གཅིག ཀྲིའི་རྡོ་རིང་ཆེ་ཆུང་གདན་དྲངས་པ། 

དེ་ཡང་ཡིག་རྙིང་མཁས་པ་པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་ཞོལ་རྡོ་རིང་ཕྱི་མ་དེ་ཉིད་སྡེ་པ་སངས་རྒྱས་རྒྱ་མཚོས་ལྷ་སའི་ཤར་ཕྱོགས་ཀྱི་ཀྲི་ཞེས་པའི་ཡུལ་ནས་གདན་དྲངས་པར་གསུངས[1]ཤིང་། དེའི་ཕྱིས་སུ་ལྕང་ཆུང་བསོད་ནམས་ཚེ་རིང་གིས་ཀྱང་ཞོལ་རྡོ་རིང་ཐོག་མ་ཉིད་ནས་རྩེ་ཞོལ་དུ་བཙུགས་ཡོད་མེད་སྐོར་གྱི་དོགས་དཔྱོད་ཅེས་པ་བྲིས་ཏེ་པ་ཚབ་ལགས་ཀྱིས་གསུངས་པ་དེ་ཡང་དག་པར་སྒྲུབ་ཡོད་ལ། ཁོང་གིས་དེ་ལྟར་ཡིན་པའི་ཤེས་བྱེད་གཙོ་བོ་ཞིག་ལ་ཕོ་བྲང་དམར་པོའི་ཚོམས་ཆེན་ནུབ་ཀྱི་ཐོག་བརྩེགས་གཉིས་པའི་བར་འཁྱམས་ཀྱི་གྱང་ངོས་སུ་ཡོད་པའི་ལྡེབས་རིས་ཤིག་གི་མཆན་དུ་ཀྲིའི་རྡོ་རིངས་ཆེ་བའི་གདན་མཐོ་བཅུ་གསུམ་གྲུ་བཞི། བང་རིམ་གསུམ་པ་རོད་ཤིན་ཏུ་ལྕི་བ་སྐྱིད་ཆུར་ཤན་གསུམ་གྱིས་མ་ཐེག་པར་ཟམ་འཛུགས་བཅས་བྲག་གདོང་དངོས་དཔལ་བས་དྲངས་པ་ཞེས་བྲིས་འདུག་པ་དེ་ཙམ་ལ་བྱས་འདུག་མོད། དེ་ལ་དེ་ལས་ཀྱང་གསལ་བའི་ཁུངས་འདུག་པ་ཅུང་ཟད་སྤྲོ་བར་བྱས་ན།    སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《དུ་ཀཱུ་ལའི་གོས་བཟང་གླེགས་བམ་ལྔ་པའི་འཕྲོས་དྲུག་པ་》རུ། ཚེས་བཅོ་ལྔ་ལ་ཀྲིའི་རྡོ་རིང་ཆེ་བ་དཀྱུས་རྒྱུག་མཐོ་སུམ་ཅུ། རྩ་ཞེང་རྒྱུག་མཐོ་བཞི་མཚོན་གང་ཡོད་པ་བྲག་གདོང་པ་དངོས་གྲུབ་དཔལ་འབར་གྱིས་དོ་དམ་བྱས་འུ་ལག་པ་བཞི་བརྒྱ་སོ་བརྒྱད་ཀྱིས་ལས་ཞག(ཉེར་བཞིར)སྐྱིད་ཆུར་ཤན་ཉིས་སྦྲེལ་དང་འཁོར་ལོ་བཅས་དྲངས་པ་འབྱོར་རོ།། སྐབས་དེར་ལས་དཀར་སྨོན་ལམ་(ནི་དྲང་)པས།། འབྱུང་འགྱུར་ས་གསུམ་གཙུག་རྒྱན་མཆོད་སྡོང་འདིར།། ཆེད་དམིགས་ཉི་ཟླ་སྒྲུབ་པ་བཞིན་གྱི་རྡོ།། ཤིན་ཏུ་རིང་བའི་ཚད་དུ་ཕྱིན་པ་གང་།། དངོས་གྲུབ་དཔལ་འབར་མིང་ལྡན་བྲག་གདོང་པའི།། བློ་བརྩོན་བཀོད་པའི་ཤིང་རྟས་ཉེར་དྲངས་པ།། གཙུག་ལག་འབུམ་གྱི་སྒོ་འབར་ཡོངས་ཕྱེ་བའི།། ཕོ་བྲང་ཆེན་པོའི་འདུན་ས་མཛེས་པའི་རྒྱན།།[2]ཞེས་ཀྲིའི་རྡོ་རིང་ཆེ་བ་དེ་ཉིད་བྲག་གདོང་དངོས་དཔལ་བས་ཀྲིའི་ཡུལ་ནས་གདན་དྲངས་པར་གསུངས་ཤིང་། ཞབས་གདན་གདན་དྲངས་པའི་ལོ་རྒྱུས་མ་བྱུང་བས། གོང་དུ་ལྕང་ཆུང་བསོད་ནམས་ཚེ་རིང་ལགས་ཀྱིས་དྲངས་པའི་ཡི་གེར་ཀྲིའི་རྡོ་རིང་གི་ཞབས་གདན་གདན་དྲངས་པར་བཤད་པ་ཡང་ཀྲིའི་རྡོ་རིང་ཆེ་བའི་ཞབས་གདན་ཡིན་པ་ཧ་ཅང་གསལ་ལོ།

