དེ་རིང་སྒེར་གྱི་སྐད་འཕྲིན་རྒྱབ་ལོགས་སུ་རྒན་ཚེ་རིང་ཐར་གྱི་ཞང་ཞུང་ལྟ་བའི་ཐད་ལ་རང་གི་རྣམ་འགྱུར་མཚོན་པའི་ཚིག་འགའ་ཐལ་བ་ལ།  རྒན་ཁོང་གི་རྗེས་འཇུག་སློབ་མ་དང་ཤེས་ལྡན་མང་པོས་བགྲོ་གླེང་གི་མཆན་བུ་མང་དུ་བཏབ་སོང་མོད།  རེ་རེ་བཞིན་དུ་ལན་སྤྲད་ན་དུས་ཚོད་ཀྱིས་མི་ཡོང་བས། འདིར་ཚང་མར་སྤྱི་ལན་གྱི་ཚུལ་དུ་དྲ་གཏམ་ཐུང་ངུ་ཞིག་འཐེན་རྒྱུ་ཡིན།   སྤྱིར་ཁོ་བོ་རང་ངོས་ནས་ཉུང་མཐར་ཡང་ལོ་ངོ་གསུམ་ཙམ་གྱི་རིང་ལ་ཞང་ཞུང་འཆད་མཁན་མང་པོ་ཞིག་གི་བྲིས་པའི་རྩོམ་དང་བཤད་པའི་གཏམ། བསྡུས་པའི་ཚོགས་འདུ་སོགས་ལ་མཉམ་འཇོག་བྱས་པ་ཡིན་ལ།  དེ་འབྲེལ་གྱི་ངོས་འཛིན་སྐོར་ཞིག་ཀྱང་བྱུང་ཡོད་དེ། གཤམ་ལ་དེ་རིགས་དོན་ཚན་ཁག་བགོས་ཀྱི་རྣམ་པར་བཤད་ན། 
     
གཅིག་དེ་ག་རེ་རེད་ཟེར་ན།   ཞང་ཞུང་ཞིབ་འཇུག་མཁན་ཚོས་བོད་ཀྱི་ས་ཆ་གང་དུ་བཙན་པོའི་རྒྱལ་རབས་མ་ཚུགས་པའི་སྔོན་གྱི་གནའ་རྫས་རིག་དངོས་ཤིག་གསར་དུ་རྙེད་ཚེ་ཕལ་ཆེ་བ་ཞང་ཞུང་གི་རེད་ཟེར་ནས་སྒྲོག་ལ།  སྤྱིར་བཏང་བོད་རང་གི་ལོ་རྒྱུས་ལྟར་ན་ཡང་། ཞང་ཞུང་ཟེར་བའི་རྒྱལ་རབས་སྟོབས་ལྡན་ཞིག་བྱུང་མྱོང་བ་ཁས་ལེན་གྱིན་ཡོད་པ་རེད་ལ། ཞང་ཞུང་དང་དུས་མཉམ་པའི་སུམ་པ་དང་འ་ཞ། ཡར་ཀླུང་སོགས་སྟོབས་ལྡན་གྱི་ཚོ་བ་(རྒྱལ་ཕྲན)་མང་པོ་བྱུང་བ་མ་ཟད། དེའི་ཡར་སྔོན་དུ་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་ཞེ་གཉིས། དེའི་ཡར་སྔོན་དུ་མངའ་མཛད་བཅུ་སོགས་གངས་ཅན་གྱི་ལྗོངས་འདི་ཡང་མིའི་ཡུལ་ཁམས་གཞན་དག་དང་འདྲ་བར་མིའི་འགྲོ་བ་བྱུང་སྔ་ཞིང་། དབང་བསྒྱུར་གྱི་སྲིད་རབས་ཀྱང་སྔ་རྗེས་མང་པོ་བྱུང་མྱོང་ཡོད་པ་ཡིན་ན། བཙན་པོའི་ཡར་སྔོན་དུ་ཤེས་རིག་གི་རིག་རྫས་དཔལ་ཡོན་གྱི་ཆ་ཤས་ཡོད་ཡོད་པོ་ཞང་ཞུང་གི་ཡིན་པར་བསྙད་ན་འཆད་མཁན་ལ་ངོ་ཚ་མེད་ཀྱང་ཉན་མཁན་ལ་ཁ་སྐྱེངས་ཡོང་སྟེ། མངའ་རིས་ནས་གནའ་ཤུལ་གཅིག་རྙེད་ན་ཞང་ཞུང་གི་རེད་ལ།  