གལ་ཏེ་རང་གི་ཚེ་ཐག་བསྟུང་ཚེ་གཞན་གྱི་རྫོགས་ལ་ཉེ་བའི་ཚེ་ཡུན་ཇེ་རིང་ལ་བཏང་ཆོག་ན།  འཇིག་རྟེན་འདིའི་སྟེང་བརྗེ་རེས་དེ་འདྲ་བྱེད་མཁན་ཏན་ཏན་ཡོད་ངེས་མོད། སོ་སོའི་ནང་མི་མ་གཏོགས་དེ་ལྟ་བུའི་བརྗེ་རེས་དོན་དམ་བྱེད་རི་བའི་གང་ཟག་ནི་མང་པོ་མེད།  འདིར་གླེང་བར་འགྱུར་བའི་སྐྱེས་བུ་འདི་ནི་དེ་ལྟ་བུའི་གདམ་ཀ་བྱེད་རི་བའི་མི་སྣ་ཞིག་ཡིན་ལ།  གལ་ཏེ་བརྗེ་རེས་དེ་འདྲ་བྱེད་ཆོག་ཚེ།  བདག་གིས་ཏན་ཏན་གདམ་ཀ་བྱེད་པར་བསམ་བློ་གཏོང་གི་རེད། འོན་ཀྱང་དེ་ལྟ་བུའི་གདམ་ཀ་དང་བརྗེ་རེས་བྱེད་ས་ག་ལ་འགྲོ  ད་ལྟ་ཁོང་ཉིད་ང་ཚོ་དང་གཏན་དུ་གྱེས་ཏེ་ཞི་བར་གཤེགས་ཟིན། ཁོང་ནི་ཡོད་ན་དེས་ཆོག་པ། མེད་ན་དེས་ཕངས་པའི་མཁས་པ་ཞིག་ཡིན་ཏེ། མཛེས་པའི་རི་ཀླུང་དང་སྡུག་པའི་སྤང་ཐང་། ཤག་ཤག་འབབ་པའི་ཆུ་བོ་ལྟ་བུའི་རང་བྱུང་བཀོད་པ་བས་ཀྱང་ངེད་ཀྱི་ཡུལ་ལུང་དེ་མཛེས་པར་བྱེད་པའི་རྒྱན་ནི་ཁོང་ལྟ་བུ་ཡིན། རྒྱུ་མཚན་དེའི་ཕྱིར། ཡོངས་གྲགས་སུ་བསེ་རུའམ། མཚན་དངོས་ལ་མཛེས་ལྡན་རྒྱ་མཚོ་རུ་འབོད་པ་ཁོང་ནི་ཡུལ་ཁམས་མཛེས་པར་བྱེད་པའི་རྒྱན་གཅིག་འབའ་ཞིག་ཏུ་གྲུབ་བོ།། 

དམ་པ་ཁོང་ནི་ངེད་ཀྱི་མི་ཚེའི་ནང་ཆེས་གལ་ཆེ་བའི་དགེ་རྒན་ཞིག་ཡིན་ཏེ།  ཁོང་ཉིད་ནས་ཕྲན་ལ་གྲུབ་མཐའ་རིན་ཕྲེང་དང་། ས་ལམ། མཚམས་སྦྱོར་ལྔ་པ། ཡོན་ཏན་གཞིར་གྱུར་མ། ལམ་གཙོ་རྣམ་གསུམ་བཅས་ཁྲིད་མྱོང་ལ།  དེ་དག་ཁྲིད་སྐབས་ཀྱང་ཐད་ཀར་ཚིག་དོན་འགྲེལ་ནས་ཟ་རྐྱང་འཐུང་རྐྱང་དུ་བཟོ་མཁན་ཞིག་མིན་པར་དོགས་སློང་དང་བཅས་ཏེ་ཁྲིད་ཅིང་། སྐབས་ལ་ལར་འདི་ལ་ཅི་བསམ། འདིའི་ཕྱོགས་ནས་རྒྱ་ནག་དང་ཕྱི་གླིང་བར་བཤད་ཕྱོགས་འདི་འདྲ་ཨེ་ཡོད་སོགས་བགྲོ་གླེང་གི་རྣམ་པས་ཀྱང་ཁྲིད་གནང་བའི་རྐྱེན། ཁྲིད་བྱ་ཙམ་མ་ཡིན་པར་འདྲ་འབྲེལ་གྱི་ཤེས་བྱ་མང་པོ་ཞིག་ལ་བློ་སྒོ་འབྱེད་ནུས་པ་ཞིག་ཡིན། 

ཁོང་ཉིད་མཁས་པ་ཆེན་པོ་ཡིན་པའི་སྟེང་ལ་ཕྲན་གྱི་དགེ་རྒན་ཡང་ཡིན་པས།  བོད་པ་ཚོས་རང་གི་དགེ་རྒན་ལ་གུས་ཞབས་བྱེད་སྲོལ་དམིགས་བསལ་བ་ཞིག་ཡོད་པ་བཞིན། བདག་གིས་ཀྱང“ཞེད་སྣང”འདྲེས་པའི་གུས་བརྩི་བྱེད་ལུགས་དེ་ག་རང་ལག་ཏུ་བསྟར།  