གསལ་བཤད། ལར་རྩོམ་ཡིག་དག་བཅོས་མ་འདི་ཉིད་གུས་པས་དཔར་འཆར་འཐེན་པའི་སྒེར་དེབ་ཏུ་འཇུག་བསམ་ཡང་། དེབ་ལ་ཤོག་གྲངས་མང་པ་དང་དཔེ་ཀློག་ཟིན་བྲིས་འདི་ཉིད་དེབ་སྤྱིའི་སྒྲིག་གཞི་དང་ཅུང་མི་མཐུན་པས་དེབ་ལས་དོར་ཏེ་འདི་གར་སྤེལ་ནས་ཉར་བ་ཡིན། རྩོམ་རྙིང་བསྐྱར་སྤེལ་ཅན་འདིས་ཀློག་མཁན་ཚོར་སུན་པོ་གནང་མེད་པའི་སྨོན་འདུན་དང་བཅས་གུས་པས་ཕུལ།

དང་པོ།

དུས་རབས་བཅུ་གསུམ་པའི་སྟོད་ཀྱི་ཆར།  དགུང་ལོ་སུམ་ཅུ་རྩ་དགུ་ཙམ་ལ་སོན་པའི་བོད་པ་ཞིག་རི་ཆེན་པོ་ཧི་མ་ལ་ཡ་དང་ཆུ་ཆེན་པོ་གང་གཱ་བརྒལ་ནས་རྒྱ་གར་རྡོ་རྗེ་གདན་དུ་འབྱོར། དེར་གནས་པའི་དཀོར་གཉེར་ཚོས་གང་ནས་ཡིན་པར་དྲིས་པ་ན་བོད་པ་དེས་“བྷོ་ཌ་ཧོ་”ཞེས་སཾསྐྲྀ་ཏའི་སྐད་ཀྱིས་བོད་ཡིན་པར་བརྗོད་པས། ཁོང་ཅག་གིས་རྫུན་དུ་སྙམ་ནས་ཡིད་གཉིས་ཐེ་ཚོམ་དུ་ལུས། དེ་དུས་གཅིག་ན་རེ།  བོད་རང་དུ་འདུག་བོད་ལྷམ་གྱོན་པའི་རྟགས་སུ་ཞབས་ཀྱི་སེན་མོ་རྣམས་ཀྱོང་ངེ་བ་འདུག་ཅེས་བརྗོད། ལར་ན་མི་རྣམས་ཀྱིས་སྐད་ཀྱི་གདངས་དང་།  ལུས་ཀྱི་ཆ་ལུགས།  གདོང་གི་ཚུགས་ཀར་གཞིགས་ནས་རིགས་གང་དུ་བཀར་བ་ནི་ཐུན་མོང་གི་ལས་ཡིན་མོད།  ཐོབ་ཐང་ལག་ཁྱེར་སོགས་གང་ཡང་མི་དགོས་པར་ཞབས་ཀྱི་སེན་མོ་ཀྱོང་མིན་གྱིས་བོད་དུ་བརྟག་པ་ནི་ཤིན་ཏུ་དགོད་བྲོ་བ་ཞིག་རེད། གོང་གི་བོད་པ་དེ་ནི་སཾསྐྲྀ་ཏའི་སྐད་ལ་ཐོགས་པ་མེད་པས་རྒྱ་གར་གྱི་པཎ་ཆེན་འདར་དུ་འཇུག་ནུས་པ་དང་།   ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་“ལོ་ཙཱ་བ་རིན་ཆེན་བཟང་པོའི་རྟིང་ལ་ཁྱོད་བས་མཁས་པ་མ་བྱུང་ངེས་པ་ཡིན་”ཞེས་བསྟོད་བསྔགས་གནང་མྱོང་བའི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ཞུ་བ་དེ་ཡིན།  ཁོང་ནི་ཡབ་དར་མ་འབྱུང་གནས་དང་ཡུམ་ཆོས་འབུམ་གཉིས་ཀྱི་སྲས་སུ་ཡུལ་དབུས་ལྷོ་ཁ་ལྷུན་རྩེ་རྫོང་གི་སའི་ཆ་ཆག་གྲོང་དུ་སྐུ་འཁྲུངས་པའི་བོད་ཀྱི་ལོ་ཙཱ་བ་དང་རྒྱལ་ཁམས་པ་ཞིག་གོ ། 

བསྟན་པ་ཕྱི་དར་གྱི་སྐྱེས་ཆེན་རྣམས་ཀྱི་རྣམ་ཐར་ལ་མཇལ་ན། ཁོང་ཅག་གི་བློ་འབྱེད་སློབ་དཔོན་ཕལ་མོ་ཆེ་ནི་རང་གི་ཁུ་བོ་ཡིན་པ་རེད། དཔེར་ན་རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་དང་རྔོག་ལོ་བློ་ལྡན་ཤེས་རབ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་དང་རྭ་ཆོས་རབ་གཉིས་བར་ལ་བླ་སློབ་མ་ཟད་ཁུ་དབོན་གྱི་འབྲེལ་བ་ཡང་ཡོད་ཅིང་། རྭ་ཆོས་རབ་དང་རྭ་ཡེ་ཤེས་སེང་གེ་གཉིས་ཀྱང་དེ་བཞིན་རེད། ས་ཆེན་གྲགས་པ་རྒྱལ་མཚན་དང་ས་པཎ་ཀུན་དགའ་རྒྱལ་མཚན།  ས་པཎ་དང་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན།  རྒྱལ་ཚ་རིན་ཆེན་མགོན་དང་ཀུན་ལྡན་རས་པ་ཞི་བ་ཚུལ་ཁྲིམས་སྐུ་མཆེད་གཉིས་དང་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། གོ་ལུང་བ་ནམ་མཁའ་རྒྱལ་མཚན་དང་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ།   ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་དང་ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་དང་ལོ་ཆེན་བྱང་ཆུབ་རྩེ་མོ་སོ་སོའི་བར་ལ་ཁུ་དབོན་གྱི་འབྲེལ་བ་ཡོད་པ་རེད། སྣང་ཚུལ་འདི་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི་ཁུ་བོ་རྣམས་ཀྱིས་དབོན་པོ་ཚོར་ཐེབས་པའི་ཤུགས་རྐྱེན་གྱིས་རང་གི་མི་ཚེ་ལ་ཤན་ཤུགས་ངེས་ཅན་ཞིག་ཐེབས་ཡོད་པར་འདོད། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ཡང་དེ་ལས་མ་འདས་ཏེ། ཁུ་བོ་ཆག་དགྲ་བཅོམ་དཔལ་ནི་ཁོང་ཉིད་རབ་བྱུང་སྒྲུབ་དུས་ཀྱི་མཁན་པོ་ཡིན་པར་མ་ཟད་གཞོན་དུས་ཀྱི་བླ་མ་གཙོ་བོ་ཡང་ཡིན་པ་རེད།  དགུང་ལོ་བདུན་ནས་རྒྱ་ཡིག་དང་བོད་ཡིག་སློབ་པར་གསུངས་པས་ཁུ་བོ་ལས་སཾསྐྲྀ་ཏའི་སྐད་ཆུང་ངུ་ནས་སྦྱངས་པར་སྙམ་པ་དང་། དགུང་ལོ་བཅུ་གཅིག་ནས་ཉེར་གཅིག་གི་བར་ཁུ་བོ་དང་འབྲལ་མེད་ཀྱིས་བདེ་མཆོག་གི་དབང་དང་།  སྔགས་མཚན་ཉིད་ཀྱི་གཞུང་གདམས་ངག་མང་པོ་ཞུས་པར་གྲགས། རྣམ་ཐར་དུ་ལོ་ཙཱ་བ་གཞན་ཡུལ་ནས་དཀའ་སྡུག་གང་ལ་འཕྲད་དུས་ཁུ་བོའི་སྐུ་དྲིན་དང་བྱིན་རླབས་ཀྱིས་ཐར་བར་བསམས་ནས་དྲིན་དྲན་གྱི་ཚིགས་བཅད་རེ་སྐབས་བསྟུན་གྱི་དོན་ལ་གཞིགས་ནས་གསུངས་ཡོད་དེ། ཆག་ལོ་ཙཱ་བ་ཁོང་ཉིད་རྒྱ་གར་ནས་ཕྱིར་བོད་ཡུལ་དུ་ལོག་ཁར་ཚ་ནད་ཀྱིས་གཟིར་དུས།  ཁུ་བོ་ཆག་དགྲ་བཅོམ་ངོ་ཤེས་པའི་སྔགས་པ་ཞིག་གིས་ཁོང་གི་སྙུང་གཡོག་བགྱིས་ནས་འཆི་བདག་ལས་ཐར་བས་“རྒྱ་གར་བལ་པོར་ཟབས་ཀྱང་ཡུལ་དུབས་(དུས)ཀྱིས། །  ཚད་ནད་དྲག་པོས་ཐེབས་ཀྱང་དབང་བོ་ཡི། ། གཙོ་བོ་སྲོག་གི་བར་ཆད་མ་བྱས་པ། ། དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །”ཞེས་སོགས་བསྔགས་པ་ལས་ཁོང་གཉིས་ཀྱི་འབྲེལ་བ་ནི་ཁུ་དབོན་གྱི་འབྲེལ་བ་ཙམ་མིན་པ་དཔགས་ནུས་སོ། །

