརྒལ་བའི་བོད་ཡིག་གི་ལོང་ཡིག་ཅིག་རེད་འདུག

ལར། ཁོ་བོས་ལོང་ཡིག་གི་སྐོར་ཐོས་ལོ་ཙམ་དང་། དབྱིན་ཡིག་གི་ལོང་ཡིག་དཔེ་དེབ་འགའ་ཡང་མཐོང་མྱོང་། ལོང་ཡིག་ཅེས་པ་ནི་ལོང་བ་རྣམས་ཀྱིས་མཛུབ་མོ་ལྔའི་ཚོར་ཤེས་ལ་བརྟེན་ནས་ཀློག་ཐུབ་པའི་འབུར་མའི་གཟུགས་ཅན་ཞིག་དང་། ཕྱི་གླིང་བའི་སྐད་ཡིག་སྨྲ་བའི་ཁྲོད་དུ་ལོང་ཡིག་དེ་ཉིད་སྐད་ཡིག་གམ་ཡི་གེ་ ( Language ) ཡིན་མིན་གྱི་འདོད་ཚུལ་ཇི་སྙེད་ཅིག་ཡོད།       

སྤྱིར་བཏང་།  རྒྱལ་སྤྱིའི་ནང་ལོང་ཡིག་གསར་གཏོད་ཀྱི་མཁན་པོ་ནི།  ཧྥ་རན་སིའི་སྐྱེས་པ་ ( Louis Braille ) བྷེར་ལཱེ་ཡིས་ཕྱི་ལོ་ ༡༨༢༤ ལོར། ཁོ་རང་ལོ་ ༡༥  སོན་སྐབས་གསར་བཟོ་བྱས་པ་དང་། ཁོ་རང་བྱིས་དུས་སུ་གློ་བུར་དུ་བྱུང་བའི་རྐྱེན་ངན་ཞིག་གིས་ལོང་བར་གྱུར་འདུག  ཕྱིས་སུ་ལོང་ཡིག་ལ་དབྱིན་སྐད་དུ་ (Blind Braille ) ལོང་བའི་བྷེར་ལཱེ།   ཞེས་ཁོ་པའི་གསར་གཏོད་ཀྱི་མཛད་རྗེས་ལ་ཡི་རང་དང་རྗེས་དྲན་ཆེད་ཁོའི་མིང་གི་ཟུར་གཅིག་བཏགས་པ་དང་། དེ་ནས་བཟུང་དེང་གི་བར་སྐད་ཡིག་མི་འདྲ་བ་ ༦༤  ནང་ལོང་ཡིག་གསར་བཟོ་ཐུབ་ཡོད།      

ཡིན་ན་ཡང་། བོད་ཡིག་གི་ལོང་ཡིག་ཅིག་ཡོད་པ་ནི་བསམ་པའི་ཡུལ་ལའང་འཁོར་མ་མྱོང་བས། སེམས་ཀྱི་ཟུར་ཞིག་ཏུ་བོད་ཡིག་གི་ལོང་ཡིག་འདི་མཁྱེན་དཔྱོད་ཡངས་པའི་བློ་ལྡན་སུ་ཞིག་གིས་དུས་ནམ་ཞིག་ལ་གསར་བཟོ་བྱས་ཡོད་པ་དང་།  ཇི་ལྟར་བྱས་ནས་བཟོས་ཡོད་དམ།

དེ་ལྟ་བུའི་བློ་གྲོས་དང་མིག་རྒྱང་རིང་བའི་ཕན་སེམས་ཅན་གྱི་གསར་གཏོད་བྱེད་པོ་བོད་མི་དེ་སུ་ཞིག་ཡིན་ནམ་སོགས། གསར་བཟོ་མཁན་དེ་བོད་མི་ཞིག་ཡིན་པ་གཞིར་བཞག་གི་སྒོ་ནས། ཁོང་གི་ལོ་རྒྱུས་ཀྱི་སྐོར་ཤེས་འདོད་ཀྱི་འདུན་པ་དྲག་ཏུ་ཕྱུར་ཡང་། སྐབས་དེར་ངན་གོམས་ཀྱི་གཞན་དབང་དུ་ཤོར་ནས་དྲ་ཉུལ་ལྟ་ཀློག་མཚམས་འཇོག་མ་ཐུབ་པར་དེ་མུར་ལྷག                 

དེ་ནས་ཉིན་ཤས་རྗེས། བསྐྱར་དུ་དྲ་ངོས་སུ་སྔར་གྱི་བརྙན་དེ་མཐོང་། ད་ཐེངས་ངན་ཤོར་གྱི་དབང་དུ་མགོ་མི་སྒུར་བར། མུ་མཐུད་ནས་དོན་མེད་པའི་དྲ་ངོས་སུ་ལྟ་མཚམས་འཇོག་དགོས་སྙམ་པ་ལྟར། ཁ་ཞེ་གཉིས་མཐུན་པར་བྱས་ཏེ། བོད་ཡིག་གི་ལོང་ཡིག་གསར་བཟོའི་སྐོར་ལ་ཞིབ་འཇུག་ཅུང་བྱེད་འགོ་བཙུགས། ལོང་ཡིག་དེ་ཉིད་སུ་ཡིས་གསར་བཟོ་བྱས་ཡོད་དམ་སྙམ་སྟེ། དྲ་ངོས་ཀྱི་འཚོལ་བཤེར་མ་ལག་ཏུ།  བོད་ཡིག་གི་ལོང་ཡིག་སུས་གསར་བཟོས་བྱས་སམ། ཞེས་བྲིས་ནས་བཙལ་རྗེས།   སྔར་གྱི་ཁོ་བོའི་བསམ་ཚུལ་དང་འཆར་སྣང་ལས་ཡོངས་སུ་གོ་ལྡོག་ཅིང་། ཧ་ལས་དགོས་པའི་ལན་ཞིག་ཤར།  དེ་ནི་ཕྱི་གླིང་པའི་སྐྱེས་མ།  མིང་ལ།  སཱ་བྷི་ཡཱ་ ( Sabriya Tenberken ) ཞེས་པ་ཞིག་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པའི་མོད་ལ།    ཧད་དེ་བའི་ངང་ཅུང་ལུས།

དེ་ནས་ཞིབ་ཏུ་ཀློག་སྐབས། དེ་ལས་ཀྱང་ཧང་སངས་པ་དང་ཡིད་ཆེས་དཀའ་བའི་གནས་ཚུལ་གཞན་ཞིག་ནི་ཁོང་མོ་ཡང་། ཆུང་དུས་ནས་ལོང་བ་ཡིན་པ་ཤེས་རྟོགས་བྱུང་། དེ་ནས་ཁོང་མོའི་ལོ་རྒྱུས་ཆ་ཚང་བ་ཞིག་ཤེས་འདོད་ནི། མཐའི་རྒྱ་མཚོའི་རྦ་རླབས་ལྟར་དྲག་ཏུ་ཕྱུར་ནས་ཁོང་མོའི་ལོ་རྒྱུས་དང་། ལྷག་པར་དུ་བོད་ཡིག་གི་ལོང་ཡིག་ཇི་ལྟར་གསར་གཏོད་བྱས་པའི་བརྒྱུད་རིམ་དང་། གཞན་ཡང་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་ཇི་སྙེད་ཅིག་བཀླགས།                 