འོན་ཀྱང་དགེ་རྒན་ཁོང་མ་གཞི་ནས་འགྲོགས་བདེ་གཤིབ་བདེ་ཡིན་ཁར། ཕྲན་ཡུན་རིང་བོར་མི་སྐྱའི་སློབ་གྲྭ་འགྲིམས་མྱོང་བར་བརྟེན་ཁོང་ནས་ནམ་རྒྱུན་བགྲོ་གླེང་བྱེད་པར་སྐུལ་ཞིང་། བགྲོ་གླེང་བྱེད་སྐབས་ཀྱང་ནང་པའི་ལྟ་གྲུབ་དང་བཤད་ཕྱོགས་འགྲེལ་ཕྱོགས། བོད་བརྒྱུད་ནང་བསྟན་གྱི་ལམ་ལུགས་ཅན་དུ་གྱུར་པའི་རིག་གནས་དཔེར་ན། སྤྲུལ་སྐུའི་ལམ་ལུགས། དགོན་སྡེའི་སློབ་གསོ་སྒྲུབ་སྟངས་སོགས་ལ་སྦ་གསང་མེད་པར་དོགས་སློང་སྐྱོན་བརྗོད་གནང་ཞིང་། ཞོར་ལ་ཀུ་རེའི་བཞད་མོ་དང་བཅས་ད་ང་ནི་ལྟ་ལོག་ཡིན་ནི་རེད་ཀོ  ཉན་རྒྱུ་ཡོད་ནི་མ་རེད། ཅེས་དང་། ཡང་ཁྱོད་འུ་གཉིས་ཀྱི་ཁ་བརྡ་རེད་མ་གཏོགས་གཞན་གྱིས་འདི་འདྲ་ཐོས་དུས་འགྲིག་ཡོད་པ་མ་རེད།  ཧ་ཧ་ཧ་གསུང་ནས་བཞད་མོ་བྱེད། དོན་ལ་ཁོང་གི་ལྟ་ཚུལ་དག་མཁས་པ་གཞན་ཞིག་གི་ཟེར་སྒྲོས་བཟླས་པའམ་ཡིད་ལ་འཕྲལ་འཕྲལ་དུ་ཤར་བ་དེ་འདྲ་མིན་པར།  གསར་པ་དང་ཁྱད་པར་བ། ཡུན་རིང་བོར་ཐུགས་བསམ་བཏང་མྱོང་བ།  ཁོང་རང་གི་ཁྱད་ཆོས་ཀྱིས་ཕྱུག་པ་དེ་འདྲ་ཤ་སྟག་ཏུ་གྲུབ།  འདི་དག་གི་རྐྱེན་བྱས་ཕྲན་ལའང་སྙིང་སྟོབས་སྐྱེས་ཏེ་ཁོང་ལ་སྐབས་བསྟུན་བགྲོ་གླེང་ཞུམ་མེད་དུ་བྱེད་ཁུལ་ཞུས་ཤིང་། སྒོས་སུ་ཁོང་དང་ལྷན་དུ་མེད་སྐབས།  སྐད་འཕྲིན་སྟེང་དུ་དྲི་བ་གང་ཡོད་ཤར་མར་འདྲི་ལུགས་ཆགས་ལ།  ཁོང་ནས་ཀྱང་ཐད་ཀར་དགོངས་ཚུལ་ཅི་ཡོད་གསུང་གི་ཡོད།

ཐེངས་ཤིག་ཕྲན་ནས།  རྒན་ལགས།  མགོན་ཁང་ནང་ལ་བུད་མེད་སོང་མི་ཆོག་དོན་ཅི་ཡིན་ནམ་དྲིས། ཁོང་ནས། མངལ་ཁྲག་དང་སེམས་ཁམས་སོགས་ཀྱིས་རེད་ལ། ཟེར། ཕྲན་ནས་དེ་དངོས་གནས་རེད་དམ་ལགས། དྲིས་པར།  ཁོང་ནས།  འདི་ལ་ཁྱེད་ལ་ལྟ་ཚུལ་ཅི་ཞིག་འདུག  ངའི་ལྟ་ཚུལ་གྱི་ཟུར་ཙམ་དེ་འདྲ་རེད། སྤྱིར་གསང་སྔགས་ཀྱི་ལྷ་སྔགས་ཕྱག་མཚན་ཉེར་སྤྱད་སོགས་གསང་བ་སྔགས་ལ་མི་མོས་པ་སྤྱི་ལ་གསང་དགོས་པ་ནི་སྐྱ་སེར་ཕོ་མོ་ཁྱད་མེད།  འོན་ཀྱང་བརྩན་ཁང་ལ་བུད་མེད་མི་འགྲོ་བ་མངལ་ཁྲག་འཐོར་བ། སེམས་པ་ཆུང་བས་བློར་མི་ཤོང་བ་སོགས་དང་འཇིག་རྟེན་པའི་དྲེགས་པ་ཅན་ཚོ་འཁུ་ལྡོག་ཆེ་བས་གཙང་སྦྲ་གལ་ཆེན་སོགས་ལ་བལྟས་ཏེ་དེར་འགྲོ་བ་བཀག་སོང་སྙམ་པ་དང་དམན་ལྟའི་སྲོལ་ཤུགས་ཀྱང་དངོས་ཤུགས་ཅི་རིགས་ཐོན་པས་ཀྱང་ངོ་།། གསུངས་པ་དང་ཡང་། ཧ་ཧ་ཧ།  དམན་མཆོག་གི་ལྟ་བ་རྐྱང་རྐྱང་གིས་བུད་མེད་འགྲོར་མི་བཏུབ་པ་བྱས་འདུག་ཟེར་ན་ཁྱེད་ལ་བསམ་ཚུལ་ག་འདྲ་འདུག་ཅེས་ཕྲན་ལ་དྲིས་སོང་། ཕྲན་ནས། དེ་ཨེ་ཡིན། ནང་པའི་རིག་གནས་ནང་རྟེན་འདྲ་མཉམ་མིན་པའི་གནས་ཚུལ་ཚབས་མི་ཆེ་བར་སྣང་། ཞེས་ལན་བཏབ་པར། ཁོང་ནས། དེ་ཡང་དཀའ་གི མདོ་ཕྱོགས་ནས་བུད་མེད་ཀྱི་རྟེན་ལ་འཚང་རྒྱ་བ་མེད་ཀྱང་ཟེར་གི་འདུག གསུངས།  ཕྲན་ནས། རེད་དམ།  