འཕགས་པ་ཤིང་ཀུན།

གཉིས་པ།

ཆག་ལོ་ཆོས་རྗེ་དཔལ་རྒྱ་གར་དུ་སློབ་གཉེར་ལ་སྐྱོད་དུས་ནི་ཁ་ཆེའམ། ཏུ་རུ་ཀའམ།  གར་ལོག་གམ། 《གཏམ་རྒྱུད་གསེར་ཐང་》སོགས་སུ་ཀླ་ཀློ་རུ་འབོད་པ་རྣམས་ཀྱིས་རྒྱ་གར་ལ་བཙན་འཛུལ་བྱེད་མུས་སུ་ཡོད་པས། དེ་དུས་ནང་བསྟན་གཙོ་བྱས་པའི་རྒྱ་གར་གྱི་སྲིད་འབྱོར་རིག་གསུམ་གང་ཐད་ལ་གཏོར་བརླག་ཚབས་ཆེན་ཐེབས་པའི་དུས་ཤིག་ཏུ་འཁེལ་བས་ན། རྣམ་ཐར་རང་དུ་ཁོང་ཉིད་བལ་པོ་ནས་རྒྱ་གར་དུ་ལམ་ལ་ཆས་དུས་བླ་མ་གཉིས་མ་གཏོགས་ཁྲོ་ཕུ་བ་དང་ས་སྐྱ་བ་སོགས་ཀྱིས་སྐུ་ཚེ་ལ་བར་ཆད་འོང་བར་བསམས་ནས་བཤོལ་བཏབ་པ་ལས་ཤེས་ངེས།     ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་མཛད་པའི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་ཕེབས་པར་ཞུ་བའི་ཡི་གེ་ལས“མ་ག་དྷ་སོགས་རིག་འབྱུང་གནས་ནི་སྡིག་ཏོ་ཡིས།  །  དམག་ཚོགས་ཀྱིས་བཅོམ་ཨཽ་རྒྱན་ཁ་ཆེ་བལ་ཡུལ་ཡང་། །  ལོག་སྤྱོད་ཀྱིས་ཁེངས་་་་་།”ཞེས་གསུངས་པའི་ཡུལ་དུས་གནས་སྐབས་དེ་འདྲ་ཞིག་ཏུ་ཆག་ལོ་ཙཱ་བ་ཁོང་ཉིད་ཞུམ་པ་མེད་པར་འཕགས་ཡུལ་དུ་བསྐྱོད་པ་རེད།

རྣམ་ཐར་དུ་ལོ་ཙཱ་བ་འདི་ཉིད་དཔལ་ནཱ་ལེནྡྲ་ལ་བཞུགས་དུས་གར་ལོག་གི་དམག་དཔུང་ཡོང་བར་འཕྲིན་བྱུང་བས།  དེར་འདུས་ཀྱི་མི་ཐམས་ཅད་བྲོས་མཐར།  ལོ་ཙཱ་བས་རང་གི་བླ་མ་དཔལ་སྒྲ་གཅན་འཛིན་བཟང་པོ་དགུང་ལོ་དགུ་བཅུ་ལ་སོན་པའི་མཁན་པོ་དེ་ཉིད་ཁུར་ནས་བྲོས་པའི་གཏམ་རྒྱུད་ཡིད་འཁུལ་བ་ཞིག་ཞིབ་མོས་བརྗོད་པར་མ་ཟད། དུས་སྐབས་དེར་ཏུ་རུ་ཀས་རྒྱ་གར་དུ་བཙན་འཛུལ་བྱེད་པའི་གནས་ཚུལ་ཡང་མང་པོ་ཞིག་བྲིས་ཡོད་དེ།  “ཡངས་པ་ཅན་དུ་སླེབས་པ་ན་མི་ཐམས་ཅད་གར་ལོག་གིས་འཇིགས་པས་་་་་་་་་་་། དེ་ནས་ཐོ་རངས་དེ་ལྗོངས་ཡངས་པ་ཅན་གྱི་མི་ཐམས་ཅད་བྲོས།་་་་་་་་་་་་་ཉི་མ་ཤར་ནས་སྒོ་མདུན་དུ་བྱོན་པ་ན་ཡོན་བདག་མོ་གཅིག་ཡས་ནས་བྱུང་སྟེ།    མགྲོན་པོ་ཀུན།   གཏམ་སྙན་པོ་བཟླས་སུ་ཡོད་དོ་ཞེས་ཟེར་ཏེ་དམག་རྒྱ་གར་ནུབ་ཕྱོགས་ལ་སོང་ངོ་ཟེར།  དེར་ཐམས་ཅད་དགའ་ཚོར་ཆེན་པོ་བྱུང་།”ཞེས་དང་།  “རྡོ་རྗེ་གདན་དུ་ཡོད་དུས་སུ་ནམ་ལངས་ནས་བྱང་ཕྱོགས་ལ་ཤིང་རྟ་དྲངས་པའི་རྗེས་སུ་འབྲངས་ནས་བྲོས་ནས་་་་་་་་་་་་་་།  དེའི་དུས་སུ་ཡང་བུད་མེད་ཅིག་བྱུང་ནས་གར་ལོག་ཐག་རིང་པོ་ཞིག་ཏུ་སོང་ནས་མེད་ཟེར་བའི་གཏམ་སྙན་པོ་བསྒྲགས་སོ། །”ཞེས་གར་ལོག་གི་དཔུང་ཚོགས་ཡོད་མེད་ལ་ལྟ་མཁན་བུད་མེད་ཡིན་པ་འདི་ལས་དེ་དུས་ཀྱི་རྒྱ་གར་ནི་ཕོ་ཟད་མོ་ལ་ཐུག  །   མོ་ཟད་རྡོ་ལ་ཐུག་པ་ལྟ་བུའི་དུས་སྐབས་ཤིག་ཏུ་སླེབས་ཡོད་དམ། དུས་དེར་ཡ་ང་སྙིང་རྗེ་བྲལ་བའི་མ་རུངས་དཔུང་ཚོགས་ཀྱིས་སྐྱེས་པ་ཐམས་ཅད་འཆི་ལམ་དུ་བརྫངས།  གཞིས་ཁང་ཐམས་ཅད་མེ་རུ་བསྒྲོན།  རྒྱུ་ནོར་ཐམས་ཅད་བཙན་གྱིས་ཕྲོགས།  བུད་མེད་ཐམས་ཅད་བྲན་དུ་འཁོལ་ཡོད་དམ།

གྲོང་ཁྱེར་ཡངས་པ་ཅན་གྱི་ཤུལ།

དེ་ནས“བི་ཀྲ་མ་ཤི་ལ་ཆོས་རྗེ་གོང་མའི་དྲུང་དང་། ཁ་ཆེ་པཎ་ཆེན་གྱི་དུས་ན་ཡོད་པ་ན།   ཆོས་རྗེ་བྱོན་པ་གར་ལོག་གིས་རྨང་རྡོའང་བཏོན་ཏེ་ཆུ་བོ་གང་ག་ལ་བསྐྱུར་ནས་མི་འདུག་གསུངས།”ཞེས་དང་། སྐུ་ཡི“སྨིན་མཚམས་ན་ནོར་བུ་རིན་པོ་ཆེ་གཅིག་ཡོད་པའི་འོད་ཀྱིས་སྔོན་གྱི་དུས་ནུབ་མོའང་ཡི་གེ་མཐོང་བ་གར་ལོག་གིས་སྐས་བཙུགས་ནས་གཟོང་གིས་བཏོན་”ཞེས་དང་། ཡང་“ཡེ་ཤེས་ཀྱི་མགོན་པོ་འདི་ནི་དུར་ཁྲོད་བསིལ་བའི་ཚལ་དུ་རྡོ་ལ་རང་བྱུང་དུ་བྱོན་པ་ལ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྙེད་ནས་སྤྱན་དྲངས་ཏེ་བཞུགས་སུ་གསོལ་བ་ཡིན།  སྔོན་གར་ལོག་གིས་འདིའི་རྡོ་ཐམས་ཅད་ཁྱེར།   སྐུ་ལ་སྣུམ་བྱུགས་པ་དང་།  ཕྱག་འཚལ་བའི་དོད་པོར་མི་གཙང་བས་བྱུགས།   ཐལ་བ་གཏོར།  འཕོངས་བསྟན་པ་”སོགས་བྱས་པ་འདི་དག་ལས་བཙན་འཛུལ་བས་ནང་བའི་གཙུག་ལག་ཁང་དང་བཅས་པའི་རྟེན་མཐའ་དག་ལ་འོ་བརྒྱལ་ཚད་མེད་བྱས་པ་ང་ཚོས་རྗེས་སུ་དཔགས་ཐུབ། ཆག་ལོ་ཆོས་རྗེ་དཔལ་ནཱལེནྡྲ་རུ་བྱོན་དུས“ཏུ་རུ་ཁས་ཉམས་དམས་བྱས་པས་ཞབས་ཏོག་བྱེད་པ་དང་།   མཆོད་པ་འབུལ་མཁན་མེད་པ་ཤས་ཆེ་སྟེ།   སོ་ཕག་གིས་བརྩིགས་པས་མ་ཞིག་པ་མང་པོ་འདུག་”ཅེས་པ་ཡང་ངོ་། །