ཞོལ་རྡོ་རིང་ནང་མའི་པར། (རྩོམ་པ་པོས་༢༠༡༩ལོར་བཏབ་པའི་པར) 

གཞན་ཡང་ཀྲིའི་རྡོ་རིང་ཆེ་བ་གདན་མ་དྲངས་པའི་གོང་ཙམ་ལ་ཀྲིའི་རྡོ་རིང་ཆུང་བ་ཞེས་པ་ཞིག་ཀྱང་ཀྲིའི་ཡུལ་ནས་གདན་དྲངས་ཡོད་དེ། འདི་ཉིན་ཀྲིའི་རྡོ་རིང་ཆུང་བ་དཀྱུས་རྒྱུག་མཐོ་བཅོ་བརྒྱད་དང་རྩ་ཞེང་མཐོ་གང་སོར་བཅུ་ཡོད་པ་ཚལ་སྡེ་པ་གྲགས་པས་ཆུ་འགྲམ་བར་ལོ་སྔོན་མ་དྲངས་པ་འདི་ལོ་བྲག་གདོང་དངོས་གྲུབ་དཔལ་འབར་གྱིས་ཤན་དང་འཁོར་ལོ་མི་ལག་ཉིས་བརྒྱ་དོན་བརྒྱད་ཀྱིས་ཉིན་གཉིས་དང་པད་གདན་མཐོ་བཅུ་གཅིག་གྲུ་བཞི་བང་རིམ་གསུམ་བརྩེགས་ཀྲི་ནས་མི་གྲངས་གོང་གསལ་ཞག་ཉི་ཤུ་བྱས་པ་གཉིས་ཀྱང་འབྱོར་རོ།། དུས་དེར་ལྷ་མིའི་མཆོད་སྡོང་ངོ་མཚར་ཆེའི།། རབ་ཏུ་ཡངས་པའི་འདུན་ས་མཛེས་སླད་དུ།། ཟླ་ཞུན་ཁུ་བ་མཆོག་ལ་སྡང་བྱེད་རྡོ།། རིང་མོ་ཟུང་ལས་ཆུང་བར་གྱུར་པ་ཉིད།། སྲིད་པའི་སྲས་མོ་ནོར་གྱི་བློ་གྲོས་ཀྱི།། ཕང་བ་དག་ལས་མངོན་མཐོ་མཁར་འདེགས་བྱེད།། པདྨའི་སྟན་དང་བཅས་པ་གྲགས་གདོང་པའི།། བཀོད་པས་ཁྱབ་ཅིང་དྲངས་པའང་ལེགས་པར་སོན[3]ཞེས་བྱུང་བས། སྐབས་དེར་ཀྲིའི་རྡོ་རིང་ཆེ་ཆུང་གཉིས་གདན་དྲངས་ཡོད་པ་གསལ། 

ཡིན་ཡང་ལུང་གོང་མ་གཉིས་སུ་ཀྲིའི་རྡོ་རིང་ཆེ་ཆུང་གདན་དྲངས་པ་ཙམ་ལས་གང་དུ་བཙུགས་པའི་སྐོར་མི་འབྱུང་བ་ཅི་ཡིན་སྙམ་ན།            