ཁོང་མོ་ནི་བོད་ཀྱི་བྱིས་པ་ལོང་བ་རྣམས་ལ་ཤེས་རབ་ཀྱི་སྤྱན་ཟུང་དང་རྣམ་དཔྱོད་ཀྱི་བློ་མིག་སྦྱིན་མཁན་གྱི་བྱང་སེམས་ཅན་གྱི་མཛངས་མ་ཞིག་དང་། བྱང་ཕྱོགས་འདི་ན་སྨག་ལ་གསེར་གྱི་སྒྲོན་མེ་བཏེགས་པའི་ཐུ་མི་ཨ་ནུའི་མཛད་བཟང་ལ་རྗེས་སུ་བསྙེགས་ཤིང་། ཁ་ཡོད་ལག་ཡོད་ཀྱིས་བོད་མཐོ་སྒང་གི་བྱིས་པ་ལོང་བ་རྣམས་ལ་བཀའ་དྲིན་བླ་མེད་དུ་ཆེ་བས། དྲིན་ཅན་ལ་དྲིན་དུ་བཟུང་ནས་གུས་བཀུར་དང་། བཟང་ལན་འཇལ་བའི་སྲོལ་བཟང་ནི་རྩམ་གཟན་གངས་ཅན་པའི་ཁྲག་རྒྱུན་དུ་ཆད་མ་མྱོང་བ་དང་ཉམས་མ་མྱོང་བའི་གཤིས་བཟང་ཡང་ཡིན་པས།   བོད་མིའི་དམངས་ཁྲོད་དུ་ཁོང་མོར་རྒྱུས་ཡོད་མང་ཙམ་ཞིག་བྱུང་ན་ཅི་མ་རུང་སྙམ་སྟེ། ཁོང་མོའི་ལོ་རྒྱུས་མདོ་ཙམ་ཞིག་འདིར་བྲི་བར་བྱ།

ནུབ་ཕྱོགས་ནས་ཤར་བའི་ཐོ་རངས་སྐར་ཆེན།

ཁོང་མོའི་མིང་ལ།    སཱ་བྷི་ཡཱ་  ཏཱི་བྷར་ཀཱན་ ( Sabriya Tenberken ) ཞེས་དང་།  ཕྱི་ལོ་ ༡༩༧༠  ལོར་ཡོ་རོབ་རྒྱལ་ཁབ་འཇར་མན་ ( Germany ) དུ་འཁྲུངས་ཤིང་།   བྱིས་དུས་སུ་ཕྲུ་གུ་གཞན་དང་གཅིག་མཚུངས་དགོད་སྒྲ་དང་འཛུམ་མདངས་ཀྱི་ཁོར་ཡུག་གི་ཁྲོད་ནས།  དྲིན་ཅན་ཕ་མའི་བྱམས་སྐྱོང་གི་མིག་འོག་ནས་འཚར་ལོངས་བྱུང་།   ཡིན་ན་ཡང་། ལོ་ངོ་བདུན་ཡས་མས་སུ་སོན་སྐབས་སྙིང་རྗེ་དང་ཡ་ང་མེད་པའི་མིག་ནད་ ( Retinal)ཅིག་གིས་ཟིན་རྗེས། དྲིན་ཆེན་ཕ་མས་སྨན་ཁང་དུ་བསྟེན་གཏུགས་དང་ཐབས་ཤེས་ལན་མང་བྱས་ཀྱང་བཅོས་ཐབས་མ་རྙེད་པར། ཤོག་བུ་སྣུམ་ཟོས་ཀྱི་དཔེ་ལྟར། དལ་གྱིས་མིག་ནད་དེས་མིག་གཉིས་ཡོངས་སུ་དབང་བསྒྱུར་གྱིས། མཐར་ལྷད་མེད་པའི་ཁོང་མོའི་འཛུམ་མདངས་དང་སྤྲོ་སྣང་མཐའ་དག་བཅོམ་སྟེ། རང་ལོ་༡༢ཐོག་སྡུག་བསྔལ་གྱིས་ཁེངས་པ་དང་འཇིགས་ཤིང་སྐྱི་གཡའ་བའི་ལོང་བའི་མུན་ནག་གི་འཚོ་བའི་ཀློང་དུ་བརྫངས།

ཡིན་ན་ཡང་།    མོ་རང་ལོང་བར་འགྱུར་རྒྱུ་ཡིན་པ་ཕ་མས་སྔ་ས་ནས་ཤེས་རྟོགས་བྱུང་བས།   ཆུ་བུར་ཅན་གྱི་མིག་གཉིས་ལོང་བར་གྱུར་ཏེ་མུན་ནག་ཏུ་འཚོ་དགོས་ངེས་ཀྱང་། འབྱུང་འགྱུར་གྱི་ལོ་ཟླའི་ཁྲོད་ཁོང་མོའི་ཡིད་ཀྱི་མེ་ལོང་ངོར།  མཛེས་ཤིང་ཡིད་དུ་འོང་བའི་འཇིག་རྟེན་གྱི་སྣང་བ་དག  ཉིན་བྱེད་ཀྱི་གཟི་འོད་བཞིན་རྟག་ཏུ་མི་ནུབ་པའི་ཆེད། འཛམ་གླིང་ཤར་ནུབ་ཀྱི་ཆེས་མཛེས་སྡུག་ལྡན་པ་དང་ཡིད་འོང་ངོ་མཚར་བའི་ཡུལ་ལུང་དང་། རྒྱལ་ཁབ་མང་པོར་ཁོང་མོའི་འདོད་བློ་ལྟར་ལྟ་སྐོར་དུ་ཁྲིད་འདུག བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ལོང་བ་ཞིག་གི་སྐྱེ་བ་བླངས་ཚེ། སྤྱི་ཚོགས་ཀྱིས་མི་གྲལ་དུ་མི་འཇོག་པར་མ་ཟད། ད་དུང་ཁྱིམ་ཚང་གི་ཁུར་པོ། ཞེས་པའི་ཞྭ་ནག་ཅིག་གཡོགས་ནས་ཚེ་གང་།  སྡིག་དམོད་འོག་ནས་འཚོ་དགོས་པའི་སྐྱོ་ལྷང་ལྷང་གི་དྲང་བདེན་མེད་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཀྱང་ལུས་ཡོད།

ཡིན་ན་ཡང་།     སྤྱི་ཚོགས་ཡར་རྒྱས་དང་ཤེས་ཡོན་ཅན་གྱི་ཡུལ་ལུང་དུ་དེ་ལས་ལྡོག་སྟེ། ལོང་བ་རྣམས་ནི་མིག་མེད་པ་ཙམ་མ་གཏོགས།  མིག་ལྡན་ལས་བློ་རྩེ་བརྟན་པའི་ལྟ་ཚུལ་དང་། མི་ཡིན་པའི་འདུ་ཤེས་གཅིག་མཚུངས་དང་འདྲ་མཉམ་གྱི་ཁོར་ཡུག་ཡོད་པའི་ཁར། གོ་སྐབས་སྣ་ཚོགས་དང་སློབ་སྦྱོང་གི་མཐུན་རྐྱེན་གང་ཐུབ་ཀྱིས་སྦྱར་སྲོལ་ཡོད། དཔེར་ན། ལོང་བའི་སྦྱོང་བརྡར་ལྟེ་གནས་སོགས་དམིགས་བསལ་གྱིས་གོ་སྒྲིག་ཡོད་པ་དང་། སློབ་གྲྭ་དང་མཐོ་སློབ་འགྲིམས་པའི་ཁོར་ཡུག་ཀྱང་ཡོད་པར་བརྟེན།  ཁོང་མོ་ཕྱིས་སུ་འཇར་མན་གྱི་བྷོན་མཐོ་སློབ་ ( University of Bonn ) ཏུ་དབུས་ཨེ་ཤ་ཡའི་རིག་གཞུང་དང་། སོག་ཡིག སྒོས་སུ་བོད་ཀྱི་ཆོས་དང་ལོ་རྒྱུས་སོགས་ལ་སློབ་གཉེར་གནང་སྟེ་རབ་འབྱམས་པའི་ཕྱག་ཁྱེར་ལེན་ཐུབ་ཡོད་པར་མ་ཟད། བོད་རིག་པ་བ་ཚད་ལྡན་ཞིག་ཀྱང་རེད་འདུག