དེ་ལྟ་ནའང་ནང་བའི་བཙུན་པ་ཚོར་ཁྲབ་རྨོག་ཕུབ་གསུམ་གྱིས་མ་རུངས་དཔུང་ཚོགས་བཟློག་པའི་དཔའ་སྤོབས་མེད་ཀྱང་། རང་གི་ཡབ་མེས་ནས་བརྒྱུད་པའི་རྟེན་དང་བརྟེན་པ་རྣམས་ལ་ཤེས་ནུས་འཇོན་གསུམ་གྱིས་སྲུང་བའི་ཐབས་འདི་ལྟར་འཐེན་པ་སྟེ།“བླ་མ་ཆོས་རྗེ་རྡོ་རྗེ་གདན་དུ་བྱོན་དུས་སུ་མི་གཅིག་ཀྱང་མི་འདུག་པ་ལ་གྲོགས་བཙུན་པ་བཞི་ཡོད་པའི་རྒྱུས་ཅན་ཞིག་ན་རེ།   མ་ལེགས།  གར་ལོག་གིས་ཉེན་ནས་བྲོས་པ་ཡིན་ཟེར།   བྱང་ཆུབ་ཆེན་པོའི་སྐུ་དེའི་སྒོ་སོ་ཕག་གིས་ལེགས་པར་བརྩིགས།   ཞལ་ཞལ་བྱས། དེའི་རྩར་སྐུ་གཅིག་བཞག་སྟེ་རྫུས་མ་སྐུ་ཚབ་ཏུ་བྱས།   ཕྱི་སྒོའང་འདམ་ཞལ་བརྒྱབ་ནས་དེར་དབང་ཕྱུག་ཆེན་པོའི་སྐུ་གཅིག་བྲིས་པས་དེ་མུ་སྟེགས་ཀྱིས་མི་བཤིག་པའི་ཐབས་བྱས་འདུག”ཅེས་པའི་ཚིག་དུམ་གཅིག་པུ་ལ་སོམས་དང་། འདི་ཉིད་ཀློག་ཐེངས་རེར་ཕྲན་གྱི་སེམས་ངོར་ཏུན་ཧོང་གཏེར་ཡིག་གི་བྱུང་བ་དྲན་འོང་། ད་ལྟའི་བར་དུ་ཅིའི་ཕྱིར་སངས་རྒྱས་སྟོང་གི་བྲག་ཕུག་ཏུ་དཔེ་རྙིང་ཁྲི་ཕྲག་མང་པོ་སྦས་དགོས་པའི་གསང་གནད་ཐད་ལ་ལྟ་ཚུལ་རིགས་མི་འདྲ་བ་ལྔ་བཏོན་འདུག་ཀྱང་།   ཕྲན་རང་པོ་ཞིས་ཧི་(伯希和)ལགས་ཀྱིས་ཐོག་མར་བཞེད་པའི་ཉེན་གཡོལ་སྨྲ་བ་ལ་འཐད་པའི་དཔེ་ཡི་སྒྲུབ་བྱེད་ལ་འདི་གཅིག་པུས་ཀྱང་ཆོག་པར་སྙམ་མོ། །

ཆུ་བོ་གང་གཱ།

གསུམ་པ།

རྣམ་ཐར་འདི་ནི་སློབ་དཔོན་ཞོན་ཙང་གི་《ཆེན་པོ་ཐང་གུར་གྱི་རྒྱ་གར་བཀོད་པའི་ཞིང་གི་དཀར་ཆག་》དང་རྗེ་བཙུན་ཇོ་ནང་ཏཱ་ར་ན་ཐ་ཡི་《རྒྱ་གར་ཆོས་འབྱུང་》བཞིན་རྒྱ་གར་ཞིབ་འཇུག་ལ་མེད་དུ་མི་རུང་ཞེས་ཀུན་གྱིས་གདེང་འཇོག་ཆེན་པོ་གནང་སྟེ། མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་ཁོང་གི་《རྒྱ་གར་ལམ་ཡིག་》དང་《གཏམ་རྒྱུད་གསེར་ཐང་》གཉིས་སུ་《ཆག་ལོའི་རྣམ་ཐར་》ལས་ལུང་མང་དུ་དྲངས་ཤིང་། རྒྱ་གར་གྱི་ལོ་རྒྱུས་འཆད་སྐབས་ཡིད་མི་ཆེས་ན་རེ་ཞིག་ཐང་ཟན་དང་ཆག་ལོ་སོགས་ཀྱི་ལམ་ཡིག་ན་གསལ་བས་དེ་རྣམས་ལ་ལྟོས་ཤིག་ཅེས་གསུངས་པ་དང་། དེ་ཉིད་དུ་“རྒྱའི་བཙུན་པ་སྔ་ཕྱི་འདི་གསུམ་གྱི་རྒྱ་གར་ལམ་ཡིག་རྣམས་མཇལ་ཚེ་ཁ་སང་རྒྱ་གར་ནས་བྱོན་ནམ་སྙམ་པ་ཙམ་འཆར། ཞིབ་པ་དང་བདེན་པ་ལ་ཚོད་མེད། རང་རེའི་ཡུལ་དུ་རྒྱ་གར་དང་ཁད་ཉེ་བར་མ་ཟད། བོད་ཀྱི་མཁས་གྲུབ་དེ་ཙམ་ཞིག་ཡུལ་དེར་བྱོན་ཞིང་། མདོར་ན་ཕྱིའི་ཡུལ་གྲུ་གཅིག་གི་ནང་ན་རྒྱ་གར་ལ་རྒྱུས་ཆེ་བ་བོད་ལས་ལྷག་པ་ཞིག་མི་སྲིད་ལྟར་ལགས་མོད། ཆེས་ཞིབ་མོའི་རྒྱུས་བཤད་པ་དེ་འདྲ་ཆག་ལོས་རྡོ་རྗེ་གདན་གྱི་བཤད་པ་ཙམ་ལས་སུས་ཀྱང་མ་གསུངས་པར་སྣང་”ཞེས་《ཆག་ལོའི་རྣམ་ཐར་》ལ་གདེང་འཇོག་གནང་ཡོད་དོ། ། དེར་དམིགས་བསལ་གྱི་ཡུལ་དུས་ཀྱི་དམིགས་གསལ་གྱི་གནས་ཚུལ་མང་པོ་ཞིག་མ་གསང་མ་སྦས་པར་གསོང་བོར་བྲིས་ཡོད་པས།  ཆག་ལོའི་དངོས་སློབ་འཇུ་བ་སྟོན་པ་ཆོས་དཔལ་དར་བྱང་གིས་རྣམ་ཐར་གྱི་དབུ་“བོད་སྐད་དུ། བླ་མའི་གསུང་དྲི་མ་མེད་པ་བསྒྲིགས་ཞེས་བྱ་བ།”ཞེས་པ་ནས་བརྩམས་པ་ལ་ཡང་དགེ་མཚན་དང་། དོན་སྙིང་དང་།  རིན་ཐང་ཆེན་པོ་ལྡན།  རྣམ་ཐར་འདི་ལས་ང་ཚོས་སྐབས་དེའི་ལོ་རྒྱུས་དངོས་ལ་རྒྱུས་ལོན་བྱེད་ནུས་པར་མ་ཟད།  རྒྱ་གར་ཡུལ་གྱི་བཀོད་པ་དང་། ནང་བའི་གཙུག་ལག་ཁང་དང་དེར་བཞུགས་པའི་སྐུ་རྟེན་གྱི་གནས་ཚུལ།  དེ་བཞིན་རྒྱ་གར་གྱི་ཡུལ་སྲོལ་གོམས་གཤིས་དང་།  ལོ་ཙཱ་བའི་ལམ་གྱི་དཀའ་སྡུག་སོགས་ཟུར་ནས་མཐོང་ཐུབ་པ་ཞིག་རེད།  རྣམ་ཐར་འདི་ནི་ས་བཅད་ཆེན་པོ་གཉིས་ཀྱིས་གྲུབ་ཅེ་ན་ཡང་ཐལ་མི་ཆེ་སྟེ།

1.ལོ་ཙཱ་བའི་སློབ་གཉེར་གྱི་ལམ་བུ་སྟེ་བོད་ནས་བལ་ཡུལ་དང་རྒྱ་གར་དུ་འགྲིམས་པ།

དབུས་ཀྱི་གཉལ་ལྟེའུ་ར།→ གཙང་། → བལ་པོ།→ ཏི་ར་ཧུ་ཏིའི་གྲོང་ཁྱེར་པ་ར།→  ཡངས་པ་ཅན་གྱི་གྲོང་ཁྱེར།→ ཆུ་བོ་གང་གཱ→ མ་ག་དྷ།(རྡོ་རྗེ་གདན།→ ཆུ་བོ་ནེ་རཉྫ་ན།→ བྱ་རྒོད་ཕུང་པོའི་རི།→ རྒྱལ་པོའི་ཁབ།→ དཔལ་ནཱལེནྡྲ།)

