གུས་པའི་ཆེད་ལས་ནི་གློག་བརྙན་མིན། འོན་ཀྱང་། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། ཆོས་ལུགས། ཡུལ་སྲོལ། འཚོ་བ་སོགས་ལ་དོ་སྣང་དང་ཞིབ་འཇུག་བྱེད་མཁན་ཞིག་གི་ངོས་ནས། བོད་ཀྱི་བུ་མོ་ལོ་ཆུང་ཞིག་བརྗོད་སྙིང་བྱས་པའི་དངོས་བཤུས་གློག་བརྙན་འདིར་རྟེན་འབྲེལ་གྱི་ཚུལ་དུ་ཚིག་འགའ་བརྗོད་པར་འདོད་བྱུང་། 

ལོ་རྒྱུས་ཀྱི་ངོས་ནས་གླེང་ན། བོད་ལ་མཚོན་ན་གློག་བརྙན་རིག་གནས་ནི་རིག་གནས་གསར་པའི་གྲས་ཡིན། དེ་དར་ནས་དུས་ཚོད་རིང་པོ་ཕྱིན་མེད། འོན་ཀྱང་། གློག་བརྙན་སྒྱུ་རྩལ་གྱི་སྤུས་ཀ་དང་བརྗོད་སྙིང་། ཁྱད་ཆོས་བཅས་ནི་ལོ་རྒྱུས་རིང་མིན་གཅིག་པོས་ཐག་གཅོད་ཐུབ་པ་ཞིག་ག་ལ་ཡིན། དེ་ནི་ཅིས་ཤེས་ཤེ་ན། འདས་པའི་ལོ་ངོ་བཅུ་ཕྲག་རེ་གཉིས་ཀྱི་ནང་ལ། གངས་རི་ར་བས་བསྐོར་བའི་ཞིང་ཁམས་འདི་ནས་ཐོན་པའི་བོད་ཀྱི་གློག་བརྙན་དག་གིས་འཛམ་གླིང་གི་གར་སྟེགས་བསྙེགས་དང་སྙེག་བཞིན་པ་མ་ཟད་མི་རིགས་གཞན་གྱི་མིག་དབང་དང་ཡིད་སེམས་ཀྱང་ཅིག་ཅར་དུ་འཕྲོགས་དང་འཕྲོག་བཞིན་ཡོད། མ་གཞི་ནས་བརྙན་དང་པར་ནི་སྐད་ཡིག་གི་བཀག་རྒྱ་དང་ལྟ་མཁན་གྱི་ས་མཚམས་མེད་པའི་སྒྱུ་རྩལ་རིགས་ཤིག་ཡིན་སྟབས། བོད་མི་གློག་བརྙན་འཁྲབ་ཁྲིད་པ་རྣམས་སྒྱུ་རྩལ་གྱི་རྟ་མཆོག་འདིར་བཅིབས་ནས་འཛམ་གླིང་ལ་གཡས་སྐོར་གཡོན་སྐོར་རྒྱག་བཞིན་པ་ནི་དགའ་གུས་ཡི་རང་ཞུ་ཡུལ་ཡིན།  

དངོས་བཤུས་གློག་བརྙན་མེ་ཏོག་དཀར་པོ་ལ་བལྟས་རྗེས་གུས་པའི་སེམས་ངོར་ཡལ་མི་ཐུབ་པའི་རི་མོ་སྣ་ཚོགས་ཤིག་བབས། དེ་ནི། བུ་མོ་ཆུང་ཆུང་འདིའི་སྐྱིད་ལ་སྡུག་པའི་དྭ་ཕྲུག་གི་གཏམ་རྒྱུད་དེ་རེད། ཕྱི་རོལ་ནས་གཏམ་རྒྱུད་འདིའི་རྒྱབ་རྟེན་ལྟ་བུར་གྱུར་པ་ནི། ཁོ་མོའི་ཨ་མྱེས་དང་ཨ་ཡེས། ཕ་རྒན་དང་ཨ་མ། ད་དུང་སློབ་གྲོགས་དང་དགེ་རྒན་སོགས་རེད། མི་སྣ་འདི་དག་གི་འཇིག་རྟེན་ཞིབ་ཀྱིས་མྱུལ་ན་མངོན་སུམ་གྱི་མཐོང་སྣེ་འགའ་མངོན་འོང་བ་ནི། དང་པོ། ཁོ་མོའི་ཨ་མྱེས་དང་ཨ་ཡེས་གཉིས་ཀྱིས་ཁོ་མོའི་ཕ་རྒན་གྱི་ཐོག་ལ་བཟུང་བའི་ལྟ་ཚུལ་དང་དེའི་རྒྱབ་ལྗོངས་ཀྱི་ལོ་ཟླ་རིང་མོའི་ཆ། གཉིས་པ། ཁོ་མོའི་སྟེང་ལ་བཅངས་པའི་རེ་བ་དང་བྱམས་སྐྱོང་གི་ཆ། གསུམ་པ། ཁོ་མོ་དང་ཨ་མའི་དབར་གྱི་ཡ་ཡུད་ཆེ་བའི་འབྲེལ་བའི་ཆ། བཞི་བ། ཁོ་མོས་རང་གི་ཕ་རྒན་ལ་བཟུང་བའི་རེ་བ་དང་བརྩེ་སེམས་ཀྱི་ཆ། ལྔ་བ། ཁོ་མོ་དང་དྭ་ཕྲུག་སློབ་གྲྭའི་མི་ཚེའི་ཆ་བཅས་རེད། 

འདི་དག་ཚང་མ་མེ་ཏོག་དཀར་པོ་ཡི་སྐྱིད་སྡུག་གི་ཐོད་པའི་སྟེང་ལ་ཕབ་ན། ད་གཟོད་མངོན་པའི་ཚུལ་དང་མི་མངོན་པའི་ཚུལ་དུ་ཆུ་མོའི་རླབས་རིས་བཞིན་འཕྱུར་འོང་བ་སྟེ། བུ་མོ་ལོ་ཆུང་འདི་རང་གི་ཕ་མ་ཁ་བྲལ་དུ་སོང་ཚར་བའི་རྗེས་ཀྱི་འཁོར་བ་དང་ཁྱིམ་ཚང་། འཚོ་བ། ཕ་མ། འབྲེལ་བ་ཟེར་བའི་ཐ་སྙད་ལྗིད་པོ་འདི་དག་གི་སྟེང་ན་ཡོད་པའི་སྐྱིད་སྡུག་གི་ཆ་དང་། དེ་དག་གི་དབར་ལ་བསྣོལ་བའི་རྙོག་འཛིང་གི་ཆ་བཅས་ལ་གདོང་ལེན་དང་ངོས་ལེན། བསམ་ཤེས་དང་རྒོལ་བ་རྒྱུན་མར་བྱེད་དགོས་བའི་དྭ་ཕྲུག་གི་ལས་དབང་བཅས་ནི་གཅིག་འཕྲོར་གཅིག་བྱས་ནས་འཆར་ཞིང་ལུད་དེ་འོང་བ་དེ་རེད། 

ལྷག་པར་དུ། ལས་དབང་དེའི་ཐུ་འོག་ནས། མི་ཚེའི་རྙོག་འཛིང་དང་འགལ་འདུ། སྐྱིད་སྡུག་བཅས་ཀྱིས་ཁོ་མོའི་སེམས་ལ་བཞག་པའི་རེ་བ་དང་སྟོང་སེམས། དགའ་བ་དང་སྐྱོ་བ། རེ་སྒུག་དང་འཁང་ར། ད་དུང་རྨི་ལམ་བཅས་མཐོང་ཐུབ་ལ། དེ་ཡང་ཞིབ་ཏུ་བསམ་ན། དྭ་ཕྲུག་ཏུ་གྱུར་པའི་བུ་མོ་ཆུང་ཆུང་འདིའི