( བྷོན་མཐོ་སློབ་ ( University of Bonn )

ཁོང་མོ་མ་གཏོགས་དེ་སྔ་ལོང་བ་སུ་གཅིག་གིས་ཀྱང་སློབ་གཉེར་དེ་ལྟར་བྱས་མྱོང་མེད་ཅིང་། དེ་ཡང་ལོ་མང་རིང་དཀའ་སྤྱད་དང་སྙིང་རུས་ཁོ་ནར་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་སློབ་ཚན་དག་ལོང་ཡིག་བརྒྱུད་སློབ་གཉེར་བྱེད་པའི་ཆ་རྐྱེན་ཚང་མ་ཁོང་མོ་རང་ཉིད་ཀྱིས་གསར་བཟོ་དང་ཐབས་ཤེས་བྱས་འདུག[1]

འདིར་ཁོ་བོས་ཤེས་འདོད་པ་ཞིག་ནི། ཁོང་མོར་བོད་ཀྱི་རིག་གནས་དང་། ལྟ་གྲུབ་ཀྱི་སྐོར་ལ་ཐོག་མར་དོ་སྣང་སླེབས་ཚུལ་དང་། སློབ་གཉེར་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་ཡིན་ཡང་། དཔྱད་གཞིའི་ཡིག་ཆ་རང་བློ་ཚིམས་པ་ཞིག་ཇི་བཞིན་མ་རྙེད་པས་འདིར་མ་བཀོད། 

བོད་ཡིག་གི་ལོང་ཡིག་གསར་བཟོས་ཀྱི་ལམ་བུ།

མཛངས་མ། སཱ་བྷི་ཡཱ་ (Sabriye Tenberken) ཡིས་མཐོ་སློབ་ཏུ་བོད་དང་འབྲེལ་བའི་ལོ་རྒྱུས་དང་ལྟ་གྲུབ་ལ་སློབ་གཉེར་བྱེད་བཞིན་པའི་སྐབས་ཤིག་ལ། བོད་དུ་བོད་ཡིག་གི་ལོང་ཡིག་མེད་སྐོར་གྱི་མི་སྙན་པའི་གཏམ་ངན་རྣ་བར་སོན་དུས། རྣ་བ་ཡོངས་སུ་གཤགས་པ་ལྟ་བུའི་སྐྱོ་སྣང་གིས་མིག་ཟུང་མཆི་མས་བརླན། དེ་ནི་མོ་རང་གི་ངག་ཐོག་ནས་ལོང་བའི་སྡུག་བསྔལ་ཕྲེང་བར་བགྲངས་པ་ལྟ་བུ་མ་ཡིན་པར། མྱོང་ཐོག་ནས་ལོང་བར་ལོང་ཡིག་མེད་པའི་སྡུག་བསྔལ་དངོས་སུ་མྱོང་བ་དང་། ལོང་བ་རྣམས་ཀྱིས་སྤྱི་ཚོགས་ཀྱི་ལེགས་ཉེས་དང་། འཇིག་རྟེན་དཀར་ངོགས་མཐོང་བའི་བརྒྱུད་ལམ་ཉག་གཅིག་དང་། ཆེས་མཐའ་མཇུག་གི་ཐབས་ལམ་ལོང་ཡིག་ཀྱང་མེད་པའི་རྒྱུ་མཚན་གྱིས་རེད་འདུག ད་དུང་བོད་དུ་ལོང་བ་རྣམས་ལ་སྤྱི་ཚོགས་ཀྱི་ལྟ་སྟངས་དང་སྐྱོང་སྟངས་ནི། སྤྱི་ཚོགས་དང་ཁྱིམ་ཚང་གི་ཁུར་པོ་ལྟ་བུར་བརྩིས་ནས། སྤྱི་ཚོགས་དང་ཁྱིམ་ཚང་ལས་ལོགས་སུ་དགར་བར་མ་ཟད། ཐ་ན་རང་གི་ཤ་ལས་ཆད་པའི་བུ་ཕྲུག་ཚོའི་དཀྱིལ་ནས་ཀྱང་།  མར་ནང་གི་སྤུ་བཏོན་པ་ལྟར་ཁེར་རྐྱང་དུ་འཇོག་པ། དེའི་ཐོག་ཏུ།  ལས་ངན།  ཞར་གོག བསོད་ཟད། ཅེས་དམའ་འབེབས་དང་སྡིགས་མོས་ལོ་ཟླ་དང་འགྲོགས་ནས་འཚོ་བ་སྐྱེལ་དགོས་པའི་སྐྱོ་ལྷང་ངེའི་གནས་ཚུལ་རྣམས་གོས་རྗེས།[2]བོད་ཀྱི་བྱིས་པ་ལོང་བ་རྣམས་ཀྱི་སྡུག་བསྔལ་དང་དཀའ་ངལ་དག་ཁོང་མོས་ངེས་པར་སེལ་ཐུབ་པ་བྱེད་དགོས་སྙམ་པའི་ཆོད་སེམས་དང་ཕན་སེམས་ཀྱི་འདུན་པའི་སྐྱ་རེངས་དེ་ཐོག་མར་ཤར་འདུག

ཕྱི་ལོ། ༡༩༩༢ ཏེ། ཁོང་མོ་ལོ་ཉེར་གཉིས་ལ་སོན་སྐབས། སྙིང་རུས་དང་དཀའ་སྤྱད་ཡུན་རིང་དུ་བསྟེན་ནས་འཇར་མན་གྱི་ལོང་ཡིག་གི་རིག་པའི་འགྲོས་ལ་གཞི་བཅོལ་ཐོག[3]བོད་ཡིག་གི་ལོང་ཡིག་གསར་བཟོ་བྱས། དེ་ནི་ཕྱོགས་གཅིག་ནས། ཐོན་མི་ཨ་ནུའི་རྣམ་དཔྱོད་ལས་འཁྲུངས་པའི་བོད་ཡིག་ཀ་མད་སུམ་ཅུ་དང་དབྱངས་ཡིག་བཞིའི་མཛད་འཕྲིན་གྱི་སྒོ་འཕར་ཡངས་པོར་ཕྱེས་ནས་བོད་ཡིག་གི་ལོང་ཡིག་གི་ལམ་པོ་ཆེ་ཞིག་གསར་གཏོད་དང་།   གཉིས་ནས།  བྱང་ཕྱོགས་འདིར་སྐྱེས་ཤིང་། འཚར་བའི་ལྷད་མེད་དྭངས་གཙང་གི་བོད་ཀྱི་བྱིས་པ་ལོང་བ་རྣམས་ཀྱི་ཡིད་ངོར་ནམ་ཡང་གཟིམ་དུ་མེད་པའི་གསེར་གྱི་མར་མེ་ཚེ་འབར་ཞིག་སྒྲོན་འགོ་བཙུགས་པ་རེད།

ཁོང་མོ་ནི་ལོང་བ་ཞིག་དང་། ཁོང་མོས་བོད་ཡིག་གི་ལོང་ཡིག་ཇི་ལྟར་གསར་གཏོད་བྱས་པའི་བརྒྱུད་རིམ་ཆ་ཚང་ལ་ཞིབ་འཇུག་བྱེད་པའི་ཆ་རྐྱེན་ད་ཐེངས་མ་འཛོམས་ཀྱང་། མིག་ལྡན་ཞིག་གིས་འཇར་མན་གྱི་ལོང་ཡིག་ལ་གཞི་བཅོལ་ནས་བོད་ཡིག་གི་ལོང་ཡིག་གསར་བཟོ་བྱས་པའི་བརྒྱུད་རིམ་དེ་ཕྲན་ལ་མཚོན་ན་བློ་ངོར་འཆར་བདེ་བ་ཞིག་ཡིན་ཡང་། ལོང་བ་ཞིག་གིས་ལོང་ཡིག་ཅིག་གསར་གཏོད་དང་། དེ་ཡང་བོད་དུ་ནམ་ཡང་འགྲོ་མ་མྱོང་བ་ཕྱི་རྒྱལ་བའི་ལོང་བ་ཞིག་གིས་བོད་ཡིག་གི་ལོང་ཡིག་གསར་བཟོ་བྱས་པའི་མཛངས་པའི་བློ་གྲོས་དང་རྣམ་དཔྱོད་ཀྱི་ཤེས་རབ་བཅས་ཀྱིས་ནི།  ཁོ་བོར་མཚོན་ན།  སྨྲ་བསམ་བརྗོད་བྲལ་གྱི་དབྱིངས་སུ་ཡུན་རིང་ལྷག་ཏུ་བཅུག་སོང་། ཡང་བཤད་ཚུལ་གཞན་ཞིག་གི་སྒོ་ནས་བཤད་ན།   ཧད་དེ་བའི་ངང་ཡུན་ཙམ་རིང་ལུས་སོང་།

( ཕྱི་ལོ་ ༡༩༩༢ ལོར་ཁོང་མོས་གསར་དུ་བཟོས་པའི་བོད་ཡིག་གི་ལོང་ཡིག)

ཁོང་མོས་ཕྱི་ལོ་ ༡༩༩༢ ནས་ཕྱི་ལོ་ ༡༩༩༧ ལོའི་བར། ཁྱོན་ལོ་ངོ་༥ ཙམ་རིང་བོད་ཡིག་གི་ལོང་ཡིག་ཡར་རྒྱས་དང་འཐུས་སྒོ་ཇེ་ཚང་། གཞན་བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་གཉེར་གྱིས་ལོ་ཟླ་དང་ལྷན་དུ་འགྲོགས་ཤིང་། བོད་ཀྱི་བྱིས་པ་ལོང་བ་རྣམས་ལ་དངོས་སུ་སློབ་ཁྲིད་ཀྱི་ལག་བསྟར་ཇི་ལྟར་བྱེད་དགོས་མིན་གྱི་ཕུགས་བསམ་དང་དམིགས་ཡུལ་བཟུང་ནས་ལོ་ངོ་ ༥ ཙམ་སོང་མཚམས་སུ། བོད་དུ་ལག་བསྟར་བྱེད་དགོས་སྙམ་པའི་བཟློག་ཏུ་མེད་པའི་འདུན་པ་ཤུགས་ཆེ་ཞིག་འཁྲུངས།  གཞན་གྱི་ངག་ལས་གོ་ལོ་དང་ཐོས་ལོ་ཙམ་མ་ཡིན་པར་རང་ཉིད་ཀྱིས་དངོས་སུ་རྒྱུས་ལོན་བྱེད་པའི་ཆེད་དང་། བོད་མཐོ་སྒང་གི་ས་གནས་ས་ཐོག་ཏུ་སོང་ནས་བྱིས་པ་ལོང་བ་རྣམས་ཀྱི་འཚོ་བ་དངོས་ཤེས་ཐབས་ཆེད། ལམ་ཡིག་སོགས་གྲ་སྒྲིག་གི་བརྒྱུད་རིམ་མང་པོ་ཞིག་བརྒྱུད་དགོས་བྱུང་ཡང་། སྐྱོ་སྣང་དང་ཞུམ་སེམས་སྤུ་ཙམ་མེད་པར་སྤྲོ་སྣང་དང་དགའ་བས་ཀུན་ནས་བསླངས་ཏེ་ལས་ལ་ཞུགས་འདུག

ཕྱི་ལོ་ ༡༩༩༧  ལོར་ཁོང་མོས་བོད་དུ་འགྲོ་རྒྱུའི་སེམས་ཐག་གཙང་བཅད་ཀྱིས་ལམ་དུ་ཞུགས།  ཆ་རྒྱུས་མེད་པའི་བོད་མཐོ་སྒང་དུ་ཆས་སྐབས་མཛའ་བཤེས་དང་གཉེན་ཉེ་གཅིག་ཀྱང་ལམ་གྲོགས་སུ་མ་ཁྲིད་པར། སེམས་ཕུགས་སུ་ཆོད་སེམས་དང་རེ་བ། རྒྱབ་ཏུ་ཁུག་མ་དང་ལག་ཏུ་ལོང་བའི་འཁར་རྒྱུག་ཙམ་ཐོགས་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ཕྱོགས་སུ་དགའ་སྣང་དང་བཅས་གོམ་ཁ་ཕྱོགས་འདུག

ངོ་ཤེས་གནམ་དང་ས་མ་གཏོགས་མེད་པའི་ལྷ་སའི་ནང་། ཐོག་མའི་སྐབས་གྲོང་གསེབ་ཁག་ཏུ་བྱིས་ལོང་བ་འགའ་དང་ཐུག་འཕྲད་ཀྱིས། ཕན་ཚུན་ཡུན་རིང་མ་ཐུག་པའི་མཛའ་བཤེས་ཤིག་གློ་བུར་ཕྲད་པ་ལྟ་བུའི་དགའ་སྣང་གི་ཁྲོད་ནས། ཟད་མཐའ་དང་རྫོགས་མཐའ་མེད་པའི་སོ་སོའི་སྡུག་བསྔལ་དག་ལག་འཇུའི་ལམ་ནས་བརྗེ་རེས་བྱེད་པ་ནས་འགོ་བཙུགས་ཏེ། བོད་ཀྱི་བྱིས་པ་ལོང་བ་ཚོའི་འཚོ་བ་དངོས་སུ་ཤེས་ཐབས་ཀྱི་ལམ་བུར་ཞུགས་འདུག

རིམ་གྱིས་བོད་ཀྱི་བྱིས་པ་ལོང་བ་དག་གི་འཚོ་བ་དངོས་དང་ཅི་ཙམ་ཐག་ཉེ་བའི་ཚོད་ཀྱིས་དམིགས་འདུན་ལ་ཇེ་ཉེ་དང་སྙིང་སྟོབས་ཇེ་ཆེར་གྱུར། ཐེངས་ཤིག་གྲོང་གསེབ་ཅིག་ཏུ་བྱིས་པ་ལོང་བ་ཞིག་ཕ་མ་གཉིས་ཞིང་ལས་སོགས་སུ་འགྲོ་དུས་ཤུལ་དུ་བྱིས་པ་ལོང་བ་དེ་ཉེས་དོགས་ཀྱིས་དུད་འགྲོ་བཏགས་པ་ལྟར་ཉལ་ཁྲིར་བཏགས་ནས་འཚོ་བཞིན་ཡོད་པའི་ཐབས་སྡུག་གི་གནས་སྟངས་ཤེས་སྐབས་བཟོད་ཐབས་མེད་ཅིང་། གནོན་མི་ཐུབ་པའི་སྐྱོ་གདུང་ཞིག་བྱུང་ནས་སྙིང་སྟོབས་དང་ཆོད་སེམས་ཆེ་རུ་དང་བརྟན་དུ་སོང་འདུག[4]