2.ལོ་ཙཱ་བས་འགྲོ་དོན་སྐྱོང་བའི་ལམ་བུ་སྟེ་རྒྱ་གར་ནས་བོད་དུ་ལོག་ཅིང་མཛད་འཕྲིན་བསྐྱངས་པ།

མ་ག་དྷ།→ཆུ་བོ་གང་གཱ→ཏི་ར་ཧུ་ཏི།→བལ་ཡུལ།→ཡང་དོག །→ས་སྐྱ།→གཉལ་ལྟེའུ་ར།→ལྷ་ས།→ཡར་ལུང་སྟག་ཚལ།→གསེར་ཕྱེ་འབུམ་པ།→བྱང་སྙིང་འབྲུམ།→གཉལ།→ཡར་ལུང་།(ཐང་པོ་ཆེ།→འཇུ་ཕུ།→ཐང་པོ་ཆེ།→མདོ་སྡེ་ཕུག །→འཁོར་རྡོ་དགོན་པ།→ར་གུད།→འདྲེན་ཕུ་ལྷ་སྡིངས།→བྱིང་གི་ཨོ་དཀར་བྲག །→འཇུ་ཕུ།→ར་གུད།)→ས་སྐྱ།→གཉལ་ལྟེའུ་ར།

རྡོ་རྗེ་གདན།

ཞེས་ལམ་ཐིག་ཆེན་པོ་གཉིས་ཀྱིས་གྲུབ་འདུག །  ལམ་ཡིག་འདིར་ཡུལ་གྱི་བཀོད་པ་ངོ་སྤྲད་པ་ཤིན་ཏུ་ཞིབ་ཀྱང་ཡིག་ཚོགས་ཆེན་པོ་མེད་དེ། ཕྱིས་ཀྱི་བླ་ཆེན་སྐྱེས་ཆེན་དག་གི་རྣམ་ཐར་བཞིན་ཚིག་རྒྱན་དང་མངོན་བརྗོད་ཀྱིས་བཅིངས་དྲགས་ཏེ་འབྲེལ་མེད་ཀྱི་དོན་ཞིག་ལ་ཡང་ཡིག་ཚོགས་བརྒྱ་ཕྲག་ལྷག་ལ་བརྒལ་བ་ལྟ་བུ་མིན་པར།“གྲོང་ཁྱེར་པ་ར་བྱ་བ་མི་ཁྱིམ་འབུམ་ཚོ་དྲུག་ཡོད། ལྕགས་རི་བདུན་གྱིས་བསྐོར་བ།  ལྕགས་རི་མཐོ་བ་ལ་བོད་ཀྱི་མཁར་ཙམ་པ། དེའི་ཕྱི་རོལ་དུ་ཆུ་དང་ཤིང་ལ་སོགས་པའི་འོབས་ཉི་ཤུ་རྩ་གཅིག་གིས་བསྐོར་བའི་དབུས་ན་རྒྱལ་པོའི་ཕོ་བྲང་ཡོད།  དེ་ལ་སྒོ་མོ་ཆེ་བ་བཅུ་གཅིག་ཡོད།  ཤར་ནུབ་ལྷོ་ན་གསུམ་གསུམ།  བྱང་ན་གཉིས།  བྱང་གི་གཉིས་པོ་མ་མཐོང་།   གཞན་རྣམས་ལ་སྒོ་མདུན་ན་ཟམ་པ་ཡོད།   ཟམ་པའི་ཕྱི་རོལ་ན་གོ་མཚོན་མདུན་ན་བཞག་པའི་མི་མདའ་འཕེན་པ་བཅུ་ལྷག་རེ་རེ་ཡོད།   ཟོན་བྱེད་པ་འདྲ།  དེ་ལ་ཏུ་རུ་སྐ་གར་ལོག་ཟེར་བའི་དམག་གིས་ལོ་སྐོར་གཅིག་ཏུ་དམག་དྲངས་ཀྱང་མ་ཕབ་སྐད།”ཅེས་མཁར་གྱི་ཁྱད་ཆོས་བརྗོད་སྐབས། ལྷའི་དཔུང་ཚོགས་ཀྱིས་ཀྱང་འཇོམས་པར་མི་ནུས་ཞེས་ལྷ་སྒྲུང་གི་འུད་བརྗོད་མ་བྱས་པར་སྐབས་དེའི་ཏུ་རུ་ཀའི་དམག་གིས་ཀྱང་ཕབ་མ་ཐུབ་ཅེ་ན་མཁར་དེའི་ནུས་པ་དང་ཟིལ་ཤུགས་བླ་ལྷག་ཏུ་བསྟན་ཡོད་པ་དང་། དེ་བཞིན་ཆུ་བོ་གང་གཱའི་སྐབས་སུ། “དེ་ནས་ཡངས་པ་ཅན་གྱི་མཐའ་ནས་རྡོ་རྗེ་གདན་དུ་ལྷོར་ཉིན་ལམ་བརྒྱད་ཡོད།  ཆུ་བོ་གང་ག་ཡོད།  དེ་ནི་ནུབ་ནས་ཤར་དུ་འབབ་པ་ཞོགས་པ་སྔ་མོ་ནས་གྲུ་ལ་ཕྱིན་ཀྱང་ཕ་རོལ་ཏུ་དགོང་མོ་ལས་མི་སླེབས་པ།་་་་་་་་་་ཆུ་བོ་དེའི་ནང་ནས་ཆུ་སྲིན་ན་ཀྲ་ཞེས་པ་གཡག་ཙམ་གཅིག་བྱུང་ནས། རེས་འགའ་གྲུ་རྡིབ་ཏུ་འཇུག  རེས་འགའ་གྲུའི་ནང་ནས་མི་བཟུང་ནས་ཁར་འཁྱེར་འགྲོ་བས་ཤིན་ཏུ་འཇིགས་པ་ཆེའོ། །”ཞེས་དང་མ་ཧེའི་འཇིགས་པ་སོགས་ཀྱིས་ལོ་ཙཱ་བའི་གནས་སྐོར་ལམ་གྱི་དཀའ་སྡུག་མངོན་སུམ་དུ་བསྟན་འོང་བ་མ་ཡིན་ནམ།  འདི་དག་མ་ཟད་རྒྱ་གར་གྱི་སྐྱེ་བོ་རྣམས་རིགས་རབ་འབྲིང་ཐ་གསུམ་དུ་བཀར་བ་དང་། ཆུ་བོ་གང་གཱར་བུ་ཡིས་ཕ་ཡི་རུས་པ་བསྐྱུར་བའི་ཡུལ་སྲོལ་དང་། རྒྱལ་འབངས་སུ་ཡིན་ཡང་ལམ་བར་དུ་རབ་བྱུང་བ་ཚོ་དང་མཇལ་ཚེ་ཕྱག་འཚལ་བའི་གུས་ལུགས་དང་།   མུ་སྟེགས་པ་རྣམས་ཀྱིས་སེམས་ཅན་དམར་མཆོད་བྱེད་པའི་གདུག་རྩུབ་སོགས་ཞོར་ནས་བསྟན་འདུག །

དེ་བས་ཆག་ལོ་ཙཱ་བའི་རྣམ་ཐར་ནི་ལོ་ཙཱ་བ་ཁོང་གི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རྐྱང་རྐྱང་བརྗོད་པའི་རྣམ་ཐར་ཙམ་མིན་པར།  ལོ་རྒྱུས་དང་རྩོམ་རིག །   ལོ་ཙཱ། བརྡ་སྤྲོད། ཡུལ་སྲོལ།  གནའ་དཔྱོད། འཛུགས་སྐྲུན་དང་ས་ཁམས་སོགས་ཟུར་མི་འདྲ་བའི་ངོས་ནས་ཞིབ་འཇུག་བྱེད་ཆོག་པའི་གླེགས་བམ་ཆེན་པོ་ཞིག་གོ །།