་སེམས་ཁམས་ནི་རྟག་ཏུ་རྙོག་འཛིང་གི་རང་བཞིན་དང་འགལ་འདུའི་རང་བཞིན། ཐག་མི་ཆོད་པའི་རང་བཞིན་བཅས་ཀྱིས་བསྐོར་ནས་འདུག་ལ། དེ་དག་གི་གཏིང་རིམ་ན་ད་གཟོད་ཁོ་མོས་རང་གི་ཕུགས་བསམ་དང་བདེ་བ། རེ་སྒུག་སོགས་མི་རྟག་པའི་རྨི་ལམ་ཞིག་འཚོལ་བཞིན་པ་དེ་རེད། འདི་ནི་གཏམ་རྒྱུད་འདིའི་སྲོག་སྙིང་ཡང་རེད། 

མཁའ་བྱམས་རྒྱལ་གྱི་བརྙན་མིག་ལ་དམིགས་བསལ་ཅན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་ཚོའི་ཉེ་སར་བཅར་ཚུལ་དེ་རེད། མི་ཞིག་གི་སེམས་ཁོང་གི་སྐྱིད་སྡུག་དེ་ཕྱི་ལ་འདོན་པར་རྒྱུ་ནི་སྐད་ཆ་དང་ཡི་གེ   རྣམ་འགྱུར་སོགས་ལ་བརྟེན་དགོས་ཤིང་། སྐད་ཆ་དང་ཡི་གེའི་ཁོངས་ནས་མི་རྙེད་པའམ་ཡང་ན་དེ་དག་གི་ཐོག་ནས་ཤར་སེར་སྟོན་མི་ཐུབ་པ་ཞིག་ནི་ལུས་ངག་གི་རྣམ་འགྱུར་དེ་ཡིན། དེ་ཡང་ལུས་ངག་གི་རྣམ་འགྱུར་གྱི་གཏིང་ཟབ་ས་དང་འགྱུར་བག་ཕྲ་མོ་དག་རྙེད་པར་བརྙན་མིག་ཅི་ཙམ་རྣམ་འགྱུར་དེ་འཛིན་མཁན་གྱི་གང་ཟག་དེའི་ཉེ་སར་བཅར་ན་གང་ཟག་དེའི་ལུས་ངག་གི་རྣམ་འགྱུར་ཕྲ་མོའི་ཆ་དེ་གསལ་ལྷང་ངེར་འཛིན་ཐུབ་པའི་གོ་སྐབས་དང་རེ་བ་ཆེ་བ་ཡིན། མེ་ཏོག་དཀར་པོའི་གཏམ་རྒྱུད་ཀྱི་གཏིང་ལ་སྙོབ་ཆེད་མཁའ་བྱམས་རྒྱལ་གྱིས་ཆེད་དུ་བརྙན་མིག་དེ་ཁུ་སིམ་མེར་མངོན་སུམ་མ་ཡིན་པའི་ཚུལ་གྱིས་མེ་ཏོག་དཀར་པོའི་ངོ་གདོང་དང་དེའི་ཁོང་གསེང་ན་འོད་དུ་འཚེར་བཞིན་པའི་མིག་མདངས། མིག་མདངས་དེའི་གཏིང་ལ་ཡིབ་པའི་སྐྱིད་སྡུག་གི་ཚོར་བ་རྣོན་པོ་དག་ལ་གཏད་འདུག  ད་གཟོད་དགའ་སྐྱོའི་གཏིང་རིམ་ཞིག་ཁད་ཀྱིས་བརྒལ་ཐུབ་པ་བྱུང་འདུག 