སྐབས་དེ་རང་དུ་ཁོང་མོའི་སེམས་ངོས་སུ་བོད་ཀྱི་བྱིས་པ་ལོང་བ་དག་གི་ཆེད་སློབ་གསོའི་ལྟེ་གནས་ཁང་ཞིག་གམ་ལོང་བའི་སློབ་གྲྭ་ཞིག་འཛུགས་རྒྱུའི་འདུན་པ་འགོག་མེད་དུ་ཤར་ནས། སྙིང་ཉེ་བའི་ངོ་ཤེས་འགར་སེམས་གཏིང་གི་བསམ་ཚུལ་བཤད་ཀྱང་། ཁོ་ཚོས་ཁོང་མོར་བློ་སྤོབས་དང་རྒྱབ་སྐྱོར་བྱེད་རྒྱུའི་ཚབ་ཏུ། དེ་ནི་དཀའ་ཁག་ཆེ་ཚུལ་དང་མི་སྲིད་པའི་ལས་ཤིག་ཡིན་རབས་སོགས་ཀྱི་རྒྱུ་མཚན་ལྟར་སྣང་ཕྲེང་བ་ལྟར་བགྲངས་འདུག

ཡིན་ན་ཡང་། རྒྱས་སྲས་སེམས་དཔའ་དང་སེམས་མ་དག་གིས་འགྲོ་བའི་སྡུག་བསྔལ་ཇི་ཙམ་གསལ་བོར་རྟོགས་པ་དང་ཚོར་བའི་ཚོད་ཀྱིས་སྙིང་སྟོབས་ཀྱི་གོ་ཆ་ལྷག་པར་བཞེས་ཏེ།  གཞན་གྱི་ཆེད་དུ་རང་ཉིད་ཀྱི་བདེ་བ་ནི་རྩའི་ཟིལ་བ་ལྟར་ལྟ་བ་དང་། ཐ་ན་སྲོག་འདོར་དགོས་ཀྱང་སོམ་ཉི་སྤུ་ཙམ་མེད་པ་བཞིན། ཁོང་མོས་ཀྱང་དཀའ་ཚེགས་ཀྱི་རི་བོ་དག་རྡུལ་དུ་བརླགས་ནས་བསྒྲུབ་རྒྱུའི་སེམས་ཐག་གཙང་བཅད་ཀྱིས། དཀའ་སྤྱད་དང་ལས་གཞིའི་ཁུར་ཆེན་ཐམས་ཅད་རང་ཉིད་གཅིག་པུའི་ཕྲག་ཏུ་བླངས་ཏེ།  ཕྱིར་ཕ་ཡུལ་འཇར་མན་དུ་ཐབས་ཤེས་འཚོལ་བར་ལོག 

ཟླ་ཤས་རིང་བརྒྱུད་རིམ་གྱི་འགག་སྒོ་དུ་མ་བརྒྱུད་ནས་འཇར་མན་སྲིད་གཞུང་ལ་དམིགས་ཡུལ་དང་རེ་འདུན་སོགས་ཀྱི་ལས་འཆར་གྱི་སྙན་ཞུ་ཞིག་ཕུལ་ནས་རོགས་སྐྱོར་གྱི་སྐྱབས་འཇུག་ཞུས། མི་དམངས་ལ་གཅིག་ཏུ་བརྩེ་བའི་གཞུང་གིས་ཀྱང་། ཁོང་མོའི་མངོན་འདོད་ལ་མོས་མཐུན་དང་རྒྱབ་སྐྱོར་བྱས་པས་བསམ་དོན་དང་པོ་བདེ་བླག་ངང་གྲུབ།

བོད་མཐོ་སྒང་དུ་ལོང་བའི་སློབ་གྲྭ་གསར་འཛུགས།

ཕྱི་ལོ་ ༡༩༩༨ ལོར་ཁོང་མོའི་བཟའ་ཟླ་དང་ལྷན་དུ་ལྷ་སར་གཞི་སྤོས། ཉམ་ཐག་པའི་བྱིས་པ་ལོང་བ་དག་གི་ཆེད་དུ་འཛུམ་དགོས་སར་འཛུམ་དང་། ངུ་དགོས་སར་ངུས་ནས་ཐབས་བརྒྱ་ཇུས་སྟོང་གིས་ལྷ་སའི་དབང་པོ་སྐྱོན་ཅན་ཚོགས་པའི་འོག་ནས། ལོ་དེར་ལྷ་ས་གྲོང་ཁྱེར་ནང་ཐོག་མར་བོད་ཀྱི་བྱིས་པ་ལོང་བའི་ལྟེ་གནས་ཁང་ཞིག་གསར་འཛུགས་དང་། དེ་ནས་ཐེག་པ་རིམ་འཛེགས་ཀྱིས་དཀའ་ཁག་དུ་མ་བརྒྱུད་ནས་ཕྱི་ལོ་ ༢༠༠༢ ལོར་ལྟེ་གནས་ཁང་དེ་རྒྱལ་མཚམས་མེད་པའི་ལོང་ཡིག་ཚོགས་པ་( Braille Without Borders) ཞེས་པར་བསྒྱུར་ནས།  ཚོགས་པ་ཚད་ལྡན་ཞིག་ཏུ་གྱུར། 

རིམ་གྱིས་གྲོང་དང་གྲོང་ཁྱེར་སོགས་ནས་བྱིས་པ་ལོང་བ་གང་ཐུབ་འཚོལ་བསྡུ་བྱས། གང་རྙེད་པ་རྣམས་རེ་རེ་བཞིན་ལོང་བའི་སློབ་གྲྭར་བཅུག འགོ་སྟོད་དུ་ཁོང་མོ་རང་ཉིད་ཀྱིས་བུ་ཕྲུག་རྣམས་ལ་དངོས་སུ་ལོང་ཡིག་སློབ་ཁྲིད་གནང་བ་དང་། དེ་ནས་ལོང་བའི་གྲས་ནས་རྒན་པ་དང་བློ་རིག་བཀྲ་བ་ཞིག་ལ་ཆེད་མངགས་ལོང་བའི་དགེ་རྒན་དུ་སྦྱོང་བརྡར་སྤྲད་ནས་གསོ་སྐྱོང་བྱས་ཏེ། སྨག་དོང་དུ་ཡུན་རིང་ལུས་པའི་ཉམ་ཐག་པའི་བྱིས་པ་ལོང་བ་དག་གི་མི་ཚེར་གསེར་གྱི་མར་མེ་ཚེ་འབར་ཞིག་ཐོག་མར་སྒྲོན་ཐུབ་པ་བྱུང་འདུག  ལོང་བའི་ལྟེ་གནས་ཁང་དེ་ཡང་ཐོག་མར་བྱིས་པ་ལོང་བ་ལྔ་ནས་འགོ་ཚུགས་ཏེ།[5] མཐར་ལོང་བ་བརྒྱ་ཕྲག་གཅིག་ཙམ་ལ་བོད་རྒྱ་དབྱིན་གསུམ་གྱི་ལོང་ཡིག་སྦྱོང་སའི་བོད་མཐོ་སྒང་གི་ལོང་བའི་སློབ་གྲྭ་ཚད་ལྡན་ཞིག་ཏུ་གྱུར་འདུག