བཞི་པ།

མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་རྒ་ལོ་ཙཱ་བ་གཞོན་ནུ་དཔལ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་བཅས་ཀྱི་རྣམ་ཐར་ལ་མཇལ་ན་ཁོང་ཅག་ནི་གྲུབ་ཆེན་པ་ཞིག་གམ། ཉམས་ལེན་པ་ཞིག་ལས་གཙུག་ལག་བསྒྱུར་བའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་པ་མཚན་ཙམ་ལས་ཤེས་ཁག་ཀྱང་།   ཆག་ལོ་ཙཱ་བའི་རྣམ་ཐར་ལ་མཇལ་དུས་འདི་ལྟ་བུ་ནི་ད་གཟོད་ལོ་ཙཱ་བ་ཞིག་གི་རྣམ་ཐར་ལོས་ཡིན་སྙམ་པའི་བསམ་པ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ནས་དད་པའི་སྤུ་ལོང་ཡང་རྣམ་པར་གཡོས།  རྣམ་ཐར་དུ་རྒྱ་གར་གྱི་ས་ཆུ་རི་གསུམ་གྱི་མིང་དང་། ལྷ་སྐུ་དང་དགེ་བའི་བཤེས་གཉེན། གཙུག་ལག་ཁང་ལ་སོགས་ཀྱི་མིང་ཐམས་ཅད་སྔོན་དུ་ལེགས་སྦྱར་སྐད་བོད་ཡིག་གིས་བྲིས། དེའི་གཞུག་ཏུ་ལོ་ཙཱ་བགྱིས་ཏེ་བོད་མིང་རང་བྲིས་པར་མ་ཟད་དེ་ལ་འོས་འཚམ་གྱི་འགྲེལ་བཤད་ཀྱང་བྱས་ཡོད་པས་དེ་ལྟའི་ཁྱད་ཆོས་ཕྲན་གྱིས་མཇལ་བའི་རྣམ་ཐར་གཞན་གསུམ་ལས་མཐོང་དཀོན་པ་ཞིག་རེད།

བྱང་ཆུབ་ཆེན་པོ།

དཔེར་ན“རྡོ་རྗེ་གདན་གྱི་གནྡྷོ་ལི།  བོད་སྐད་དུ། དྲིའི་གཙང་ཁང་ཞེས་སམ་དབུ་རྩེ་ཞེས་པའོ། ། ” ཞེས་དང་།  “པ་ཏྲ་ཞེས་པ་སོར་བཞག་ཡིན།  རི་མོའི་རྒྱུད་དུ་བསྒྱུར་གསུངས། ” ཞེས་དང་། དེ་ཉིད་ལས། “མ་ཧེའི་བོད་སྐད་དུ།  གཡག་རྒོད་ཅེས་བསྒྱུར་རམ།  གཞན་སྐད་དོད་མེད་གསུངས། ”ཞེས་དང་། ཡང་དེ་ཉིད་ལས། “ལོ་མ་དེའི་རུལ་པ་གྲིས་བཅད་དེ་བོར་ནས་འགྲོན་བུ་བསྲེགས་པའི་ཐལ་བ་བཏབ།   དེ་ཆན་ལ་ཕབས་འདེབས་པའི་དོད་པོ་ཡིན།  བར་བར་དུ་དྲི་བཟང་བཏབ་ནས་ཞག་གཉིས་གོས་ཀྱིས་མནན་པ་ལངས་པ་དེ་ལ་པ་ན་ཟེར།  བོད་སྐད་དུ།  བཏུང་བ།   ཆོས་སྐད་དུ།  ཏམ་བོ་ལ། འཕྲལ་སྐད་དམ། བལ་བོའི་སྐད་དུ། གོ་ལ། བོད་སྐད་དུ་སོ་རྩི་ཞེས་པར་བསྒྱུར་ཏེ། དེའི་ཁ་དོག་དམར་པོ་སྐྱུར་སིང་ངེ་བ་དེས་སོ་ལེགས་པར་འོང་བས་སོ་རྩིའོ་གསུངས་སོ། །” ཞེས་པ་ལྟ་བུ་ཤིན་ཏུ་མང་ལ།  འདི་ལྟའི་རྩོམ་ལུགས་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་འདུག་སྙམ་སྟེ།《གཏམ་རྒྱུད་གསེར་ཐང་》དུ་“རྩངས་པ་ཆེན་པོ་བྱི་ལའི་ཚད་ཙམ་ནི་སིངྒ་ལར་ངེས་པར་སྣང་། དེ་ལ་གོ་རྣ་ཟེར་ཞིང་། དེ་ད་བྱིད་དུ་བསྒྱུར་ནས་འདུག་སྙམ”ཞེས་དང་།“གཱནྡྷ་ར་སྟེ་དྲི་ཟའི་ཡུལ་ཅེས་བྱ་བར་གྲགས་ཤིང་ས་འཛིན་ཅེས་བསྒྱུར་”ཞེས་པ་བཞིན་ས་མིང་དང་མི་མིང་ལྷ་མིང་སོགས་ཀྱི་སྐབས་ལ་ཡང་པཊལིཏྲའམ་སྐྱ་ནར་བུ། མ་ཐུ་ར་བཅོམ་བརླག ། ཀུ་ཎྱ་ཀུཔྫ་བུ་མོ་སྒུར་མོའི་ཡུལ། ཏཀྵཤི་ལ་རྡོ་འཇོག །  དྷརྞ་ཀཌ་འབྲས་སྤུངས། ཤི་ཝའམ་ཞི་བ་སྟེ་དབང་ཕྱུག ། བིནྡྱཱ་ཅལ་རི་བོ་འབིགས་བྱེད། ཤྲཱི་པ་པ་ཏ་དཔལ་གྱི་རི། དྷརྨ་ཨ་ཤོ་ཀ་ཆོས་རྒྱལ་མྱ་ངན་མེད། ཨ་ཤྭ་མེ་དྷ་རྟ་གཙང་མཆོད་སྦྱིན། ཨ་ཤྲ་མ་གནས་སྐབས་སམ་ངལ་གསོ། སོ་མ་ར་ཛ་ཟླ་བའི་རྒྱལ་པོ། བེ་ད་རིག་བྱེད་སོགས་མང་དུ་བྲིས་ཡོད་པས་སོ། ། 

གཤམ་དུ་《ཆག་ལོའི་རྣམ་ཐར་》དུ་གསལ་བའི་མིང་དང་ཚིག་གི་སཾ་བོད་ཤན་སྦྱར་ཕྱོགས་བསྒྲིགས་ཀྱི་རེའུ་མིག་ཅིག་དགོད་པར་བྱ་སྟེ།

ལྷ་མིའི་མིང་།
 སཾསྐྲྀ་ཏའི་སྐད།བོད་ཡིག
1ངྷརྨ་སཱུ་མི་ཤྲི།ཆོས་རྗེ་དཔལ།
2རདྣ་རཀྵི་ཏ།རིན་པོ་ཆེ་འཚོ།
3རེ་ཝནྡྲེ་དེ་ཝ།ཉི་མའི་དབང་པོ།
4བུངྔྷ་སེ་ན།སངས་རྒྱས་སྡེ།
5རཱ་ཛ་ངྷརྨ་ཨ་ཤོ་ཀཆོས་རྒྱལ་མྱ་ངན་མེད།
6དེ་བི་ཀི་ལི།ལྷ་མོ་ནག་མོ།
7ཝ་ར་རུ་ཙི།མཆོག་སྲེད།
8ཀཱ་ལི་དཱ་ས།ནག་མོའི་ཁོལ་པོ།
9ར་ཧུ་ལ་ཤྲི་བྷ་དྲ།དཔལ་སྒྲ་གཅན་འཛིན་བཟང་པོ།
10ཛ་ཡ་དེ་ཝ།རྒྱལ་བོའི་ལྷ།
11མཉྫུ་གྷོ་ཥ་གྲཱྀ་ཝངྒ།འཇམ་དཔལ་འཇང་ཡོན།
12བྷ་ག་ར་ཧུ་ལ།ཇོ་བོ་ཆོས་ཀྱི་འབྱུང་གནས།
13ཏཱ་རཱ།སྒྲོལ་མ།
14སོ་བ་ནཱ་ཐ།ཟླ་བ་མགོན་པོ།
15ཧ་ཡ་གོ་ཥ།རྟ་དབྱངས།
ས་ཆུ་རི་གསུམ་གྱི་མིང་།
 སཾསྐྲྀ་ཏའི་སྐད།བོད་ཡིག
1མ་ག་དྷ།དབུས་འགྱུར་འཆང་།
2གྲི་ངྷ་ཀུ་ཌ་པརྦ་ཏ།བྱ་རྒོད་ཕུང་བོའི་རི།
4ནཱ་ལེནྡྲ།མིའི་དབང་པོ།
5ཏཱ་ར་བི་ཧཱ་ར།སྒྲོལ་མའི་ལྷ་ཁང་།
6ངྷརྨཱ་ངྷཱ་ཏུ་བི་ཧ་ར།ཆོས་ཀྱི་དབྱིངས་ཀྱི་གཙུག་ལག་ཁང་།
7བཛྲ་ཨཱ་ས་ན།རྡོ་རྗེ་གདན།
8ཨུ་ཤི་ར།རྩེ་མཐོན། མགོ་བོ་ཆེ།
3ནེ་རཉྫ་ན།དགའ་སྐྱེས།
9ཆུ་བོ་གང་ག 
སྣ་ཚོགས་ཀྱི་མིང་།
 སཾསྐྲྀ་ཏའི་སྐད།བོད་ཡིག
1གནྔྷི་ལི།དྲིའི་གཙང་ཁང་། དབུ་རྩེ།
2ས་ཧ་ལི།སྦྲང་སྐྱོབས།
3པ་ཏྲ།རི་མོའི་རྒྱུད།
4བྱཱ་ཀ་ར་ཎ།ལུང་སྟོན་པ། བརྡ་སྤྲོད་པ། གསལ་བར་བྱེད་པ།
5བཛྲ་གཎྜ།རྡོ་རྗེ་དྲིལ་བུ།
6བོ་ངྷི་བྲིཀྵ།བྱང་ཆུབ་ཤིང་།
7མ་ཧ་བོ་ངྷི།བྱང་ཆུབ་ཆེན་པོ།
8སྭཱ་བ།འབྲས་མ་དཀྲུགས་པ།
9མ་ཧེ།གཡག་རྒོད།
10མ་ཧཱ་སྟྭ།སྙིང་སྟོབས་ཆེན་པོ། སེམས་དཔའ་ཆེན་པོ།
11དཀྵི་ན་ར།ལྷོ་ཕྱོགས་ཀྱི་རྒྱུད།
ཚིག་གི་སྐོར།
 སཾསྐྲྀ་ཏའི་སྐད།བོད་ཡིག­­
1གུ་རུ་བི་མ་ལ་ཨཱ་བ་ལི་ནཱ་མ།བླ་མའི་གསུང་དྲི་མ་མེད་པ་བསྒྲིགས་པ་ཞེས་བྱ་བ།
2བ་ཧུ་ཏ་ས་ཏྭ་ཨཏྠི།སེམས་ཅན་མང་པོའི་དོན་འོང་གསུངས།
3ར་ག་ནི་ཤྲི་ཏ།འདོད་ཆགས་བསྟེན་པ།
4ར་གཱ་ཨ་ནི་ཤྲི་ཏ།འདོད་ཆགས་མི་བསྟེན་པ།
5རཱ་ཧུ་ལ་ཧེ་བནྔྷ་ནམ་ཀྱེ།ཇོ་བོ་ལ་ཕྱག་འཚལ་ལོ།
6པྲ་ཛྙ་པ་ར་མི་ཏ་ཧོ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན།
7ཨ་རཀྵོ་ཧོ།ནད་མེད་པར་གྱུར་ཅིག
8བྷོ་ཌ་ཧོ།བོད་ཡིན།
9ཨ་ནུ་པྲ་ཤ་མ།རྗེས་སུ་བསྐྱངས་པའི་རྒྱན།
10དེ་ཤ་དེ་ཤ།ལྟོས་དང་ལྟོས་དང་།
11བཛྲ་གཎྜ་ཕ་ལ་ཕ་ལ།རྡོ་རྗེ་དྲིལ་བུ་བཟང་།
12བྷོ་ཌ་ཨ་ཏི་ཕ་ལ།བོད་ངོ་མཚར་ཆེ།
བྱང་ཆུབ་ཤིང་།