གཉིས། ཀྲིའི་རྡོ་རིང་ཆེ་བ་པོ་ཏ་ལའི་མདུན་དུ་བཙུགས་པ།

ཡང་《དུ་ཀཱུ་ལའི་གོས་བཟང་གླེགས་བམ་ལྔ་བའི་འཕྲོས་དྲུག་པ》རུ།  རྡོ་རིང་ཆེ་བའི་པད་གདན་རྒྱུག་མཐོ་བཅུ་གྲུ་བཞི་གསུམ་བརྩེགས་ཆེས་ལྕི་བ་མིས་འདྲེན་པའི་རེ་བྲལ་ལྟ་བུ་སྐྱིད་ཆུར་གཤན་སྦྲེལ་གྱིས་ཀྱང་མ་ཐེག་པར་ཟམ་པ་བཙུགས་པ་བཅས་བྲག་གདོང་དངོས་གྲུབ་དཔལ་འབར་གྱིས་དོ་དམ་བྱས་པའི་མི་གྲངས་ལྔ་བརྒྱ་དང་བཅོ་ལྔས་ལས་ཞག་ཟླ་གཅིག་ཞག་ཉེར་དྲུག་བྱས་པའང་འབྱོར་ཞིང་། མཆོད་སྐོར་གྱི་དུས་སུ་གྲུབ་པའང་བཙུགས་སོ།། སྐབས་དེར་མངོན་མཐོ་གྲུ་འཛིན་ཕོ་བྲང་མདུན།། སྲིད་པ་ལས་ཀྱིས་བསྒྲུབས་པའི་རྡོ་བ་རིང་།། གནམ་གྱི་ཀ་བར་བཙུགས་མོད་ལྷ་དང་མི།། ཐམས་ཅད་མཚར་བའི་ཅོ་སྒྲས་ཁམས་ཀུན་སྦྲེལ [4]ཞེས་རྡོ་རིང་ཆེ་བ་དེ་ཉིད་ཀྱི་པད་གདན་ཤིན་ཏུ་ལྕི་བ་གདན་དྲངས་ཤིང་། པོ་ཏ་ལའི་མདུན་དུ་བཙུགས་པའི་ལོ་རྒྱུས་བྱུང་། སྐབས་འདིའི་རྡོ་རིང་ཆེ་བ་ཞེས་པ་ནི་ཀྲིའི་རྡོ་རིང་ཆེ་བ་ཡིན་ངེས་ཏེ། གོང་དུ་ཡང་ཀྲིའི་རྡོ་རིང་ཆེ་ཆུང་གཉིས་མ་ཡིན་པའི་རྡོ་རིང་གུད་པ་ཞིག་མ་བྱུང་ལ། རྡོ་རིང་ཆུང་བ་ནི་པད་གདན་དང་བཅས་པ་གདན་དྲངས་པར་གསུངས་ཤིང་། ཆེ་བ་ལ་ཞབས་གདན་གདན་དྲངས་པའི་ལོ་རྒྱུས་མ་བྱུང་བས་སོ། དེས་ན་ཀྲིའི་རྡོ་རིང་ཆེ་བ་དེ་ཉིད་སྡེ་པ་སངས་རྒྱས་རྒྱ་མཚོའི་ཐུགས་བཀོད་ལྟར་ཀྲིའི་ཡུལ་ནས་གདན་དྲངས་པར་བཤད་པ་དེ་ཁུངས་ཐུབ་ཡིན་ནོ། །

གསུམ། ཀྲིའི་རྡོ་རིང་ཆུང་བ་གང་དུ་བཙུགས་མིན་མི་གསལ་བ།

ཅུང་ཟད་བསམ་དགོས་པ་ཞིག་ལ།《མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ཏུ་ཡང་། ཚེས་ཉི་ཤུ་ལ་ཀྲིའི་རྡོ་རིང་ཆུང་བ་དཀྱུས་རྒྱུག་མཐོ་བཅོ་བརྒྱད་དང་རྩ་ཞེང་མཐོ་གང་སོར་བཅུ་པ་ཚལ་སྡེ་པ་གྲགས་པས་ཆུ་འགྲམ་བར་ལོ་སྔོན་མ་དྲངས་པ་འདི་ལོ་བྲག་གདོང་དངོས་གྲུབ་དཔལ་འབར་གྱིས་ཤན་དང་འཁོར་ལོས་མི་ལག་ཉིས་བརྒྱ་དོན་བརྒྱད་ཀྱིས་ཉིན་གཉིས་དང་། དེའི་གདན་གྲུ་བཞི་བང་རིམ་གསུམ་པ་མཐོ་བཅུ་གཅིག་གྲུ་བཞི་པ་མི་གྲངས་གོང་གསལ་གྱིས་ཞག་ཉི་ཤུ་བྱས་པ་བཅས་འབྱོར[5]ཞེས་འདིར་ཡང་《དུ་ཀཱུ་ལའི་གོས་བཟང་གླེགས་བམ་ལྔ་པའི་འཕྲོས་དྲུག་པ》རུ་བྱུང་བ་ལྟར་རྡོ་རིང་གདན་དྲངས་པ་ཙམ་ལ་པོ་ཏ་ལའི་མདུན་དུ་བཙུགས་པའི་གནས་ཚུལ་སོགས་ཅི་ཡང་མི་འབྱུང་།

པོ་ཏ་ལའི་ལྡེབས་རིས་སུ་སྣང་བའི་པོ་ཏ་ལའི་པར།(པར་ནི་གནའ་དེང་གི་ཐང་ག(古今唐卡)ཞེས་པའི་འཕྲིན་སྟེགས་ནས་དྲངས )