( ཁོང་མོས་བཙུགས་པའི་རྒྱལ་མཚམས་མེད་པའི་ལོང་ཡིག་ཚོགས་པའི་མདུན་དུ་བཟའ་ཟླ་དང་ལྷན།)
( ཁོང་མོས་བྱམས་སྐྱོང་འོག་ནས་འཚོ་བཞིན་པའི་བོད་ཕྲུག་ལོང་བ་རྣམས།)
( ཁོང་མོས་དངོས་སུ་བོད་ཕྲུག་ལོང་བ་རྣམས་ལོང་ཡིག་སློབ་བཞིན་པ།)
བོད་ཕྲུག་རྣམས་དགའ་བའི་གླུ་དབྱངས་སོགས་ལོ་རོལ་བཞིན་པ།

བྱིས་པ་ལོང་བ་རྣམས་ཀྱིས་བོད་ཡིག་གི་ལོང་ཡིག་སོགས་འབྲི་ཀློག་ཤེས་པ་ཙམ་གྱིས་དཀའ་ཚེགས་སྤྱི་དང་། དྲང་བདེན་མེད་པའི་སྤྱི་ཚོགས་ཁྲོད་ཀྱི་འཚོ་བ་དངོས་ལ་འགྱུར་ལྡོག་དང་ཕན་ཐོགས་དེ་ཙམ་མེད་པས། འཚོ་བར་ཁ་ཡོད་ལག་ཡོད་ཀྱིས་ཕན་པའི་ཆེད། ཐབས་ཤེས་དང་འབད་བརྩོན་རྒྱུན་མར་བསྟེན་ནས། གཞིས་ཀ་རྩེར་ལོང་བའི་ལག་རྩལ་སྦྱོང་བརྡར་ཁང་ཞིག་གསར་བཙུགས་ཀྱིས། དུད་འགྲོ་གསོ་སྐྱོང་དང་ཚལ་ཞིང་འདེབས་ལས། འཕུར་མཉེད། གློག་ཀླད། སླེལ་པ་སླེ་སྟངས། ཕྱུ་ར་དང་མཛེས་རྩལ་བཟོ་སྟངས་སོགས་སློབ་ཁྲིད་ཀྱིས། ཚེ་གང་གཞན་གྱིས་ཅི་སྤྲད་དང་ཅི་བཤད་ལ་བརྟེན་ནས་འཚོ་མི་དགོས་པར། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་མིག་ལྡན་དག་དང་འདྲ་མཉམ་གྱིས་སྤྱི་ཚོགས་ཁྲོད་དུ་མགོ་བཀྱགས་ནས་རང་དབང་གི་སྒོ་ནས་འཚོ་ཐུབ་པའི་ལམ་ཆེན་ཞིག་གསར་དུ་བཏོད་འདུག[6]  

ཁོང་མོས་རྟག་ཏུ་བརྗོད་དོན། ང་ཚོ་ལོང་བ་ཡིན་བདེན་མོད་ཀྱང་། ང་ཚོ་ལྐུགས་པ་མིན། ནམ་ཡང་ལྐུགས་པ་མིན། མིག་ལྡན་བྱིས་པ་ལས་ང་ཚོའི་བློ་རིག་ཕྲ་བ་དང་། བློ་རྩེ་རྟག་ཏུ་མྱུར་བར་མ་ཟད། ཕྱི་ཁྲ་ཁྲ་ཟང་ཟིང་གི་བསླུ་བྲིད་མེད་པས། རྗོད་བྱེད་ཀྱི་ཚིག་དག་བློ་འཛིན་བྱེད་པ་མགྱོགས་པ་དང་། བརྗོད་བྱའི་དོན་རྟོགས་པ་མྱུར་བ་ཡོད། གཞན་གྱི་བྱ་སྤྱོད་དང་རྣམ་འགྱུར་ལ་བསྟུན་ནས་ཚུལ་འཆོས་ཀྱི་ཟློས་གར་འཁྲབ་མི་དགོས་པར་གཞན་ལ་ལྷག་བསམ་དཀར་གཙང་གི་ཐོག་ནས་འགྲོགས་འདྲིས་ཐུབ་པའི་ཁྱད་ཆོས་ཡོད།  ཅེས་གདེང་སྤོབས་ཆེན་པོས་སྨྲ་བར་བྱེད་ཅིང་།[7] 

སྤྱི་ཚོགས་ཀྱི་སྣང་ཆུང་དང་། མཐོང་ཆུང་གི་འཐབ་ར་དང་།  བདག་གིས་མི་ཐུབ་པ་དང་།   མི་འཇོན་སྙམ་པའི་རང་ཉིད་ལ་བརྙས་པའི་ལེ་ལོའི་གཡུལ་ས་ལས་ཡོངས་སུ་རྒྱལ་བའི་རྒྱལ་མཚན་རྟག་ཏུ་རང་གཞན་གྱི་མདུན་སར་ཞུམ་མེད་ཀྱིས་སྒྲེང་མཁན་མིང་དོན་མཚུངས་པའི་མཛངས་མ་ཞིག་རེད་འདུག

( གཞིས་ཀ་རྩེར་བཙུགས་པའི་ལོང་བའི་ལག་རྩལ་སྦྱོང་བརྡར་ཁང་།)

ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་ལྷོ་ཕྱོགས་སུའང་རྒྱ་གར་བྱིས་པ་ལོང་བ་དག་གི་ཆེད་ལོང་བའི་ལྟེ་གནས་ཁང་དང་ལོང་བའི་སློབ་གྲྭ་ཞིག་གསར་བཙུགས་ཀྱིས། ཕྱོགས་དང་རིས་སུ་མ་ཆད་པའི་མགོན་དང་རེ་ས་མེད་པའི་བྱིས་པ་ལོང་བ་རྣམས་ལ་བྱམས་བརྩེས་གཟིགས་སྐྱོང་དང་བདག་སྐྱོང་གནང་འདུག

བྱང་སེམས་ཅན་གྱི་མཛངས་མ་ཁོང་མོས་ལོ་ངོ་བཅུ་ཕྲག་གཉིས་ལྷག་རིང་། བོད་དང་རྒྱ་གར་སོགས་སུ་མགོན་སྐྱབས་བྲལ་ཞིང་། བདག་མེད་དུ་ལུས་པའི་བྱིས་པ་ལོང་བ་དག་གི་མགྲིན་ཚབ་པ་བྱས་ནས་ཁོ་ཚོའི་བདེ་སྡུག་གི་ཆེད་མཛད་རྗེས་རླབས་ཆེན་གང་མང་བཞག་པར་བརྟེན།  ཕྱི་ལོ་  ༢༠༠༠ ལོ་ནས་བཟུང་སྟེ་ཕྱི་ལོ་ ༢༠༡༢ ལོའི་བར་ཤར་ནུབ་ཀྱི་རྒྱལ་ཁབ་འདྲ་མིན་དང་། གཞུང་སྒེར་གྱི་ཚོགས་པ་ཆེ་ཆུང་མང་པོ་ཞིག་གིས་ཁོང་མོར་མིང་དུ་གྲགས་པའི་གཟེངས་བསྟོད་ཀྱི་དཔང་ཡིག་དང་། རྟགས་མ་གྲངས་ ༢༦ ཕུལ་འདུག