ལྔ་པ།

ཕྲན་གྱིས་ཐོག་མར་མཇལ་བའི་《ཆག་ལོའི་རྣམ་ཐར་》ནི་རྫོང་རྩེ་སྤྲུལ་སྐུ་དཀའ་ཆེན་བྱམས་པ་ཐུབ་བསྟན་གྱིས་སྤྱི་ལོ1980ལོར་འཚོལ་བསྡུ་བགྱིས་ནས་དཔར་བའི་《ཆག་ལོའི་རྣམ་ཐར་》ཏེ།  ཁོང་གིས་དེབ་འདིའི་སྔོན་འགྲོའི་གཏམ་དུ“མ་དཔེ་ངོ་མ་དབུ་མེད་བསྡུས་ཡིག་ཅན་དུ་ཡོད་ཁར་ཡིག་འབྲུ་སྔ་འཛོལ་སོགས་ལན་མང་སྣང་མོད།  མ་དཔེར་སོང་དགོངས་དགོས་ཅི་རིགས་ལ་བརྟགས(བརྟག)་སྙམ་ནས་དག་བཅོས་མེད་པར་མ་དཔེ་ཇི་བཞིན་པ་རེ་དེབ་ཀྱི་གཡོན་ངོས་དང་།  ཡང་བྱ་བྱེད་ནོར་བ་སོགས་སུ་སུམ་རྟགས་ཀྱི་འཆད་ཚུལ་ཡོངས་གྲགས་དང་མ་མཐུན་པའི་རིགས་རྣམས་ལ་ཤེས་ཚོད་ཀྱིས་བཟོ་བཅོས་ཐོག   ཐེ་ཚོམ་ཅན་ལ་འཇུག་རྟགས་དང་བཅས་དེབ་ཀྱི་གཡས་ངོས་སུ་ཐད་ཀར་གུང་བསྒྲིགས་ཏེ། ཁྱད་པར་ཤེས་སླ་བའི་ཐབས་ཚུལ་གང་ཡོད་བགྱིས་་་་”ཞེས་གསུངས་ཤིང་། རྩོམ་སྒྲིག་པས་སཾསྐྲྀཏའི་ཡི་གེ་དངོས་ལྟར་《ཆག་ལོའི་རྣམ་ཐར་》དུ་གསལ་བའི་ལེགས་སྦྱར་སྐད་ཁ་ཤས་བཅོས་འདུག་ཀྱང་།  སྔོན་གྱི་ལོ་ཙཱ་བ་ཚོས་བོད་ཡིག་གིས་སཾསྐྲྀཏའི་སྐད་དངོས་ཐོན་པར་དམིགས་ནས་འབྲི་སྲོལ་ཡོད་པས་དེ་བཞིན་བྲིས་པ་ལགས་ན་ཡིག་ནོར་སོགས་ནི་མིན་པར་བརྗོད་པས། དཔེ་རྙིང་བསྡུ་སྒྲིག་གི་ལས་ཀ་བ་ཞིག་ལ་མཚོན་ན་འདི་ལྟ་བུ་ཤིན་ཏུ་གཟབ་དགོས་པ་ཞིག་ཡིན་པར་སྙམ།  དཔེར་ན་མ་དཔེ་རང་དུ་ནཱ་ལེནྡྲ་ཞེས་འབྱུང་ཡང་རྩོམ་སྒྲིག་པས་མཐའ་གཅིག་ཏུ་ནཱལནྡཱ་རུ་བཅོས་པ་ལ་མཚོན་ན།  དེ་གཉིས་ནི་རེབ་ཀོང་དང་རེབ་གོང་ཞེས་འབྲི་ཚུལ་གཉིས་ཡོད་པ་ལྟར་གདམ་ང་ཅན་ཡིན་པས། མ་ཡིག་ནང་ལྟར་སོར་བཞག་བྱེད་དགོས་པ་ནི་ཤིན་ཏུ་འགངས་ཆེ་བར་སྙམ།  འདིའི་སྐོར་ལ་ལེགས་སྦྱར་སྐད་ལ་བྱང་བའི་མཁས་དབང་དགེ་ཆོས་ཀྱིས་《གཏམ་རྒྱུད་གསེར་ཐང་》དུ་“ལར་སྔོན་གྱི་རྒྱ་སྐད་གདངས་ཅི་ལྟར་ཐོན་པ་ཙམ་བོད་ཡིག་ལ་བྲིས་པ་ལས་མི་འདུག་ཅིང་།  བཛྲ་སོགས་ལའང་།   འབའ་འཛར་སོགས་སུ་ལོ་ཙཱ་བ་འགའ་ཞིག་གི་མཚན་གཤམ་དུ་གསལ་བའི་ཕྱག་བྲིས་ལ་ཡང་འདུག་པས། ལེགས་སྦྱར་གཙང་སང་རྒྱ་ཡིག་ཇི་ལྟ་བ་བཞིན་བྲིས་ཆོག་པ་འདི་དུས་ཕྱིས་ཙ་ན་མཁས་པ་རྣམས་ཀྱིས་མཛད་པ་ཞིག་ཏུ་སྣང་།”ཞེས་གསུངས་པ་ལས་ཀྱང་དེ་ལྟར་བྲིས་པ་ནོར་འཁྲུལ་མིན་པ་ཤེས་སླ།