དེ་དང་འབྲེལ་བའི་ཡིག་ཆ་དག་ཏུ་ཡང་སྐབས་དེར་རྡོ་རིང་གཉིས་བཙུགས་པའི་སྒྲོས་མི་འབྱུང་སྟེ།རག་ར་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི《རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་མཁས་པའི་མགུལ་རྒྱན》དུ་ཡང་།  སངས་རྒྱས་རྒྱ་མཚོ་འདི་ཉིད་ནས་རྣམ་དཀར་ཕྱག་རིས་ནི་ཕོ་བྲང་དམར་པོ་ཐོག་སོ་བདུན་པ་ཁྱད་འཕགས་ཞོལ་ལྕགས་རི་རྡོ་རིང་དང་བཅས་པ། གསེར་གདུང་འཛམ་གླིང་རྒྱན་གཅིག་གསེར་དག་རྐྱང་ཐོག་ཚད་ལྔ་པ་འཛམ་གླིང་ན་དཀོན་པའི་རིན་པོ་ཆེའི་ཕྲས་སྤྲས་པ་དང[6]ཞེས་དང་།《གུང་ཐང་བྱུང་རབས་དཀར་ཆག》ཏུ། ཀུན་གཟིགས་ལྔ་པ་ཆེན་པོའི་དགོངས་རྫོགས་ཞབས་བརྟན་ལྷ་ཁང་དུ་གྲགས་པའི་མདུན་ངོས་སུ་རྡོ་རིང་ཁྱད་དུ་འཕགས་པ་སྲིའི་ཕུ་ནས་འདྲེན་པའི་ཚེ་ཡང་བཟོ་བོ་དང་མཁས་པ་རྣམ་དཔྱོད་ཅན་སུས་ཀྱང་རྔོ་མ་ཐོགས་པར་ལུས་པའི་ཚེ། ཞབས་དྲུང་འདི་ཉིད་མཁྱེན་དཔྱོད་ཕུལ་དུ་བྱུང་བའི་དབང་གིས་གཞན་གྱི་བློ་གྲོས་ཀྱི་རྩལ་ལས་མ་ཐོན་པའི་ཐབས་མཁས་བླ་ན་མེད་པའི་འཕྲུལ་ལ་བརྟེན་ནས་ཚེགས་མེད་པར་སྐྱིད་ཆུའི་(ཡི་གེ་མི་གསལ)དུ་ཁྱོལ་ཞིང[7]ཞེས་རྡོ་རིང་གཉིས་བཙུགས་པའི་ལོ་རྒྱུས་མ་བྱུང་ཞིང་། རྡོ་རིང་འཛུགས་དོན་ཡང་ཀུན་གཟིགས་ལྔ་པའི་དགོངས་རྫོགས་ལ་དམིགས་པར་གསུངས་པ་སྡེ་སྲིད་ཀྱིས་གསུངས་པ་དང་མཐུན་པས། སྐབས་དེར་རྡོ་རིང་གདན་དྲངས་པ་དང་བཙུགས་པ་ལ་དགོས་པ་དེ་ཙམ་ལས་ཡོད་པར་མི་སྣང་། དེ་མིན་《རྡོ་རིང་པཎྜི་ཏའི་རྣམ་ཐར》དུ་ཡང་། པོ་ཏ་ལའི་ཞོལ་རྡོ་རིང་སྒང[8]ཞེས་པ་ཙམ་ལས་རྡོ་རིང་ཕྱི་ནང་ཞེས་མ་བྱུང་བས། གོང་གི་ཡིག་ཆ་དེ་དག་ཏུ་ཀུན་ཏུ་རྡོ་རིང་གཉིས་ཡོད་པའི་སྒྲོས་མ་བྱུང་བ་ལ་ད་དུང་དཔྱད་དགོས་པ་ཞིག་འདུག་མོད། པོ་ཏ་ལའི་ལྡེབས་རིས་སུ་ཡང་རྡོ་རིང་ཆེ་ཆུང་གཉིས་ཀྱི་པར་བཞུགས་ཤིང་། ལྡེབས་རིས་དེ་ཉིད་སྡེ་སྲིད་ཀྱིས་བཞེངས་པའི་པོ་ཏ་ལ་ཇི་ལྟར་སྣང་བ་སྐབས་དེ་རང་དུ་བྲིས་པ་ཡིན་འདུག་པས། ཀྲིའི་རྡོ་རིང་ཆུང་བའང་དུས་དེར་པོ་ཏ་ལའི་མདུན་དུ་བཙུགས་ཡོད་པར་ངེས་ཏེ། གོང་གི་ཡིག་ཆ་དག་ཏུ་དེ་ལྟ་བུའི་རྡོ་རིང་གཉིས་ཤིག་བཙུགས་པའི་སྒྲོས་མི་འབྱུང་བ་ནི་བསྡུས་པའམ་གཙོ་ཆེ་ཆུང་གིས་མ་སྨྲས་པ་ཙམ་ལས་ཡེ་ནས་མ་བཙུགས་པའི་སྒྲུབ་བྱེད་དུ་མི་འགྲོ་སྙམ།