ཕྱི་ལོ་ ༢༠༠༠ ལོར་ཁོང་མོས་བོད་ཡིག་གི་ལོང་ཡིག་ཇི་ལྟར་བཟོས་པ་དང་། བོད་དུ་ལོང་བའི་སློབ་གྲྭ་ཇི་ལྟར་གསར་འཛུགས་བྱས་པའི་ལམ་བུ་དང་འབྲེལ་ནས།  ངའི་ལམ་བུས་བོད་དུ་ཁྲིད་པ། (  My Path Leads To Tibet )  ཞེས་པའི་དཔེ་དེབ་ཅིག་འབྲི་འགོ་བཙུགས་ནས།  ཕྱི་ལོ་ ༢༠༠༣ ལོར། ལེའུ་ ༣༢ དང་། ཤོག་གྲངས་ ༢༨༤ བདག་ཉིད་ཅན་གྱི་དཔེ་དེབ་འདི་དངོས་སུ་རྒྱལ་སྤྱིའི་ནང་འགྲེམས་སྤེལ་བྱས། རྒྱལ་སྤྱིའི་དཔེ་དེབ་རྩེ་གྲས་དང་། ལྷག་པར་དུ་སྤྱི་ཚོགས་ཁྲོད་བློ་སྤོབས་བྱིན་པའི་དེབ་རྩེ་གྲས་སུ་ཚུད་ནས་རྟགས་མའང་ལན་མང་ཐོབ་འདུག

( ངའི་ལམ་བུས་བོད་དུ་ཁྲིད་པ། (  My Path Leads To Tibet )  ཞེས་པའི་དཔེ་དེབ།)
( ལོང་ཡིག་གི་མཛུབ་གནོན་འཕྲུལ་ཆས།)

ཕྱི་ལོ་ ༢༠༠༤ ལོར་ཁོང་མོས་བོད་ཀྱི་བྱིས་པ་ལོང་བ་དྲུག་ཁྲིད་དེ། གཞན་ཉམས་མྱོང་ཅན་གྱི་རི་འཛེག་པ་འགའ་དང་ལྷན་དུ། འཛམ་གླིང་གི་རི་བོ་ཐམས་ཅད་ཀྱི་ཏོག་ཇོ་མོ་གླང་མའི་ནུབ་རྒྱུད་དུ་ཆགས་པའི་ལྷག་པ་རི་ཞེས་པའི་རི་རྩེར་འཛེགས་ནས། སྨི་ ༢༣༠༠༠ བར་འཛེགས་ཏེ་འཛམ་གླིང་དུ་ཟིན་ཐོ་གསར་པ་ཞིག་བསྐྲུན། འཛམ་གླིང་ཤར་ནུབ་ཀྱི་ལོང་བ་རྣམས་ཀྱི་སྙིང་སྟོབས་དང་ཆོད་སེམས་མཚོན་པར་བྱས་པར་མ་ཟད། བོད་ཀྱི་བྱིས་པ་ལོང་བ་རྣམས་ལའང་བློ་སྤོབས་དང་རེ་བའི་སྒོ་མོ་གསར་པ་ཞིག་ཕྱེ།  ལོ་ངོ་གཉིས་ཀྱི་རྗེས་དེའི་སྐོར་དངོས་བྱུང་གི་གློག་བརྙན། ལོང་བའི་འོད་སྣང་  ( BlindSight) ཞེས་པ་ཞིག་ཀྱང་བཟོས་འདུག[8]

( བོད་ཕྲུག་ལོང་བ་རྣམས་རི་ལ་འཛེག་སྐབས།)
( བོད་ཕྲུག་ལོང་བ་རྣམས་རི་ལ་འཛེག་སྐབས།)
རྒྱལ་སྤྱིའི་གློག་བརྙན་རྩེ་གྲས་སུ་ཚུད་པའི་(ལོང་བའི་འོད་སྣང་  ( BlindSight) ཞེས་པའི་གློག་བརྙན།

ཐོ་རངས་སྐར་ཆེན་ཞིག་ཤར་ཕྱོགས་སུ་གཟིམ་པ།

སེམས་སྐྱོ་ཞིང་ཡི་ཆད་དགོས་པ་ཞིག་ལ། ཕྱི་ལོ་ ༢༠༡༧ ལོར་ཁོང་མོའི་ལྷ་སའི་ལམ་ཡིག་གི་དུས་ཡུན་རྫོགས་རྗེས། རྒྱུ་མཚན་སྣ་ཚོགས་ལ་ཁག་དཀྲིས་ཏེ་ལམ་ཡིག་ཕར་འགྱངས་མུ་མཐུད་མ་བྱས་པར་བརྟེན། མི་ལོ་ ༢༠ ལྷག་རིང་ཉིན་མོའི་ཟས་དང་། མཚན་མོའི་གཉིད་བཅག་སྟེ་ལྷག་བསམ་ཟོལ་མེད་ཀྱིས་བསྐྱངས་པའི་ལོང་བའི་སློབ་གྲྭ་དང་། ལག་རྩལ་སྦྱོང་བརྡར་ཁང་།ལྷག་ཏུ་མ་བུ་ལྟ་བུའི་ཕན་ཚུན་བརྩེ་སེམས་ཟབ་པའི་བྱིས་པ་ལོང་བ་རྣམས་བཞག་ནས་བོད་ནས་འགྲོ་དགོས་བྱུང་འདུག

ཕྱིས་སུ་ཕྱིར་ལོང་བའི་གཞིས་ཁྱིམ་དུ་ལོག་ཐུབ་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་མ་རྙེད་ཀྱང་། ཁོང་མོ་ནི་བྱང་ཕྱོགས་བོད་མཐོ་སྒང་གི་མཁའ་དབྱིངས་སུ་ནམ་ཡང་ནུབ་ཏུ་མེད་པའི་འོད་སྣང་ཞིག་དང་། ནུབ་ཀྱི་ཕྱོགས་ནས་ཤར་ཞིང་། བྱང་གི་ཕྱོགས་ལ་གཟི་འོད་བྱིན་ཏེ། ཤར་གྱི་ཕྱོགས་སུ་གཟིམ་པའི།  བོད་མཐོ་སྒང་དུ་སྔར་འཆར་མ་མྱོང་བའི་ཐོ་རངས་སྐར་ཆེན་ཞིག་ཀྱང་ཡིན།

ལྷག་ཏུ་བོད་ཀྱི་དྭངས་གཙང་ལྷད་མེད་ཀྱི་བྱིས་པ་ལོང་བ་དག་གི་ཡིད་ངོར། སྨག་ལ་བཏེགས་པའི་སྒྲོན་མེ་ཚེ་འབར་གྱི་ངོ་བོར་རྟག་ཏུ་གནས་ཡོད་པ་ནི་སྨོས་མེད་དང་།   དེ་ལྟར་གནས་ཀྱང་དགོས་ལ།  དེ་ལྟར་བསྐལ་བའི་བར་དུ་གནས་པར་གྱུར་ཅིག་གུ