སྐད་ཆའི་དམིགས་ཡུལ་ནི་གཏམ་རྒྱུད་ཀྱི་དོན་གསལ་བར་བྱེད་པ་དང་ཟབ་ཏུ་གཏོང་བ། ངོ་མཚར་བར་བསྐྱེད་པ་བཅས་ཡིན་ལ།  མེ་ཏོག་དཀར་པོའི་གླེང་མོལ་དག་གི་ཁྲོད་དུ། “ཨ་ཕ་ཟེར་ནས་ཅིག་གིས་ལག་འཇུ་བྱས་ནས་འགྲོ་གི་མེད་ན་ཡང་། འབོད་ཀྱི་མེད་ན་ཡང་། རང་ང་རང་ང་ཨ་ཕ་དྲན་ཡོང་བ་དེ་ཅི་ཞིག་ཡིན་ནམ།” ཟེར་ནས་ཨ་ཕ་དྲན་པའི་གདུང་བ་དེ་མཚར་སྣང་གི་ཀློང་དུ་འདྲེན་པའི་ངང་ཚུལ་ཉམ་ཆུང་བ་དེ་དང་། “ཕོ་མོ་གཉིས་གཉེན་སྒྲིག་བྱས་བཏང་བར་ཆ་བཞག་ན། བྱིས་པ་ཞིག་ངེས་པར་དུ་ཡོད་གི  ཡིན་ན་ཡང་། རྗེས་སུ་ཕོ་མོ་དེ་གཉིས་གང་རུང་ཞིག་མི་གཞན་ཞིག་ལ་དགའ་བཏང་ན། ཁོ་གཉིས་སོ་སོ་ཁ་ཁར་སོང་ནས་སོ་སོའི་དགའ་ས་དེར་ཐུག་སོང་ན། སོ་སོ་སྐྱིད་གི་བསམ་རུང་། བྱིས་པ་དེ་ཕ་མ་མེད་པར་ལག་ཆགས་སོང་ན། བྱིས་པ་དེའི་སེམས་ནང་ལ་མི་ཚེ་དེར་ན་ཟུག་ཅིག་བཞག་བཏང་ཟིག་” ཟེར་བའི་བསམ་གཞིགས་ཀྱི་ཀློང་བརྡོལ་བའི་སྐད་ཆ་དེ།  གཞན། “བདེ་སྐྱིད་ད་རུང་ངས་ཅི་ཡིན་གསལ་བོ་ཞིག་མི་ཤེས་གི” ཟེར་བའི་སྐད་ཆ་སོགས་ནི་མི་སེམས་ལ་ཟུག་འགྲོ་བའི་སྐད་ཆ་རྐྱང་ཡིན་པ་མ་ཟད།  མི་སེམས་སྒུལ་འཇོག་པའི་སྐད་ཆ་རྐྱང་རེད། སྐད་ཆ་དེ་དག་གིས་མེ་ཏོག་དཀར་པོའི་གཏམ་རྒྱུད་ཇེ་ཟབ་དང་ཇེ་ཕྱུག  དམིགས་སུ་བསལ་བ་མ་ཟད་འཕྲུལ་རིག་དང་དཔལ་འབྱོར་ལ་གདོང་གཏོད་བཞིན་པའི་དེང་གི་བོད་མིའི་སྤྱི་ཚོགས་ཀྱི་ཟུར་ཞིག་ཀྱང་རྗེན་པར་བསྟན་འདུག 

འཇིག་རྟེན་སྟེང་གི་གཏམ་རྒྱུད་མང་པོ་ཞིག་གི་བརྗོད་བྱ་ནི། མྱི་སེམས་ཀྱི་བདེ་བ་དང་སྡུག་བསྔལ། ཉོན་མོངས་པའི་ཚོར་བ་སོགས་ཀྱི་སྟེང་ལ་བབས་ནས་ཡོད་རུང་། མང་མང་གི་བསམ་ཚུལ་ལ། མི་ཞིག་དགའ་བའི་གནས་སྐབས་དེར་མི་དེའི་སེམས་སུ་སྡུག་པའི་ཆ་དེ་མེད་པ་དང་མི་དེ་སྡུག་པའི་སྐབས་སུ་དགའ་བའི་ཆ་དེ་ཡལ་བ་ལྟ་བུར་བསམ་གྱིན་ཡོད། འོན་ཀྱང་། ཞིབ་ཚགས