དེ་གང་དུ་འདུག་ལགས། འདིའི་ཕྱོགས་ལ་ཕྱི་གླིང་པ་ཚོས་ཞིབ་འཇུག་མང་པོ་བྱས་འདུག་མོད། ངས་དོ་སྣང་ཆེར་བྱེད་མ་མྱོང་ཞེས་ལན་བཏབ། ཁོང་ནས།  རེད་རེད།  འདི་ལ་བསམ་ཚུལ་འདྲ་མིན་འོང་གི  ཕྱི་གླིང་བས་ཇི་ལྟར་འགྲེལ་ཡོད་པ་མ་ཤེས་ཐལ།  འོན་ཀྱང་ཕྱི་གླིང་བ་འདི་ཚོས་རང་གི་དཔྱོད་ཤེས་ཀྱི་འགྲེ་འགེབས་ཆེ་དྲགས་པས་གནའ་བོའི་རྒྱ་གར་སོགས་ཀྱི་ཆོས་ལུགས་སྲོལ་ལུགས་མང་པོ་ཞིག་ཇི་བཞིན་མཐོང་བར་འགོག་རྐྱེན་ཡང་བཟོས་མེད་འགྲོའང་དྲན་གི་འདུག གསུངས། 

ཡང་ཐེངས་ཤིག  ཕྲན་ནས་ཤེས་པ་ལ་འབྲེལ་བའི་རྩོམ་ཞིག་བྲིས་ཤིང་། དེར་ཁ་བྱང་ཞིག་གདགས་དགོས་རྐྱེན་ཁོང་ལ། རྒན་ལགས། རྩོམ་རིག་གི་བཤད་ཕྱོགས་ལྟར་བྱས་ན་ཤེས་པའི་འཇིག་རྟེན་ལ་ཕྱོགས་ཆ་མེད་པའི་འཇིག་རྟེན་ཞེས་ན་ཆོག་གམ་ལགས།  དྲིས། ཁོང་ནས་མི་རིང་བར་ལན་སླེབས་སོང་། ཤེས་པ་ལ་དེ་ལྟར་བརྗོད་ཆོག་རྒྱུ་རེད། རྩོམ་རིག་ཐ་སྙད་ལ་ཟེར་བ་ཡིན། དེ་ཡང་རྩོམ་རིག་ཐ་སྙད་ཀྱི་སྐོར་འདི་བརྗོད་དོན་དང་ཁོ་གཉིས་བར་གྱི་བསྡུ་གཅོད་ལ་ཞིབ་ཚགས་མེད་ཀྱང་ཅུང་རྔམ་བརྒལ་ལྟ་བུའི་སྣང་ཚུལ་ཡོད་པས་ཟེར་བ་ཡིན།  སྤྱིར་ན་ཕྱོགས་ཆ་མེད་ཟེར་དུས་ལོ་ཟླ་ཞག་དུས་འགུལ་སྤྱོད་སོགས་ལའང་ཕྱོགས་མེད་ལ། ཆ་ནི་ཡོད་འདུག་ལ་ཤེས་པའང་ཆ་ཡོད་འདུག  རེད་དེ།  བོངས་ཚོད་ཀྱི་ཆ་ནི་ཤེས་བ་ལ་མེད་པར་མ་ཟད། ལྡན་མིན་ཏེ་ལོ་ཟླ་འགུལ་སྤྱོད་ནུས་པ་སོགས་ལའང་མེད་པས་བརྡ་ཞིབ་ཚགས་ཅན་ཞིག་མ་རེད། བོངས་ཚོད་ཅན་ལ་ཕྱོགས་ཆ་ཡོད་ལ་དེའི་ལྡོག་ཕྱོགས་ཀྱིས་ཤེས་བ་ལ་འདོགས་ཆོག་རྒྱུ་རེད་བསམ་གི གསུངས།  ཕྲན་ནས། བརྡ་ཞིབ་ཚགས་ཅན་མ་རེད་གསུངས་པ་ཤིན་ཏུ་བདེན། རྩོམ་རིག་གི་ཆ་ནས་དེ་ལྟར་བཤད་ཆོག་ག་ལགས།  དཔེར་ན་རྨི་ལམ་ནང་གི་འཇིག་རྟེན་དེ་ལ་ཕྱོགས་ཆ་མེད་པའི་འཇིག་རྟེན་ཟེར་ན་ཞེས་དྲིས་པར།  ཁོང་ནས།  དེ་འདྲ་བོ་འདུག  དཔེར་ན་རྨི་ལམ་གྱི་ཁང་བ་ལ་ཕྱོགས་ཡོད་པའི་སྣང་བ་སྐྱེ་ཡང་དོན་ལ་སྒོ་རྒྱབ་གཡས་གཡོན་འཚོལ་དུ་མེད་ལ་ས་ཆ་གང་ཞིག་ན་ཡོད་དམ་ཟེར་ནའང་འཛུབ་མོ་འཛུགས་ས་མེད་པས་དེ་བཏགས་ཆོག་ཆོག་རེད་བ། གསུངས། 

འདི་ལྟར་ཁོང་ལ་བཀའ་འདྲི་ཞུས་པ་གྲངས་མེད་ལ།  ཁོང་གིས་བདག་གི་དོགས་པ་དང་རྨོངས་པ་སེལ་དུ་བཅུག་པའང་གྲངས་མེད་དོ།།