ཐོལ་བྱུང་གི་ཚོར་བ།

རང་རེའི་མི་རིགས་འདི་ལ་ཞེན་པ་དཀར་བའི་བསམ་ཡོད་དང་འཇོན་ཐང་ཅན།  ཐབས་ཤེས་ཀྱི་གཤོག་ཟུང་རབ་ཏུ་རྒྱས་པའི་རྩམ་གཟན་ཞིག་ཡིན་ཚེ། ཁོང་མོ་ལྟ་བུའི་དཔའ་ལ་མཛངས་པའི་གསར་གཏོད་ཀྱི་ལས་ཤིག་བྱེད་མ་ཐུབ་ཀྱང་། མདོ་དབུས་ཁམས་གསུམ་དུ་ལྷད་མེད་དྭངས་གཙང་གི་བྱིས་པ་ལོང་བ་ཇི་སྙེད་ཅིག་ཡོད་པ་ནི། རང་རེའི་མིག་གིས་མཐོང་ཞིང་། རྣ་བས་ཐོས་བཞིན་ཡོད་པས། གྲོང་དང་གྲོང་ཁྱེར་ས་འདུས་ཆེ་ཁག་ཏུ་ལོང་བའི་སློབ་གྲྭ་དང་ལག་རྩལ་སྦྱོང་བརྡར་རེ་འཛུགས་ཐུབ་ན། ཆོས་དང་འཇིག་རྟེན་གང་ནས་བསམས་ཀྱང་དེའི་ཕན་ཡོན་ནི། གལ་ཏེ་གཟུགས་སུ་གྲུབ་པའི་དབང་དུ་བྱས་ན་སྟོང་གསུམ་དུའང་ཤོང་མི་སྲིད་སྙམ།

རྟག་ཏུ་མི་རིགས་གཞན་ཞིག་ང་ཚོའི་སྤྱི་ཚོགས་ཁྲོད་དུ་ཡོང་སྟེ་ལས་འགུལ་ཆེ་ཆུང་སྣ་ཚོགས་འགོ་འཛུགས་ཀྱིས། ཅོང་བརྡ་བརྡུངས་ནས་གཉིད་ལས་སད་དུ་འཇུག་མི་དགོས་པར། སྐབས་རེ་ང་ཚོའི་ངོས་ནས་ཀྱང་རིག་པ་བསྒྲིམས་ཏེ་གསར་གཏོད་དང་། སྤྱི་ཚོགས་ལ་ཕན་པའི་ལས་འགུལ་ཆེ་ཆུང་འདྲ་མིན་སྤེལ་ཐུབ་ཚེ། ད་གཟོད་རང་རེའི་མི་རིགས་འདི་མི་རིགས་གཞན་གྱི་གྲལ་དུ་མགོ་བོ་ཡར་འགྱོག་ཐུབ་པ་དང་གཟི་བརྗིད་ལྡན་པའི་མི་རིགས་ཤིག་ཏུ་རློམ་རིགས། དེ་འདྲ་ཅི་ཡང་མེད་པར་མགོ་བཀྱགས་ནས་སྨྱོ་རྒྱུག་བྱེད་པ་ནམ་ཡང་གཟི་བརྗིད་དུ་མི་བརྩིའོ། །

དོན་གྱི་སྙིང་པོ་ནི། མདོ་དབུས་ཁམས་གསུམ་དུ་ཅི་བྱ་གཏོལ་མེད་དུ་ལུས་པའི་རང་རེའི་བྱིས་པ་ལོང་བ་རྣམས་ལ་སྙིང་རྗེ་རེ་གཟིགས་ནས། ལོང་བའི་སློབ་གྲྭ་དང་ལྟེ་གནས་ཁང་རེ་འཛུགས་རྒྱུའི་རེ་བ་ཞུ།

ཞེས་བྱང་ཕྱོགས་བོད་མཐོ་སྒང་གི་བྱིས་པ་ལོང་བ་རྣམས་ཀྱི་ཆེད། སྐུ་ངལ་ཚད་མེད་སྐྱོན་མཁན་མཛངས་མ་སཱ་བྷི་ཡཱ་ ( Sabriye Tenberken ) ཡི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ།   རྒྱལ་བའི་ཕོ་བྲང་གི་ཉེ་འདབས་ནས།  ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས།  ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༣ ཉིན་ལ།

སྨྲས་པ། སྲོང་བཙན་སྒམ་པོས་བཀའ་ཡིས་མ་བསྐུལ་ཞིང་། །གདོང་དམར་བྷོ་དྲའི་ཁྲག་རྒྱུན་མ་མ་འདྲེས་ཀྱང་། །ཁ་བ་ཅན་གྱི་སྡུག་བསྔལ་ཁུར་ཆེན་ཞིག །མཛངས་མ་ཁྱེད་ཀྱིས་བདག་གིར་བཞེས་པ་རྨད། །བྱང་ཕྱོགས་འདི་ཡི་ཡི་གེའི་བྱེད་པོ་ཉིད། །སློབ་དཔོན་ཨ་ནུའི་རིག་རྩལ་འཕྲུལ་ལས་ཀྱང་། །འཁྲུང་པར་མ་གྱུར་ངོ་མཚར་རིག་པ་ཞིག། །མཛངས་མ་ཁྱེད་ཀྱིས་བསྐྲུན་པ་ཨེ་མ་མཚར། །ཐོན་མིས་གངས་ཅན་སྐྱེ་འགྲོའི་མིག་ལྡན་ལ། །ཀ་མད་སུམ་ཅུའི་ཤེས་རབ་གནང་བ་དང་། །མཛངས་མ་ཁྱེད་ཀྱིས་མིག་ལྡོང་བྱིས་པ་ལ། །ལོང་ཡིག་སྤྱན་ཟུང་བྱིན་པའི་མཛད་བཟང་གཉིས། །སྨག་ལ་སྒྲོན་མེ་བཏེགས་པར་ཁྱད་མེད་ཀྱང་། །ཁྱེད་ཀྱི་སྙིང་སྟོབས་དགུ་འགྱུར་ལྷག་པ་ཞེས། །བསྟོད་པའི་ཚིག་བཟང་སྔོན་མེད་རྔ་བོ་ཆེ། །མདོ་དབུས་ཁམས་སུ་སྒྲོག་ལ་རབ་ཏུ་སྤྲོ། །ཤེས་རབ་སྤྱན་གྱིས་མིག་ལྡན་འཁྲིད་པའི་ཚུལ། །སྔོན་གྱི་སྲོལ་བཟང་ཡིན་པས་མཚར་དུ་ཅི། །མིག་མེད་ཁྱེད་ཀྱིས་ལོང་བའི་འཁོར་ཚོགས་ཤིག།བདེ་བར་ཁྲིད་པའི་སྔོན་མེད་མཛད་བཟང་ལ། །བསམ་བཞིན་ངོ་མཚར་མི་སྐྱེ་དཔྱོད་ལྡན་དང་། །བྱས་ཅན་དྲིན་དུ་མི་གོ་རྩམ་གཟན་སུ། །དེའི་ཕྱིར་བྷོ་ཌའི་ལྗོངས་ཀྱི་སྐྱེ་རྒུ་ཡིས། །ཁྱེད་ཉིད་མར་མེ་ཚེ་འབར་ཞིག་ཏུ་མཐོང་། །


[1]      www.climbingblin.org/Team/sabriye_tenberken.icm

       web.archive.org/sabriye tenberken

[2]    www.nationalgeographic.com/sabriye tenberken/

[3]   wap.tibet.cn

[4]    www.nationalgeographic.com/sabriye tenberken/

[5]      www.en.m.wikipedia.org/sabriye tenberken

[6]      www.nationalgeographic.com/sabriye tenberken/

[7]      www.nationalgeographic.com/sabriye tenberken/

[8]      www.nationalgeographic.com/sabriye tenberken/