1. མ་དཔེ་རུ་ཆད་ནོར་སོགས་ཤིན་ཏུ་མང་པ་རྩོམ་སྒྲིག་པ་ཁོང་གིས་སུམ་རྟགས་ཀྱི་གཞུང་ལྟར་ནོར་བ་དག་བཅོས་དང་ཆད་པ་ཁ་སྐོང་གནང་བ་ཤིན་ཏུ་བཀའ་དྲིན་ཆེ་སྟེ།  མ་དཔེ་རུ་“བླ་མ་ཆོས་རྗེའི་རྡོ་རྗེ་གདན་དུས་སུ་མི་གཅིག་ཀྱང་མི་འདུག་་་་་་”ཅེས་པ་ལ་གོ་རྒྱུ་ཅི་ཡང་མེད་པས་ན་བུ་དཔེ་རུ་“བླ་མ་ཆོས་རྗེས་རྡོ་རྗེ་གདན་དུ་བྱོན་དུས་སུ་མི་གཅིག་ཀྱང་མི་འདུག་་་་”ཅེས་དོན་ལ་བསྟུན་ནས་སྟོང་ཆ་བསྐངས་པ་དང་། “དེའི་དུས་སུ་ཡང་བུད་མེད་ཅིག་བྱུང་ནས་གར་ལོག་ཐག་རིང་པོ་ཞིག་ཏུ་སོང་ནས་མེད་ཟེར་(བའི)གཏམ་སྙན་པོ་བསྒྲགས་སོ། ། ”ཞེས་མ་དཔེ་རུ་(བའི་)ཆད་པས་བསམ་ན་དོན་གོ་ཡང་ཀློག་ན་ངག་ལ་མི་བདེ་བ་རྣམས་ལ་ཡང་ཞུ་དག་གང་འཚམ་གནང་འདུག་པ་ནི་རྗེས་སུ་ཡི་རང་དགོས་པ་ཞིག་རེད།  འོན་ཀྱང་། སྐབས་ལན་རེར་མོན་ཡུལ་རྡོར་གཅོད་ཀྱི་གནས་སུ་སོང་བ་ཡང་མང་པོ་འདུག་སྟེ།མ་དཔེ་རུ་ཆག་ལོ་ཙཱ་བ“བལ་ཡུལ་དུ་ལོ་རིལ་པོ་བརྒྱད་བཞུགས་སོ། ། ”ཞེས་པ་ལ་བུ་དཔེ་རུ་ལོ་རིལ་པོ་ལ་ལོ་ཧྲིལ་བོ་ཞེས་བཅོས་པ་དགོས་པ་མེད་པར་བསམ་ཞིང་། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཐེའུ་བྲང་ལ་ཐེའུ་རང་དང་།  འབའ་སྦྲོམ་ལ་འབའ་རོམ།  བླ་བྲང་ལ་བླ་རང་།  སྦྲིད་ལ་རིད། སྐྱིད་གྲོང་ལ་སྐྱིད་རོང་ཟེར་བ་བཞིན་ཡིན་པར་ཕྲན་གྱིས་འདོད།

སངས་རྒྱས་ཀྱི་ཞབས་རྗེས།

2. མ་དཔེ་རུ་ཆག་ལོ་ཙཱ་བ་བརྒྱད་སྟོང་པའི་རྒྱ་དཔེ་ཞིག་ཁུར་ནས་རྡོ་རྗེ་གདན་དུ་བྱོན་པས། དཀོན་གཉེར་གྱིས་ཆོས་ཅི་ཡིན་ཟེར་བ་ལ།  ཆོས་རྗེས“པྲ་ཛྙ་པ་ར་མི་ཏ་ཧོ”ཞེས་སཾསྐྲྀཏའི་སྐད་ཀྱིས་བརྗོད་པ་ལ་བུ་དཔེ་རུ་“པྲ་ཛྙཱ་པཱ་ར་མི་ཏཱའོ”ཞེས་བཅོས་པ་ཡང་མི་རིགས་ཏེ།  “ཧོ་”ཞེ་ན་ལེགས་སྦྱར་སྐད་དུ“ཡིན”ཟེར་བ་ལ་འཇུག་པ་འདྲ་སྟེ། རྣམ་ཐར་རང་དུ་བོད་ཡིན་ཟེར་ལ་ལེགས་སྦྱར་སྐད་དུ “བྷོ་ཌ་ཧོ་”ཞེས་བརྗོད་པ་ལས་ཤེས་ནུས་སོ། །

3. མ་དཔེ་རུ་བྱ་རྒོད་ཕུང་བོའི་རི་ནས་“ས་བསླངས་ཏེ་ས་དེ་རྟེན་གྱི་ཞབས་སྡོམ་པ་ལ་སོགས་པའི་ནང་དུ་བཞུགས་པ་ཡིན”ཞེས་པའི་“སྡོམ་”ལ་བུ་དཔེ་རུ་འ་“འདོམས་”བྲིས་པ་ནོར་ཏེ།   གནས་འགངས་ཆེན་གྱི་ས་རྡུལ་ཙམ་ཡང་རྟེན་བྱིན་ཅན་དུ་སྙམ་པ་བོད་ཐུན་མོང་གི་སྲོལ་ཞིག་ཡིན་པའང་འདི་ནས་ཤེས་སླ་ལ། འདིར་བྱ་རྒོད་ཕུང་བོའི་རི་ནས་འཁྱེར་བའི་ས་དེ་སྐུ་འདྲ་སོགས་ལ་གཟུངས་གཞུག་འབུལ་དུས་དེའི་ཞབས་སྡོམ་བྱེད་ཀྱི་རྒྱུ་ལ་རུང་བ་དེ་ཡིན་པར་བསམ། སྐུ་རྟེན་བརྟག་ཐབས་སོགས་སུ་“ཞབས་སྡོམ་ལེགས་ཤིང་རྡོ་རྗེ་རྒྱ་གྲམ་སྤྲས་”ཞེས་འབྱུང་བས་སོ། །

4. མ་དཔེ་རུ་ཆག་ལོ་ཙཱ་བ་སྐུ་གཤེགས་པའི་ཚུལ“གདུལ་བྱའི་དོན་དུ་དགུང་ལོ་དྲུག་ཅུ་རྩ་བདུན་བཞུགས་ནས་ཤིང་ཕོ་བྱི་བ་ལོའི་དགུན་ཟླ་ར་བ་དབོའི་ཟླ་བ།  རེས་གཟའ་ལྷག་པ།  སྐར་མ་ནམ་གྲུའི་དུས།   བྱེད་པ་ཁྱིམ་སྐྱེས།  སྦྱོར་བ་ཤིན་ཏུ་མཆོག་ཅན་ཚེས་བཅུའི་ཉིན་མོ་ཉི་མ་ལྷན་དྲོས་པ་ལ་ནི་ཞི་བར་གཤེགས་སོ། །”ཞེས་འབྱུང་བའི“སྦྱོར་བ་”ལ་བུ་དཔེ་རུ་དཔལ་འབྱོར་གྱི“འབྱོར་བ་”ལ་བཅོས་པ་ཡང་དོན་འགལ་དུ་འགྲོ་བ་ཞིག་མ་ཡིན་ནམ།

5. ཕྱིས་སུ་རྩོམ་འདིའི་དག་བཅོས་མ་འབྲི་དུས་ཕྲན་གྱིས་རྣམ་ཐར་འདིའི་དབུ་མེད་བྲིས་མ་ཞིག་དང་སེར་གཙུག་ཚང་གིས་དཔར་བའི་《ཆག་ལོའི་རྣམ་ཐར་》གཉིས་ལག་སོན་བྱུང་བས། རྫོང་རྩེ་སྤྲུལ་སྐུ་ཚང་གིས་ལེགས་སྒྲིག་གནང་བའི་《ཆག་ལོའི་རྣམ་ཐར་》དང་བསྡུར་ནས་བཀླགས་པ་ན།  དབུ་མེད་པར་མ་དང་བསྡུར་ན་རྫོང་རྩེ་སྤྲུལ་སྐུའི་པར་གཞི་ལ་ཕྲེང་ཆད་སོགས་ཀྱི་གནད་དོན་རེ་གཉིས་འདུག་ཅིང་།  འདིར་དམིགས་གསལ་གྱིས་གླེང་འདོད་པ་ནི་“གྲོང་ཁྱེར་པ་ར་”ཞེས་པའི་ས་མིང་དང་འབྲེལ་བའི་རྙོག་དྲ་ཞིག་སྟེ་གོ་སླ་བའི་སླད་དུ་རེའུ་མིག་ཏུ་དགོད་པར་བྱ།

བྱ་རྒོད་ཕུང་པོའི་རི།
དབུ་མེད་པར་མ།རྫོང་རྩེ་སྤྲུལ་སྐུའི་པར་གཞི།སེར་གཙུག་པར་གཞི།
གྲོང་ཁྱེར་པ་ར།གྲོང་ཁྱེར་པ་ཏ།གྲོང་ཁྱེར་པ་ཏ།
གྲོང་ཁྱེར་པ་ར།གྲོང་ཁྱེར་པ་ཌ།གྲོང་ཁྱེར་ས་ར།
གྲོང་ཁྱེར་པ་ར།གྲོང་ཁྱེར་པ་ཌ་ལ།གྲོང་ཁྱེར་ག་ར།