བདག་གིས་སློབ་མ་དང་ཡང་ན་མི་གཞན་ལ་ཤེས་འདོད་དང་མཚར་སྣང་འཛིན་རྒྱུ་དེ་གལ་ཆེན་པོ་ཡོད་ལུགས་གླེང་སྐབས། རྟག་པར་དགེ་རྒན་དམ་པ་ཁོང་ཡིད་ལ་འཆར་གྱི་ཡོད་དེ།  ཁོང་ནི་ནང་པའི་གཞུང་དང་ཐུན་མོང་བའི་རིག་གནས་ལ་དེ་ཙམ་མཁས་དེ་ཙམ་བྱང་ཡོད་ནའང་། དེས་མི་ཚིམས་པར་མི་རིགས་གཞན་གྱི་རིག་གནས་དང་།  རིག་ཚན་གཞན།  ལྟ་གྲུབ་གཞན། གལ་ཆེའི་གསར་འགྱུར་སོགས་ཀྱི་སྐོར་ལ་དུས་རྒྱུན་མཚར་སྣང་དང་བཅས་མཁྱེན་འདོད་ཆེན་པོས་རང་སློབ་བྱེད་པ་དང་དོགས་གནས་དེ་འདྲ་བྱུང་ན། འབྲེལ་ཡོད་སློབ་གྲྭའི་དགེ་རྒན་དང་།  དགེ་བཤེས།  ཆོས་བརྒྱུད་ཐ་དད་པའི་མཁས་པ། ཐ་ན་རང་གི་སློབ་མ་རྣམས་ལའང་དྲི་བ་འདྲི་བར་ཐེ་ཚོམ་དོགས་པ་ཅི་ཡང་མེད།  དཔེར་ན། ཕྲན་ལའང་ཁོང་གིས་ཏུན་ཧོང་ཡིག་རྙིང་ལས་བོན་ལུགས་ཆོ་གའི་སྐོར་གྱི་ཤོག་དྲིལPT1042དང་།  རྟ་རྐྱང་དབྱེ་བའི་རབས་སྐོར་ནས་དྲི་བ་དྲིས་མྱོང་ལ།  ཐེངས་ཤིག  རྒྱ་ཡིག寿འདི་ལ་འབྲི་ཚུལ་ཁྱད་པར་བ། གོང་འོག་ཏུ་འཕྲེད་ཐིག་རིང་ཐུང་མཉམ་པ་གཉིས་གཉིས་བཞི་དང་། བར་ལ་འཕྲེད་ཐིག་ཅུང་རིང་བོ་ཞིག་ཡོད་པ།  གོང་འོག་གི་འཕྲེད་ཐིག་བཞི་བོ་གཤམ་ཐིག་མེད་པའི་བོད་ཡིག་གི“བ”ཞིག་ཡར་སྐོར་མར་སྐོར་བྱས་ཏེ་ནང་དུ་བཞག་པ་ཞིག་ཡོད་པ་དེ་བསྐུར་ནས།  འདི་ཡི་གི་ཞིག་ཨེ་རེད།  འདི་ངོ་སྤྲོད་རགས་ཙམ་གནང་རོགས་ཞེས་དྲིས་བྱུང་།  ཁོ་བོས་དེ་རྒྱ་ཡིག寿ཞེས་པའི་འབྲི་སྟངས་ཤིག་ཡིན་པ་ཤེས་མོད། གསལ་ཆ་མེད་པས་རྒྱ་མི་སྐད་བརྡ་རིག་པ་བ་གྲོགས་པོ་ཞིག་ཡོད་པ་དེ་ལ་དྲིས་ཤིང་། དེ་ལ་འབྲི་སྟངས་རིགས100ལྷག་ཡོད་ཚུལ་སོགས་ཞིབ་རྒྱས་ཁོང་ལ་ཞུས།  

2018ལོའི་ཟླ་11པའི་ཚེས26ཉིན། རྒྱ་མི་ཚན་རིག་པ་ཧི་ཀྱན་ཁུའེ་ནས་མིའི་ཕྲུ་གུ་གཉིས་ཀྱི་རྒྱུད་རྒྱུ་ལ་བཅོས་སྒྲིག་བྱས་ཏེ་འཛམ་གླིང་ཤར་ནུབ་ཀྱི་མི་མང་པོ་འུར་འུར་ཟིང་ཟིང་དུ་བཟོས། ཁོང་ནས་ཀྱང་གསར་འགྱུར་དེ་མཐོང་འདུག་པར་མ་ཟད།  གྲྭ་པ་ཚོའི་ཚོགས་པ་དེ་འདྲ་ནས་བགྲོ་གླེང་ཡང་མཛད་ཡོད་འདུག  ཁོང་གིས་གསར་འགྱུར་དེ་ང་ལ་བསྐུར་ནས།  འདི་གསལ་པོ་ཆ་ཚང་ཞིག་བཤད་པར་ཞུ། འདིའི་ཐད་ལ་བསམ་ཚུལ་ཇི་འདྲ་ཡོད།  ངེད་ཚོ་རེ་འགའ་ནས་འདི་ལ་རྩོད་པ་འདྲ་མིན་བྱས་པ་ཡིན་གསུངས། ཕྲན་ནས་ཀྱང་གནས་ཚུལ་ཅི་ཡོད་ཞིབ་རྒྱས་འགྲེལ་ཁུལ་དང་།  དྲ་ལམ་གྱི་ཁུངས་ལྡན་རྒྱུ་ཆ་ལ་གཞི་བཅོལ་ནས་རྒྱ་མི་དེ་ནི་མིའི་རྒྱུད་རྒྱུ་བཅོས་སྒྲིག་བྱེད་མཁན་ཐེངས་དང་པོ་ཆགས་ཡོད་ལུགས་དང་ཚན་རིག་པའི་ཀུན་སྤྱོད་ཐད་ཀྱི་གནད་དོན། རྒྱུད་རྒྱུ་བཅོས་སྒྲིག་གི་མིག་སྔའི་གནས་བབ་དང་མ་འོངས་པ་སོགས་ཞུ་ཁུལ་བྱས།  ཐེངས་ཤིག་ཁོང་ནས།  མ་རྩ་རིང་ལུགས་ཟེར་བ་དེ་ཇི་འདྲ་ཞིག་རེད།  