་སྒོས་འགྲོ་བ་མིའི་སེམས་ཀྱི་ཞིང་ཁམས་ཉུལ་ན། མི་ཕལ་ཆེ་བའི་ལུས་སེམས་ཀྱི་ཚོར་བ་དང་འཇིག་རྟེན་ལྟ་ཚུལ་ནི་དགའ་སྡུག་འདྲེས་མ་དང་རེ་དོགས་འདྲེས་མ། བདེན་རྫུན་འདྲེས་མ། དལ་བྲེལ་འདྲེས་མ། ཞི་དྲག་འདྲེས་མ་རྐྱང་གི་ཀློང་ན་འཁོར་ནས་ཡོད་ཅིང་། སྐད་ཅིག་གི་དགའ་བའི་དགོད་སྒྲའི་རྒྱབ་ན་སྐད་ཅིག་མའི་སྡུག་པའི་མིག་ཆུ་ཡང་སྐུང་ཡོད་པ་ནི་བག་ལ་ཉལ་བའི་མི་སེམས(Unconscious mind) ཀྱི་རང་གཤིས་དེ་ཡིན། དེར་བརྟེན། མེ་ཏོག་དཀར་པོའི་ལུས་ཀྱི་རྣམ་འགྱུར་དང་སྐད་ཆའི་བཞུར་རྒྱུན་གྱི་ཁྲོད་ན་ཡང་ཚོར་བ་མི་འདྲ་བ་གཉིས་སམ་སྣ་ཚོགས་པ་ཞིག་མཚམས་རེར་ཕན་ཚུན་སྣོལ་བ་དང་སྐབས་རེར་ཕན་ཚུན་འདྲེས་པ། ལན་རེར་ཕན་ཚུན་འཐབ་པ་སོགས་ཁོ་མོའི་སེམས་ཁམས་ཀྱི་རྙོག་འཛིང་ཟབ་ས་དེ་མཁའ་བྱམས་རྒྱལ་གྱི་བརྙན་མིག་གིས་ཞིབ་ཚགས་སྒོས་ས་ཁར་འདོན་ཐུབ་པ་འདི་སྟོབས། 

མདོར་ན། གློག་བརྙན་དང་གཏམ་རྒྱུད། སྒྲུང་། གླེང་མོལ་སོགས་ཅི་ཞིག་ཡིན་རུང་། གཙོ་བོ་མི་སེམས་ལ་བག་ཆགས་འཇོག་རྒྱུ་དེ་རེད། དེར་བརྟེན། དངོས་བཤུས་གློག་བརྙན་འདིའི་གཏམ་རྒྱུད་ཀྱི་སྔ་ཕྱི་བར་གསུམ་དང་ཕྱི་ནང་གསང་གསུམ། མངོན་ལྐོག་གཉིས། རྒྱབ་མདུན་གཉིས་སོགས་བར་སྟོང་ཡོད་ཚད་ན་གཞན་ལ་བག་ཆགས་འཇོག་ཐུབ་པའི་ཁྱད་ཆོས་འབུར་གཟུགས་སུ་ཐོན་འདུག ལྷག་པར་དུ། གློག་བརྙན་འཁྲབ་འཁྲིད་པ་མཁའ་བྱམས་རྒྱལ་དང་བརྙན་སྐྲུན་པ་སྒ་རིན་ཆེན་རྡོ་རྗེ། སྒྱུ་རྩལ་ལྟ་སྐུལ་པ་ལྷ་འབྲུག་ཚེ་རིང་སོགས་ན་གཞོན་བློ་རིག་བཀྲ་བ་དང་ཤེས་དཔྱོད་ཡངས་པ། སྙིང་སྟོབས་ལྡན་པ་ཁྱེད་ཅག་གིས་བོད་མིའི་གཏམ་རྒྱུད་བོད་མིས་གླེང་བའི་སྒྱུ་རྩལ་གྱི་ལམ་བུ་འདི་རྒྱ་ཇེ་ཆེར་གཏོང་ཐུབ་པར་སྨོན། ཁ་དྲོ།