པོ་ཏ་ལའི་ལྡེབས་རིས་སུ་སྣང་བའི་ཀྲིའི་རྡོ་རིང་ཆུང་བ་གདན་དྲངས་པའི་པར།

བཞི། ཀྲི་དང་སྲི་གཉིས་ཀྱི་འབྲེལ་བ།

 དེ་ཡང་《རྒྱ་བོད་ཡིག་ཚང་ཆེན་མོ》དང་《གུང་ཐང་བྱུང་རབས་དཀར་ཆག》གཉིས་ཀྱི་ཅུང་ཟད་མི་འདྲ་ས་ནི་སྔ་མ་རུ་ཀྲི་དང་། ཕྱི་མ་རུ་སྲི་ཞེས་བྱུང་བ་དེ་ཡིན་ལ། དེ་ལྟར་མི་འདྲ་བར་བྱུང་བ་ཡང་དབུས་ཀྱི་ཕལ་སྐད་ལ་སྲི་དང་ཀྲི་གཉིས་གདངས་འདྲ་བར་བཤད་པ་དེ་ལ་འབྲེལ་བ་ཡོད་ངེས་ཏེ།《རྒོད་ཚང་བ་མགོན་པོ་རྡོ་རྗེའི་རྣམ་ཐར》དུ། མཚན་ཉིད་དང་ལྡན་པའི་དགེ་བཤེས་དེས་སྤྲེའུ་གསོས་ནས། མཚན་ཡང་མགོན་པོ་དཔལ་ཞེས་བྱ་བར་གསོལ[9]ཞེས་སྲིའུ་གསོས་པ་ལ་སྤྲེའུ་གསོས་པ་ཞེས་འབྱུང་བ་ཡིག་ནོར་མིན་ཚེ། དེ་ཡང་སྲ་དང་སྤྲ་གཉིས་སྒྲ་གཅིག་པུའི་གནད་དེར་ཐུག་ཅིང་། དེ་ལས་ཀྱང་རྣམ་པ་གསལ་བར་གོ་ནུས་པ་ཞིག་ལ།《རྡོ་རིང་བ་བསྟན་འཛིན་དཔལ་འབྱོར་གྱིས་མཛད་པའི་སུམ་རྟགས་འགྲེལ་བ་》རུ་ཡང་། དེང་སང་ནི་མཁས་བླུན་བར་མ་ཕལ་ཆེར་ཡུལ་སྐད་ཁོ་ནའི་གཞན་དབང་དུ་གྱུར་ཏེ། གཙང་བ་རྣམས་སྲས་པོ་ལ་ཧྲས་པོ་ཟེར་བ་དང་། དབུས་པ་རྣམས་བཀྲས་པོ་ཟེར་བ་དང[10]ཞེས་སྲས་ལ་ཀྲས་ལྟར་ཀློག་སྲོལ་ཡོད་པར་གསུངས་པས། སྲི་དང་ཀྲི་གཉིས་གཅིག་པར་སྨྲ་བ་ནི་ཁུངས་ཡོད་པའི་གཏམ་དུ་སྣང་།  རྡོ་རིང་འདིའི་གནས་ཚུལ་སྐོར་《རྒྱ་བོད་ཡིག་ཚང་ཆེན་མོ་》ཙམ་ཞིག་ཏུ་འབྱུང་སྟེ།    བན་ཤུལ་དཔའ་མཁར་རྒྱལ་ལགས་ཀྱིས་ཆོས་འབྱུང་དེ་རུ་རྡོ་རིང་གི་མིང་ལ་ཀྲི་ཞེས་བྲིས་ཡོད་པར་བཤད་ཅིང་། དཔེ་མི་འདྲ་བ་དུ་མ་སྣང་བར་བཤད། ཁོ་བོས་ནི་《རྒྱ་བོད་ཡིག་ཚང་ཆེན་མོ་མཁས་པ་དགའ་བྱེད་》དང་《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ》ཞེས་པ་གཉིས་ཙམ་མཐོང་ཞིང་། སྔ་མ་རུ། སྟག་སྒྲ་ཀླུ་གོང་གི་ཕྱིའི་དགྲ་བརྟུལ། རྒྱ་བཀྲ་ཤིས་ཁྲི་སྒོ་ཕབ་པ་ལ་སོགས་ཀྱི་ལོ་རྒྱུས། ཕྱིའི་རྡོ་རིང་ལ་བྲིས་ཡོད་དོ[11]ཞེས་རྡོ་རིང་གི་མིང་ལ་ཕྱིའི་རྡོ་རིང་དང་། ཕྱི་མ་རུ་ཕྱིས་རྡོ་རིང་ཞེས་བྲིས་པ་ལས། ཀྲིའི་ཞེས་བྲིས་ཡོད་པ་མ་མཐོང་བས། ཁོང་གིས་དཔེ་གཞན་ཞིག་ཏུ་མཐོང་ངམ་ཡང་ན་ཐུགས་མཉམ་མ་བཞག་པ་གང་ཡིན་རྟོགས་དཀའ།   ར་སེ་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་བྲིས་པའི་བློན་ཆེན་སྟག་སྒྲ་ཀླུ་ཀོང་གི་བང་སོ་དང་འབྲེལ་བའི་བང་སོ་གླེང་བ་ཞེས་པར། ཁོང་གི་བང་སོ་ནི་ཚལ་གུང་ཐང་གི་འདབས་རོལ་ཀྲིའི་ལུང་པ་ན་བསྐྲུན་ཡོད་པ་ནི་སྟག་ཚང་རྫོང་པས་མཛད་པའི་《རྒྱ་བོད་ཡིག་ཚང་ཆེན་མོ》དང་འཇོག་རི་ངག་བསྟན་གྱིས་མཛད་པའི་《གུང་ཐང་གི་དཀར་ཆག》་ན་གསལ་ཞེས་གསུངས་འདུག་ཀྱང་། ཡིག་ཆ་དེ་གཉིས་ཀྱི་སྔ་མ་རུ་ཀྲི་ཞེས་པའི་མིང་མི་འབྱུང་ལ། ཕྱི་མ་རུ་སྟག་སྒྲ་ཀླུ་ཀོང་གི་བང་སོའི་སྐོར་གྱི་སྒྲོས་མི་འབྱུང་། འདི་ལ་ལྕང་ཆུང་བསོད་ནམས་ཚེ་རིང་གིས་སྔོན་གྱི་ཀློག་ལ་ཕྱི་ཡི་ཡི་གེ་ཕྲལ་ཏེ་ཕི་ཞེས་ཀློག་པའི་རིགས་འདེད་བྱས་ཏེ[12]། ཀྲི་ཞེས་པའི་ལུང་བར་ཕལ་སྐད་དུ་སྤི་ཞེས་འབོད་པ་ནི་ཕྱི་ཞེས་པའི་སྒྲ་འགྱུར་ཏེ་བྱུང་བར་སྨྲ་མོད། དབུས་པའི་སྐད་དུ་ཕྱི་ནི་ཕྲལ་ཏེ་མི་ཀློག་པར་ཆི་ལྟར་ཀློག་པ་ཡིག་ཆ་ཀུན་ལས་ཀྱང་གསལ་བོར་དཔགས་ནུས་ཏེ། དཔེར་ན། ཕྱ་བ་ཆོས་ཀྱི་སེང་གེ་ལ་ཆ་བ་ཆོས་ཀྱི་སེང་གེ ཕྱྭ་མཁན་ལ་ཆ་མཁན། ཕྱུ་པ་ལ་ཆུ་པ། ཕྱ་ལེ་བ་ལ་ཆ་ལེ་བ་སོགས་སུ་འབོད་པ་ལས་ཀྱང་ངེས་པས། སྐབས་འདིའི་ཕྱིའི་རྡོ་རིང་ཞེས་པ་ཡང་ཕྱི་ནང་གི་ཕྱི་ཡིན་ནམ་ས་མིང་སོགས་གང་ཡིན་རྟོགས་དཀའ། 