དེ་དང་སྤྱི་ཚོགས་རིང་ལུགས་གཉིས་ཀྱི་གཞི་རྩའི་ཁྱད་པར་ཅི་རེད་ཅེས་དྲིས་བྱུང་།  དྲི་བ་འདི་ལ་མ་གཞི་སློབ་གྲྭ་བ་ཞིག་ཡིན་ཚེ།  ངེས་པར་ལན་ཁ་གསལ་བོ་ཞིག་ཐེབས་ན་འགྲིག་མོད།  ཁ་སྐྱེངས་པ་ཞིག་ལ་བདག་གི་སེམས་སུ་ཅུང་ཟད་འདུག་མོད།  ཤོད་དང་ལབ་ན་གསལ་བོ་གསལ་རྐྱང་ཞིག་བཤད་ཐུབ་མ་སོང་བས།  དྲ་ཐོག་ནས་རྒྱུ་ཆ་རེ་འགའ་བཙལ་ནས་བཀླགས་ཤིང་།  གཞི་རྩའི་གོ་དོན་དང་རྩ་བའི་ཁྱད་པར།  དངོས་ཡོད་གནས་སྟངས་བཅས་རྩོམ་ཐུང་ཞིག་བྲིས་ནས་ཁོང་ལ་བསྐུར།

ལོ་གཉིས་སྔོན་ཏེ། 2018ལོའི་སྤྱི་ཟླ11པའི་ཉིན་ཞིག་གི་དགོང་ཁར། ཁོང་ནས་ང་ལ་ཁྱོད་ཀྱིས་དགོན་པར་བཞུགས་པའི་བོན་པོ་མཁས་པ་དེ་འདྲ་ངོ་ཨེ་ཤེས། ང་ལ་དྲི་བ་རེ་འགའ་འདུག  མ་གཞི་ང་ལའང་དྲ་གྲོགས་འགའ་འདུག་མོད། དྲིས་ལན་མི་འདེབས་གི་ཟེར།  ངས། རྒན་ལགས། ངས་རྒྱལ་རོང་ཕྱོགས་ནས་བོན་པོའི་གྲྭ་པ་རེ་འགའ་ངོ་ཤེས།  ངས་ཀྱང་དྲི་བ་རེ་འདྲི་དགོས་བྱུང་ནས་དྲིས་མོད། ལན་ཅང་མི་འདེབས་གི་མོད།  ཉིད་ནས་ཚོད་ལྟ་ཞིག་གནོང་དང་ལབ། ཁོང་ནས།  ང་ལ་བོན་གྲོགས་རེ་ཡོད་ཀྱང་འགའ་རེས་ཅང་མི་ཤེས་པ་འདྲ། གཅིག་ནི་མཁས་པ་རེད། རྒྱ་བླའང་རེད། འཐུས་མིའང་རེད། འོན་ཀྱང་དྲི་བ་ལ་ཁ་ཡ་མི་བྱེད་པར་འདུག་གསུངས།   སྐབས་དེར།  2016ལོར། པེ་ཅིན་དུ་རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་འཚོག་སྐབས། ཕྲན་ནས་སྐད་སྒྱུར་ཞུ་མྱོང་ས།  མངའ་རིས་གུར་གྱམ་དགོན་དུ་བཞུགས་པའི་ཞང་ཞུང་ཁྱུང་ལུང་རྔུལ་མཁར་བ་ཁོང་ཡིད་ལ་ཤར་བས།  རྒན་ལགས། གཅིག་ཡོད་ཡ།  ངས་ངོ་ཡག་པོ་ཤེས།  ངས་ཁོང་ལ་ངོ་སྤྲོད་ཡི་གེ་བཏང་འཇོག ཁོང་གིས་ལན་ཡང་ཡོང་ངེས་ཞེས་ཞུས། ཁོང་ནས།  བཀའ་དྲིན་ཆེ།  གཤིས་ཀ་ཅུང་གུ་ཡངས་ན་ལྷག་ཏུ་བཟང་གི་གསུངས།  ངས་མཁས་པ་ལན་འདེབས་མཁན་ཞིག་ཡིན་ན།  གུ་མ་ཡངས་ན་དྲག་ག  ཁྱེད་ནས་བན་བོན་མི་རྩོད་གི་མོད་ཅེས་རྩེད་མོ་འདྲ་ཞུས་པར།  ཁོང་ནས། ཧཧཧ།  གུ་མ་ཡངས་ན་ཡང་བསྐྱར་བན་བོན་འཐབ་འཁོན་བསླངས་ནས། ང་ཚ་རོང་ལ་བདའ་འཇོག་ནི་རེད་ཅེས་ཞལ་རྩེད་གནང་། ཕྱིས་སུ་ཁོང་ལ་མཇལ་དུ་ཆས་ཐེངས་ཤིག་ལ།  ཁོང་ནས་ཁྱོད་ཀྱིས་ངོ་སྤྲོད་བྱས་པའི་བོན་པོ་དེ་ཡག་པོ་འདུག ལན་ཡང་འདེབས་གི  བོན་གཞུང་མ་ཟད་ཐུན་མོང་རིག་གནས་ལའང་མཁས་གི  ལག་ལེན་ཡང་ལོས་ཡོད་འདོད་སྤྱད་ཅིག་འདུག་ཟེར།  ཁོང་གཉིས་བར་ལ་བགྲོ་གླེང་ཡག་པོ་བྱུང་ཡོད་ས་རེད།  