དབུ་མེད་པར་མ་ལས་པར་མ་གཞན་གཉིས་སུ་གྲོང་ཁྱེར་གཅིག་ཡིན་ཡང་དེ་ལ་འབྲི་ལུགས་ཐ་དད་པ་སྣ་ཚོགས་བྱུང་བས་འདི་ལྟའི་གནད་དོན་ཇི་ལྟར་འབྱུང་བ་ལ་ཅུང་ཙམ་དཔྱད་ན།  མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་《བོད་ཀྱི་དཀར་ཆག་རིག་པ》རུ་“བོད་ཡིག་གི་བྲིས་མ་མང་པོ་ཞིག་ཞུས་དག་ཡག་པོ་ཞིག་བྱུང་མེད་པ་དང་།  དབུ་ཅན་གྱི་བྲིས་མ་ཁག་གཅིག་གི་མ་དཔེ་དབུ་མེད་ཡིན་སྟབས་དབུ་མེད་ཀྱི་བསྡུ་ཡིག་ལ་གོ་བ་མ་ལོན་པར་འོལ་ཚོད་ཀྱིས་བྲིས་པ་དང་།  དབུ་མེད་ཀྱི་ཏ་དང་ར་ཕན་ཚུན་ནོར་བ།  པ་དང་བ་ཕན་ཚུན་ནོར་བ།  ཁ་དང་ཕ་ཕན་ཚུན་ནོར་བ། ན་རོ་དང་འགྲེང་བུ་ཕན་ཚུན་ནོར་བ་སོགས་བྱུང་ཡོད་”ཅེས་གསུངས་པ་བཞིན། གོང་གི་གྲོང་ཁྱེར་པ་རའི་གནད་དོན་ཡང་དབུ་མེད་ཀྱི་པ་དང་ས།  ར་དང་ཏ་གཉིས་ཕན་ཚུན་ནོར་བ་ལས་བྱུང་བར་སེམས།  དེ་ལ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་“གླེགས་བམ་དུ་བྲིས་པའི་རྒྱུན་རྣམས་ཀྱང་ཕལ་ཆེ་བ་དག་ནི་ཡི་གེ་གཤར་དུ་བྲིས་པ་ལ་དཔེ་བྱས་པ་ཤས་ཆེ་བར་བྱུང་བའི་རྟགས་སུ། དཔེར་ན་ཡིག་འབྲུ་ཏ་ར་དང་། པ་ས་དང་། དྷ་ཧ་དང་། ཊ་སྡེ་དང་ཏ་སྡེ་ལྟ་བུ་ཕན་ཚུན་འབྲུ་ནོར་བྱུང་བ་དང་། བརྩེགས་པ་གྲལ་རིམ་དུ་ཤོར་བ་ལ་སོགས་པའི་འབྲུ་ནོར་ཅུང་ཟད་རེས་རྐྱེན་བྱས་ཏེ། མེ་སྟག་ཆུང་ངུ་ལས་མཆེད་པས། ནགས་ཚལ་ཆེན་པོ་མེར་སྤར་བ་བཞིན་དུ་རིམ་གྱིས་རྒྱ་མིན་བོད་མིན་དུ་གྱུར་པའང་མང་དུ་མཆིས། དེ་དག་ལས་འདྲི་(འབྲི)མཁན་དང་ཀློག་མཁན་གཉིས་ཀས་ཀྱང་དག་སྣང་སྦྱོང་བ་ཙམ་མ་གཏོགས། རྟོག་དཔྱོད་རིག་པའི་སྲང་མདས་གཞལ་བདེགས་(འདེགས)མ་གྲུབ་པར་བཏང་སྙོམས་སུ་ལུས། དེ་ལས་རྒྱུན་འབྱམས་སུ་སོང་བ་ཤིན་ཏུ་དཔྱོད་དཀའ་བར་མཆིས་སོ། །”གསུངས་པ་ཤིན་ཏུ་མད་པའི་ལེགས་བཤད་དུ་སྣང་།

གཞན་ཡང་ཆག་ལོའི་རྣམ་ཐར་གྱི་པར་གཞི་ཕལ་མོ་ཆེར་གྲོང་ཁྱེར་པ་རའི་སྐབས་སུ་“ཟམ་པའི་ཕྱི་རོལ་ན་གོ་མཚོན་མདུན་ན་བཞག་པའི་མེ་མདའ་འཕེན་པ་བཅུ་ལྷག་རེ་རེ་ཡོད།   ཟོན་བྱེད་པ་འདྲ།”ཞེས་གསལ་བ་ལ་གཞིགས་ན། ཆག་ལོའི་སྐབས་ནས་བཟུང་རྒྱ་གར་རང་དུ་མེ་མདའ་དར་ཡོད་པར་བརྗོད་ཆོག་སྙམ་མོད། མ་གཞི་ཡིན་པ་ནི་ཚིག་གི་གཅོད་མཚམས་མ་འགྲིག་པ་དང་གི་གུ་འགྲེང་བུ་ལ་འཁྲུལ་བའི་མཇུག་འབྲས་ཏེ། རྣམ་ཐར་གྱི་དབུ་མེད་བྲིས་མ་རུ་“མི་མདའ་འཕེན་པ་བཅུ་ལྷག་རེ་རེ་ཡོད་”ཅེས་གསལ་བོར་བྲིས་ཡོད་དོ། ། འདི་ལྟ་བུ་ནི་ཤིན་ཏུ་གནད་འགག་ཅན་ཞིག་ཡིན་པར་སྙམ་ནས་ཡིག་ཚོགས་དང་ངལ་བ་ལ་མ་འཇིགས་པར་རང་ནུས་ཀྱིས་ཀུན་ལ་དཔྱད་གཞིར་ཕུལ་བ་ལགས།

དཔལ་ནཱ་ལེནྡྲའི་ཤུལ།

དྲུག་པ།

བདུན་ཕྲག་གཅིག་གི་རིང་ལ་ཡུལ་དུས་གནས་བབ་ཀྱི་བཀག་རྒྱ་གཏོར་ཏེ།  ཆག་ལོ་ཙཱ་བ་དང་ལྷན་དུ་རྒྱ་གར་རིག་པས་བསྐོར་ཞིང་།  ནམ་ཞིག་གི་ཚེ་ན།  ཕྲན་རང་ཡང་ཁོང་བཞིན་རྒྱ་གར་དུ་སློབ་གཉེར་ལ་བསྐྱོད་པའི་ལས་དང་བསོད་ནམས་མེད་ཀྱང་།   རྣམ་ཐར་དུ་གསལ་བའི་འཕགས་ཡུལ་གྱི་ནང་པའི་གཙུག་ལག་ཁང་དང་དགོན་ཤུལ། སྐུ་གསུང་ཐུགས་རྟེན་རྣམས་ལ་དངོས་སུ་མཇལ་བའི་སྐལ་བ་ཞིག་ཡོད་པར་སྨོན།

དེང་སང་ཡི་གེ་བ་ཀུན་གྱིས་རྩོམ་ཡིག་སོགས་སུ་གྲོང་ཁྱེར་གྱི་མིང་འབྲི་ཚེ་ལྷ་ས་གྲོང་ཁྱེར་དང་ཁྲིན་ཏུའུ་གྲོང་ཁྱེར། ཟི་ལིང་གྲོང་ཁྱེར་ཞེས་རྟག་པར་གྲོང་ཁྱེར་ཞེས་པའི་ཐ་སྙད་ས་མིང་གི་རྗེས་སུ་བྲིས་ཀྱང་།  སྔོན་གྱི་བསྟན་བཅོས་རྣམས་སུ་དེ་ལས་ལྡོག་སྟེ།   《ཆག་ལོའི་རྣམ་ཐར་》དུ་གྲོང་ཁྱེར་པ་ར་དང་གྲོང་ཁྱེར་ཡངས་པ་ཅན་ཞེས་འབྱུང་བ་བཞིན་གྲོང་ཁྱེར་མ་ག་དྷ། གྲོང་ཁྱེར་བཅོམ་བརླག །  གྲོང་ཁྱེར་སྐྱ་ནར་བུ་ཞེས་བྲིས་ཡོད་པ་ནི་མཐོང་ཆོས་ལྟར་དང་།  གལ་ཏེ་གྲོང་ཁྱེར་ས་མིང་གི་རྗེས་ལ་སྦྱར་ན་ཡང་འབྲེལ་སྒྲའི་ཕྲད་ཀྱིས་མཚམས་སྦྱོར་བ་ཞིག་ཡིན་ཏེ།  ཡངས་པ་ཅན་གྱི་གྲོང་ཁྱེར། མཉན་ཡོད་ཀྱི་གྲོང་ཁྱེར།  མ་ག་དྷའི་གྲོང་ཁྱེར་ཞེས་བྲིས་འདུག་པས་ཕྲན་གྱིས་དེར་གཞིགས་ནས། དཔེ་ཀློག་ཟིན་བྲིས་འདི་ཉིད་ཀྱི་མཇུག་བསྡུ་བར་བྱ་སྟེ།   ཆག་ལོ་ཙཱ་བ་ཕྱི་མ་ཆོས་རྗེ་དཔལ་མཆོག་སྐུ་གཤེགས་ནས་མི་ལོ་753འདས་པའི་ལོ་སྟོད་དུ་གྲོང་ཁྱེར་སྤོས་ངད་ལྡན་དུ་སྒོ་བུ་ཤ་བོ་ཚེ་རིང་གིས་《ཆག་ལོའི་རྣམ་ཐར་》ལ་ཚར་ལྔ་ལ་མཇལ་བའི་འབྲས་བུར་བྲིས་པ་དགེའོ། །

སྤྱི་ལོ་2017ལོའི་སྤྱི་ཟླ་4པའི་ཚེས་1ནས་3བར་བྲིས་ཤིང་སྤྱི་ཟླ་10པའི་ཚེས་25ནས་28བར་བཅོས།