ལྔ། ཀྲིའི་རྡོ་རིང་ཆེ་ཆུང་དང་ཞོལ་རྡོ་རིང་ཕྱི་ནང་གཉིས་ངོ་བོ་གཅིག་པ།

སྡེ་པ་སངས་རྒྱས་རྒྱ་མཚོས་གདན་དྲངས་པའི་ཀྲིའི་རྡོ་རིང་ཆེ་ཆུང་གཉིས་ནི་དེང་སང་ཚལ་ལུང་བའི་ཀྲི་ཞེས་པའི་ཡུལ་ནས་ཚུར་དྲངས་ཤིང་། དེ་གཉིས་ལས་ཅིག་ཤོས་ཀྲིའི་རྡོ་རིང་ཆེ་བ་ནི་ཞོལ་རྡོ་རིང་ཕྱི་མ་ཡིན་པ་གསལ་ཏེ།  གོང་དུ་དེའི་མཐོ་ཚད་ལ་ཀྲིའི་རྡོ་རིང་ཆེ་བ་དཀྱུས་རྒྱུག་མཐོ་སུམ་ཅུ། རྩ་ཞེང་རྒྱུག་མཐོ་བཞི་མཚོན་གང་ཡོད་པ་ཞེས་བྱུང་བའི་མཐོ་སུམ་ཅུ་ཞེས་པའི་མཐོ་ལ་སོར་མོ་བཅུ་གཉིས་སུ་བཤད་སྲོལ་ཡོད་པའི་ཚད་ལྟར་བརྩིས་ན། མཐོ་གང་ལ་ལི་སྨི༢༠ཡས་མས་ཙམ་ཡོད་པར་བཤད་ཅིང་། དེ་ལྟ་བུ་སུམ་ཅུ་ལ་ལི་སྨི༦༠༠དང་སྨི་བྱས་ན་སྨི༦ཙམ་ཡོད་པས། རྡོ་རིང་དེའི་མཐོ་ཚད་དང་མཐུན་པ་ལྟར་འདུག་ཅིང་། པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་ཀྱང་རྡོ་རིང་དེའི་འཕང་ལ་མིག་ཚོད་ཙམ་བྱས་ན་ཧ་ལམ་རྨིད་༦ཙམ་དང་། ཞེང་ལ་ཆ་སྙོམས་རྨིད་༠.༤༠ཡས་མས་ཡོད་པར་སྣང[13]ཞེས་གསུངས་པ་དང་གཅིག་ཏུ་མཐུན། གཞན་ཀྲིའི་རྡོ་རིང་ཆུང་བ་དཀྱུས་རྒྱུག་མཐོ་བཅོ་བརྒྱད་དང་རྩ་ཞེང་མཐོ་གང་སོར་བཅུ་པ་ཞེས་པའི་མཐོ་སོགས་ཀྱང་གོང་ལྟར་བརྩིས་ན་སྨི་༣.༦ཙམ་ཡོད་པར་འགྱུར་བ་དངོས་སུ་བལྟས་པས་ཀྱང་དེ་ཙམ་ལས་མེད་པ་ལྟ་བུར་འདུག ཞོལ་རྡོ་རིང་ནང་མ་ལ་ཡི་གེ་མེད་ཅིང་། མཐོ་ཚད་ཀྱང་ཀྲིའི་རྡོ་རིང་ཆུང་བ་དཀྱུས་རྒྱུག་མཐོ་བཅོ་བརྒྱད་ཅེས་སྡེ་སྲིད་ཀྱིས་གསུངས་པ་ལྟར། རྡོ་རིང་ཕྱི་མ་ལས་རབ་ཏུ་དམའ། ཁ་ཅིག་གིས་དེ་ནི་སྡེ་སྲིད་རང་གི་མཛད་པ་གཞན་དང་མི་འདྲ་བ་མཚོན་ཕྱིར་བཙུགས་ཞེས་བཤད་པ་སྣང་མོད། གོང་གི་ལུང་དག་ལ་དཔགས་ན་ནོར་བ་ཤེས་སོ།། 