དགེ་རྒན་ཁོང་བཞུད་སོང་བ་ཁོང་གི་བོན་གྲོགས་དེས་མི་ཤེས་པས་ཕྲན་ནས་བཤད་འདོད་ཅིག་སྐྱེས་ཏེ།  ཁྱུང་ལུང་རྔུལ་མཁར་བ་ཁོང་ལ།  ཁམས་བཟང་ལགས།  དེ་སྔ་ཁྱེད་ལ་ངོ་སྤྲོད་ཞུས་པའི་ཕྲན་རང་གི་དགེ་རྒན་དམ་པ་བསེ་རུ་ལགས།  སྐུ་གྲོངས་སོང་། སྔོན་མར་ཁོང་ནས་ཁྱེད་གཞུང་དང་རིག་གནས་གཉིས་ལ་མཁས་པོ་འདུག ལག་ལེན་ཡང་མང་པོ་བྱེད་ཀྱི་འདུག  དྲི་བ་དྲིས་ཚེ་ལན་ཡང་ཡོང་མཁན་ཞིག་རེད་འདུག ང་ལ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་སོང་ཞེས་བསྐུར།  རྔུལ་མཁར་བས་འཕྲལ་མར་ལན་ལྡོན་བྱུང་། ལགསོ།  ཧ་ཅང་ཕངས་པོ་རེད།   ངས་འདི་ནས་བསྔོ་བ་འདོན་ཡོང་ལགས། ཞེས་དང་། ཡང་སྐད་འཕྲིན་རྒྱབ་ལོག་ཏུ།  ངའི་དྲ་གྲོགས་ཀྱི་ནང་ནས།  བན་བོན་སོགས་ཆོས་ལུགས་ཀྱི་ཕྱོགས་རིས་ཆུང་ཞིང་།  བསམ་བློ་གུ་ཡངས་ཡིན་པ།  མེས་པོའི་ལོ་རྒྱུས་དང་རིག་གཞུང་ལ་གལ་ཆེན་འཛིན་ཤེེས་པ། རྨོངས་གཉིད་ལས་གྲོལ་ཞིང་།    ཤེས་བྱ་དང་ཡོན་ཏན་མི་དམན་པ་ཡོད་པའི་གྲོགས།  འཚོ་བྱེད་བ་དྲང་སྲོང་རྒྱུན་ཤེས་དང་།  དགེ་ལུགས་པའི་སྐུ་ཞབས་བསེ་རུ་ཁོང་རྣམ་གཉིས་ཀྱང་གྲོགས་པོ་རེད་འདུག  ཡིན་ནའང་ཕངས་པ་ཞིག་ལ་ཁོང་རྣམ་གཉིས་སྔ་ཕྱིར་གྲོངས་སོང་འདུག་པས་ཁོ་བོས་འདི་ནས་བསྔོ་བ་སྨོན་ལམ་འདོན་ཞིང་།   དེ་སྐད་དུ།  ཁ་བ་ལྗོངས་སུ་སྐྱེས་པའི་མི་བུ་གཉིས།  མེས་པོའི་བླ་ཡིད་སེམས་གསུམ་སིམ་ནས་ཡོད།  ཤེས་བྱ་རིག་པའི་གནས་ཀྱང་ཕྱུག་ནས་ཡོད།  སྤུན་མཆེད་མཐུན་སྒྲིལ་ལག་ཟུང་དམ་ནས་ཡོད། ཕན་མེད་གྲུབ་མཐའི་ཕྱོགས་རིས་དོར་ནས་ཡོད།  དེ་ལྟའི་དཀྱེལ་ཆེའི་གུ་ཡངས་ལྡན་པའི་མི།  སྐུ་ཚེ་མ་ཟིན་གཤེགས་པ་ང་རེ་འཕང་།  ཕྱི་མར་མཐོ་སྒང་གངས་རིའི་ལྗོངས་ཆེན་དུ།  སྐྱེ་ཞིང་སྔ་མའི་ལས་འཕྲོ་མཐུད་པར་སྨོན།  ཞེས་བྲིས་འདུག  ཁོང་ནི་དེ་ལྟར་ཤེས་འདོད་དང་མཚར་སྣང་གིས་ཁེངས་ཤིང་། མི་ཤེས་པ་གསར་དུ་སློབ་པ་དང་དྲི་བ་མཛད་པ་ནི་གཤིས་སུ་གྲུབ་འདུག 

ཡོན་ཏན་གྱི་ཕུང་པོ་ཞིག་ལ་མཇལ་རྒྱུ་དཀའ་ཞིང་། མཇལ་ནའང་དེ་ལས་ཡོན་ཏན་ལེན་རྒྱུ་དང་བླངས་ཚེ་འཐོབ་རྒྱུ་ནི་ཇི་འདྲའི་དཀའ་བ་ཞིག་རེད་ཨང་། རྗེ་བདག་ཉིད་ཆེན་པོས“སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།  འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།”ཞེས་པའི་སྨོན་ལམ་གྱིས་དེ་ལྟ་བུའི་ཡོན་ཏན་གྱི་ཕུང་བོ་ལ་མཇལ་དཀའ་བ་དང་མཇལ་དགོས་པའི་གལ་ཆེན་རང་བཞིན་བསྟན་ཡོད་ལ།   