དྲུག ཀྲིའི་རྡོ་རིང་ཆུང་བའི་དོགས་དཔྱོད་ཕྲན་བུ། ཟུར་བཀོད། 

ཞོལ་རྡོ་རིང་ཕྱི་མ་དེ་ཉིད་དང་པོ་སྟག་སྒྲ་ཀླུ་གོང་གི་བང་སོའི་མདུན་དུ་བཞུགས་པའི་ཀྲིའི་རྡོ་རིང་ཞེས་པ་དེ་ཉིད་ཡིན་པར་མཁས་པ་མང་པོ་གསུངས་ཤིང་། དེ་ལྟར་གསུངས་ན་འགལ་བ་ཡང་མི་རྙེད་མོད། དེ་ནི་ཀྲིའི་རྡོ་རིང་ཆེ་བ་ཙམ་ཞིག་ཡིན་པས། ཀྲིའི་རྡོ་རིང་ཆུང་བ་ཞེས་པ་དེ་གར་བཞུགས་དོན་གང་ཡིན། དེ་ཉིད་ཀྱང་བང་སོའི་མདུན་དུ་བསླངས་པའི་རྡོ་རིང་ཡིན་ནམ། གལ་སྲིད་ཡིན་ཚེ། དེ་འབྲེལ་གྱི་ཡིག་ཆ་དག་ཏུ་སྟག་སྒྲ་ཀླུ་གོང་གི་བང་སོའི་མདུན་དུ་རྡོ་རིང་གཅིག་ལས་གཞན་ཡོད་པའི་སྒྲོས་མི་འབྱུང་དོན་གང་། གལ་ཏེ་ཀྲིའི་རྡོ་རིང་ཆེ་བ་དེ་ཉིད་བང་སོའི་མདུན་དུ་བཞུགས་ཤིང་། ཆུང་བ་ནི་སྡེ་པས་ཀྲིའི་ཡུལ་ནས་དྲངས་ཏེ་གསར་དུ་བཞེངས་སམ་སྙམ་ན། དེ་ཡང་མིན་ཏེ། གོང་དུ་དེ་ཉིད་ཀྱི་ཞབས་གདན་བང་རིམ་གསུམ་དང་བཅས་པ་གདན་དྲངས་པར་གསུངས་པའི་ཕྱིར་རོ།། སྡེ་པ་སངས་རྒྱས་རྒྱ་མཚོས་ཀྲིའི་རྡོ་རིང་ཆུང་བའི་ལོ་རྒྱུས་གླེང་སྐབས་རྡོ་རིང་དེ་ཉིད་མཁར་འདེག་བྱེད་བྱས་པ་ལྟ་བུ་ཞིག་བཤད་པ་དེའི་དོན་ཅི་ཡིན་བརྟགས་དགོས་ཏེ། ཁོང་གིས་རྡོ་རིང་གཉིས་ཀ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་ལ་དམིགས་ཏེ་གདན་དྲངས་པ་ཙམ་ལས་སྟེང་དུ་ཡི་གེ་ཡོད་པ་དང་བློན་ཆེན་སྟག་སྒྲ་ཀླུ་ཀོང་དང་འབྲེལ་བའི་རྡོ་རིང་ཡིན་པ་སོགས་གང་ཡང་གླེང་མི་འདུག་ལ། ཀྲིའི་རྡོ་རིང་ཆེ་བའི་གནས་ཚུལ་གསུངས་སྐབས་ཀྱང་། སྲིད་པ་ལས་ཀྱིས་བསྒྲུབས་པའི་རྡོ་བ་རིང་ཞེས་རྡོ་རིང་དེ་ཉིད་རང་བཞིན་གྱིས་གྲུབ་པའི་ལྟ་བུར་གསུངས་ཡོད་པས། སྐབས་འདིའི་མཁར་འདེགས་བྱེད་ཅེས་བྱུང་བ་དེ་ཡང་ཁུངས་ཚད་མར་བྱེད་ཆོག་མིན་བཤད་དཀའ་འོ།། གཞན་ཆོས་རྒྱལ་བཙན་པོའི་དུས་སུ་ཡང་ཡི་གེ་མེད་པའི་རྡོ་རིང་བཞེངས་སྲོལ་ཡོད་དེ། ཁུ་ཆེན་རལ་པ་ཅན་གྱི་བང་སོ་ནི། དོན་མཁར་མདའི་གཡོན་གྱི་ཕྱོགས་ན་ཡོད། མིང་ནི་ཁྲི་སྟེངས་རྨང་རི་ལེགས་སོ་སྐད། དེའི་ཙ་ན་རྡོ་རིངས་ཡི་གེ་མེད་པ་གཅིག་ཀྱང་ཡོད[14]ཅེས་གསུངས་པས། ཀྲིའི་རྡོ་རིང་ཆུང་བ་སྟེ་ཞོལ་རྡོ་རིང་ཕྱི་མ་ཡང་བཙན་པོའི་དུས་ནས་བཞེངས་པ་ཞིག་ཡིན་པ་ཡང་སྲིད་དོ།། མདོར་ན་ཀྲིའི་རྡོ་རིང་ཆེ་ཆུང་གི་གནས་ཚུལ་མང་པོ་ཞིག་ལ་རང་ཅག་གིས་ད་དུང་བརྟག་དགོས་པའི་གནས་སུ་སྣང་ངོ་།།