ཡང“ཀྱི་ཧུད་བདག་བློ་རྨོངས་པས་བཅོམ། །འདི་འདྲའི་ཡོན་ཏན་ཕུང་བོ་ལ། །རིང་ནས་སྐྱབས་སུ་སོང་གྱུར་ཀྱང༌། །ཡོན་ཏན་ཆ་ཙམ་མ་འཚལ་ཏོ། །”ཞེས་པས་ཡོན་ཏན་གྱི་ཕུང་པོ་ཡང་དག་བླ་མ་དེ་འདྲ་ལ་མཇལ་ནའང་ཡོན་ཏན་ཡོངས་སུ་ལེན་དཀའ་ལུགས་ཤུགས་གྱིས་བརྗོད་འདུག སྔོན་ཡིན་ན་ཁོ་བོས་དེ་ནི་རྗེ་བདག་ཉིད་ཆེན་པོས་ཁེངས་སྐྱུང་གི་ཚིག་ཙམ་དུ་ཟད་སྙམ་མོད།  དོན་ལ་དེ་ནི་ཁེངས་སྐྱུང་གི་ཚིག་མིན་པར།  ཁོང་གིས་དེ་ལྟར་ངེས་པར་དགོངས་ཡོད་དྲན་གྱི་འདུག་སྟེ།   ཕྲན་དགེ་རྒན་ཁོང་ལ་མཇལ་སྐབས། སྤྱི་ལོ2002ལོ་རེད་འདུག་ལ། དེ་ནས་ད་ལོའི་བར་དུ་བགྲང་བྱ18སོང་ཟིན་འདུག་མོད། བདག་གིས་ཁོང་གི་ཡོན་ཏན་གྱི་ཆ་ཤས་ཀྱི་ཆ་ཤས་ཙམ་ཡང་ལེན་ཐུབ་མེད།  ལོ་གཉིས་ཙམ་གྱི་གོང་དུ། ཁོང་གིས་དགོན་པའི་གྲྭ་པ་སྤྲོ་བ་ཡོད་མཁན་ཚོ་ལ་ས་དཔྱད་སྐོར་ཁྲིད་ཀྱིན་འདུག་པ་ཐོས།  དེ་དུས་མ་གཏོགས་ཁོང་ས་དཔྱད་ལ་མཁས་པ་བདག་གིས་མ་ཤེས་ལ།  ས་དཔྱད་ནི་ཁོང་མཁས་ཤོས་ཡིན་པའི་རིག་ཚན་ཞིག་ཡིན་པ་དེ་བས་ཀྱང་ཤེས་མེད།  ཡུན་གྱིས་གལ་ཏེ་འདོན་ཆོག་དབྱངས་རྟ་ཞིག་མི་ཤེས་ནའང་ཁོང་གི་སར་སོང་ན་ངེས་པར་ལན་ཞིག་རྙེད་རྒྱུ་ཡོད་རབས་ཐོས།  

ཡང་ངེད་ཀྱི་སྡེ་བའི་ལོ་རྒྱུས་ནི་སྤྱི་ལོ2017ཙམ་ནས་རྩོམ་སྒྲིག་པ་རྩ་འཛུགས་བྱས་ནས་འཚོལ་བསྡུ་དང་འབྲི་མགོ་ཚུགས་པ་རེད་ལ།  བགྲོ་གླེང་གི་སྔ་གཞུག་ཏུ་ཁོང་ནི་བོད་སྤྱིའི་ལོ་རྒྱུས་གླེང་ན་འདྲ།  ས་གནས་རང་གི་ལོ་རྒྱུས་ཡིན་ན་འདྲ། གང་ལའང་ཆུ་མགོ་གངས་ལ་ཐུག་ལུགས། ཆུ་རྔ་གང་དུ་གྱེས་ལུགས་སོགས་གསུང་རྒྱུ་གཙང་བོའི་འགྲོས་དང་རྒྱ་མཚོའི་གཏིང་གི་ཚུལ་དུ་འདུག་པ་ནི་ངེས་པར་ངོ་མཚར་བའི་གནས་ཁོ་ནར་སྣང་། འདི་དག་ནི་ཁོ་བོ་རང་ནས་གོ་ཚོད་ཤེས་ཚོད་ཙམ་བཀོད་པ་སྟེ།  དགེ་རྒན་དམ་པ་ཁོང་ནས་དྲ་ལམ་དུ་བསེ་རུ་ཞེས་པའི་མཚན་སྤྱད་ནས་གཞན་ལ་བགྲོ་གླེང་དང་། དྲི་བ། འཆད་ཁྲིད་སོགས་མཛད་འདུག་པས།  བོད་གཞིས་བྱེས་ཆོལ་ཁ་གསུམ་གྱི་གྲྭ་པ་ཤེས་ཡོན་པ་མང་པོ་ཞིག་ནས་ཁོང་གི་མཚན་དང་མཁས་ཚད་ཐོས་ཡོད་འདུག  སྦས་པའི་བརྟུལ་ཞུགས་འཛིན་པ་ཟེར་བའང་དེ་འདྲ་མིན་འགྲོ  ཁོ་བོས་བསྡོམ་རྩིས་རགས་པ་ཞིག་བྱས་པར།  གྲྭ་པ་མ་བརྩིས་པའི་ཁོང་གི་སློབ་མར་གྱུར་བའི་མི་སྐྱ་དག་ཧ་ལམ་བརྒྱ་ཕྲག་དུ་མ་འདུག་ཅིང་། དེ་དག་འབུམ་རམས་པ་དང་། རབ་འབྱམས་པ། སློབ་ཆེན་པ།  མཐོ་འབྲིང་དང་དམའ་འབྲིང་གི་སློབ་མ་བཅས་ཚད་རིམ་མི་འདྲ་བ་དང་། དགེ་རྒན་དང་། ཁེ་ལས་པ། ཞིབ་འཇུག་པ་སོགས་ལས་རིགས་ཐ་དད་པ་དུ་མར་འདུག་ལ།  དེང་སང་རྒྱལ་ནང་དུ་མཚོ་སྔོན་གཙོར་བྱས། བོད་ལྗོངས། ཀན་སུའུ། སི་ཁྲོན། པེ་ཅིན་དང་། རྒྱལ་ཕྱི་རུ་རྒྱ་གར་དང་ཉི་ཧོང་སོགས་སུ་ཁྱབ་ཡོད་དོ།།

དེ་ལྟ་བུའི་བདག་བློ་རྒྱས་པར་བྱས་པའི་ཉིན་བྱེད། མཁས་པའི་དབང་པོར་གྱུར་ཡང་ཐོས་པར་བརྩོན་པ། ཡོན་ཏན་གྱི་ཕུང་པོ། ཡུལ་ཁམས་མཛེས་པར་བྱེད་པའི་རྒྱན་གཅིག་འདི་ཉིད།  དགུང་གྲངས51པ་སྟེ།   ན་ནིང2019ལོའི་སྤྱི་ཟླ་བདུན་པ་ནས་བཟུང་། མི་འདོད་སྙུན་གྱིས་ཐེབས། དེ་ཡང་དཔོན་པོ་དང་སྤྲུལ་སྐུ་ལྟ་བུའི་འཁོར་ཞབས་གཡོག་མེད་པར་གྲྭ་པ་གྲྭ་རྐྱང་ཡིན་པས་དང་།  སྒོས་སུ་ཉིན་མཚན་དབྱེར་མེད་དུ་ཐོས་བསམ་དང་འཆད་རྩོད་རྩོམ་གསུམ་ལ་འབའ་ཞིག་ལ་གཞོལ་རྐྱེན།  དུས་ལྟར་དུ་ཟས་བཞེས་མ་ཐུབ་པ་དང་།  སྐབས་མང་པོར་ཟས་འཁྱག་དང་འཇོག་ཡུན་ཅུང་རིང་བའི་ཟས་བཞེས་པ་སོགས་ལ་བརྟེན་ནས་སྐུ་ཁམས་མི་བདེ་བར་གྱུར་འདུག  ཕྲན་ནས་ཀྱང་ཡང་ནས་ཡང་དུ་པེ་ཅིན་དང་ཧྲང་ཧེ་ནས་སྨན་པ་བཙལ་འཚོལ་དང་། དྲ་ལམ་ནས་ཆེད་མཁས་པར་དྲི་བ་བྱེད་པ་སོགས་ཞབས་ཞུ་ཅི་ཐུབ་བྱས་པའི་ཁུལ་ཡིན་ཡང་།  མཐར་ངེད་ཅག་ལ་བསོད་ནམས་དམན་དྲགས་པས།  མཁས་བཙུན་བཟང་གསུམ་གྱི་བདག་ཉིད་དུ་གྲུབ་པ་ཁོང་དང་གཏན་བྲལ་བྱེད་དགོས་པར་གྱུར། 

བྲིས་ནས་མཚམས་འདིར་སླེབས་དུས། ཁོ་བོས་བསྐྱར་དུ་སྐད་འཕྲིན་དུ་ཉར་བའི་ཁོང་གི་གསུང་ལ་ཡང་ཡང་ཉན་ཞིང་ཁོང་མཇལ་བའི་སྐབས་རེ་རེ་ལ་ཕྱིར་དྲན་བྱས།  བདག་གི་མིག་ལམ་དུ་དགེ་རྒན་དམ་པའི་དབྱེས་ཆེ་བའི་དབུ་ཐོད་དང་། ཅུང་ཟད་སྒོར་བའི་གདོང་ཞལ། གཟབ་ནན་བྱས་ཚེ་ཅུང་ཞེད་སྣང་འབྱུང་བའི་གཟི་བརྗིད་དང་། འཛུམ་པ་མཛད་ཚེ་ལྷོད་བག་སྟེར་བའི་བྱམས་བརྩེ་ཤར་འོངས་ལ།  བདག་གི་རྣ་ལམ་དུ་འཆད་པ་མང་དུ་གནང་བ་ལ་བརྟེན་ཅུང་ཟད་འགྱུར་འདུག་པའི་གསུང་སྐད་ལྕི་ལ་དམའ་བ། འགྲགས་ལ་འཇམ་པ། གཙང་ལ་བྱང་བའི་སྙན་ཆ་ཅན་དེ་གྲག་འོངས།  ཀྱེ་མ། ད་ནི་ཁོང་དང་གཏན་བྲལ་བྱུང་བ་རེད་ཨང་། བདག་གི་བྱང་ཁོག་སླར་ཡང་ལྗིད་ཡོར་རེར་གྱུར་ཞིང་། མིག་ཀོང་མག་མོག་རབ་རིབ་དུ་གྱུར།

ཞེས་སྒར་བ་ཚེ་བཀྲས་མདོ་སྨད་གཙང་དགོན་པའི་དགེ་བའི་བཤེས་གཉེན་ཆེན་པོ། ཞིང་གཤེགས་དགེ་རྒན་དམ་པ་གང་ཉིད་སླར་ཡང་གངས་རིའི་ལྗོངས་སུ་འཁྲུངས་པ་དང་། འཁྲུངས་ནས་མཛད་འཕྲིན་སྔར་བས་དར་བ་དང་། ཕྲན་བཅས་སློབ་བུ་མ་ལུས་ཚེ་རབས་རྗེས་སུ་འཛིན་པའི་སྨོན་འདུན་དང་བཅས་ཟི་ལིང་མཁར་དུ་སྦྱར། 2020.7.9