                                     ༢༠༢༠ལོའི་སྤྱི་ཟླ༦པའི་ཚེས༥ཉིན་བསྐྱར་དུ་བཅོས་ཏེ་གྲུབ་པ་དགེའོ།། 


[1]པ་ཚབ་པ་སངས་དབང་འདུས་ཀྱིས་བརྩམས་པའི《སྤུ་རྒྱལ་བོད་ཀྱི་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ》ངོས༧ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༣ལོའི་པར་པར།

[2]སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《དུ་ཀཱུ་ལའི་གོས་བཟང་གླེགས་བམ་ལྔ་བའི་འཕྲོས་དྲུག་པ》སྣ་རིང་། ངོས༢༧༢  དགའ་ལྡན་ཕོ་བྲང་པར་མ།

[3]སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《དུ་ཀཱུ་ལའི་གོས་བཟང་གླེགས་བམ་ལྔ་བའི་འཕྲོས་དྲུག་པ》སྣ་རིང་། ངོས༡༥༢ དགའ་ལྡན་ཕོ་བྲང་པར་མ། 

[4]སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《དུ་ཀཱུ་ལའི་གོས་བཟང་གླེགས་བམ་ལྔ་བའི་འཕྲོས་དྲུག་པ》སྣ་རིང་། ངོས༢༨༤  དགའ་ལྡན་ཕོ་བྲང་པར་མ། 

[5]སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《 མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ངོས ༢༤༥ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༡༩༩༠ལོའི་པར་མ། 

[6]ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་གནང་བའི《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》ངོས༢༩༦ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི༢༠༡༡ལོའི་པར་མ། 

[7]ངག་དབང་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི《གུང་ཐང་བྱུང་རབས་དཀར་ཆག 》ངོས༤༠བའི་སྲིབ་ཤོག  ཚལ་གུང་ཐང་གི་པར་མ། 

[8]རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་བརྩམས་པའི《རྡོ་རིང་པཎྜི་ཏའི་རྣམ་ཐར》སྟོད་ཆ། ངོས༡༡༥༡ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི༢༠༠༦ལོའི་པར་མ། ཤོག་ངོསངོས༡༡༥༡

[9] རྣལ་འབྱོར་བ་སངས་རྒྱས་དར་པོ་དང་རྒྱལ་ཐང་བ་བདེ་ཆེན་རྡོ་རྗེས་བརྩམས་པའི《རྒོད་ཚང་བ་མགོན་པོ་རྡོ་རྗེའི་རྣམ་ཐར》ངོས༡༤ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི༡༩༩༣ལོའི་པར་མ། 

[10]ཁྲོ་ཐར་འཇམ་བློས་གཙོ་སྒྲིག་གནང་བའི《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ》དེབ་གསུམ་པ། ངོས༢༠༦ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི༢༠༡༤ལོའོ་པར་མ། 

[11]སྟག་ཚང་རྫོང་བ་དཔལ་འབྱོར་གྱིས་མཛད་པའི《རྒྱ་བོད་ཡིག་ཚང་ཆེན་མོ》ངོས༡༩༨ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི༡༩༨༥ལོའི་པར་མ།

[12]ལྕང་ཆུང་བསོད་ནམས་ཚེ་རིང་གིས་བྲིས་པའི《ཞོལ་རྡོ་རིང་ཆེས་ཐོག་མ་ཉིད་ནས་རྩེ་ཞོལ་དུ་བཙུགས་ཡོད་མེད་སྐོར་གྱི་དོགས་དཔྱོད》བོད་ལྗོངས་ཞིབ་འཇུག ༢༠༡༥ལོའི་དེབ་གསུམ་པ། 

[13] པ་ཚབ་པ་སངས་དབང་འདུས་ཀྱིས་བརྩམས་པའི《སྤུ་རྒྱལ་བོད་ཀྱི་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ》ངོས༦ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༣ལོའི་པར་པར། 

[14]སྟག་ཚང་རྫོང་བ་དཔལ་འབྱོར་གྱིས་བརྩམས་པའི《 རྒྱ་བོད་ཡིག་ཚང་ཆེན་མོ》ངོས༢༠༦ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི༡༩༨༥ལོའི་པར་མ།