དབུས་གཙང་ནས་གཅིག་རྙེད་ན་ཞང་ཞུང་གི་རེད། མཐའ་ན་རྒྱ་ནག་ཁྲི་འདུའི་”སན་ཞིན་ཏོས་”སོགས་ནས་རྙེད་ན་ཡང་ཞང་ཞུང་གི་རེད་ཟེར་བའི་ཧམ་པ་དེ་གང་ནས་བྱུང་བ་རེད་དམ། ཆེས་གནའ་བོའི་དུས་ཀྱི་མངའ་མཛད་བཅུ་དང་རྒྱན་ཕྲན་སིལ་མ་ཞེ་གཉིས་ཟེར་བ་སོགས་རེ་ཞིག་ཕར་ལ་གཡུག་ཆོག་ན་ཡང་། ད་ཆ་ཏུང་ཧོང་གཏེར་ཡིག་སོགས་སུ་ཚད་མར་མཐོང་རྒྱུ་ཡོད་པའི་ཞང་ཞུང་དང་དུས་མཉམ་པའི་སུམ་པ་དང་འ་ཞ་དང་ཡར་ལུང་སོགས་རྒྱལ་ཕྲན་དེ་དག་གིས་ཤེས་རིག་ཅི་ཡང་མ་བསྐྲུན་པར་རྩྭ་ཟོས་ནས་བསྡད་བཞག་པ་རེད་དམ། ཞང་ཞུང་ཁོ་ན་མ་གཏོགས། ཁོ་ཚོ་ཚང་མ་རི་དྭགས་སྐོར་ཞིག་གིས་གྲུབ་པ་རེད་དམ།

གཉིས་ན། ཁོ་ཚོས་རིག་དངོས་གང་ཞིག་ཞང་ཞུང་གི་ཡིན་མིན་བརྡར་ཤ་གཅོད་སྐབས། དེ་ཡང་ས་ཁོངས་དང་དུས་ཚོད་ཙམ་གྱིས་མི་འགྲུབ་པས་ན། གཙོ་བོ་རིག་གནས་ཀྱི་ངོ་རྟགས་བཙལ་དགོས་པ་ནི་གཞིར་བཞག་ཡིན་པ་ལ། ཁོ་ཚོས་རིག་དངོས་གང་ཞིག་ཞང་ཞུང་གི་ཡིན་མིན་དེ་བོན་གྱི་བསམ་བློ་དང་བོན་ཆོས་ཀྱི་ངོ་རྟགས་བཙལ་ནས་སྒྲུབ་ཀིན་འདུག་མོད། བོན་གྱི་དད་མོས་ལྟ་སྤྱོད་ཀྱི་རྟགས་ཙམ་ཡོད་པ་ཐམས་ཅད་ཞང་ཞུང་གི་ཡིན་ཟེར་ན་ཡང་ཧམ་བཤད་དེ། ནང་བའི་བསྟན་པ་མ་དར་བའི་ཡར་སྔོན་དུ་སྤུར་རྒྱལ་རང་གི་རྒྱལ་རབས་སུམ་བཅུ་རྩ་གྲངས་རིང་ལ་བོན་མཆོད་ཅིང་བོན་བསྟེན་པ་མ་ཟད། ལོ་རྒྱུས་ཡིག་ཚང་ནང་དུ་ཡང་། འ་ཞ་བོན་དང་སྟག་གཟིག་བོན། ཞང་ཞུང་བོན་ཞེས་མདོ་དབུས་མཐོ་སྒང་ཧྲིལ་བོར་བོན་གྱིས་མ་ཁྱབ་པ་མེད་ན། རིག་དངོས་གནའ་ཤུལ་གང་ཞིག་ལ་བོན་གྱི་དད་མོས་ལྟ་སྤྱོད་ཀྱི་རྟགས་ཡོད་པ་ཐམས་ཅད་”ཞང་ཞུང་ཝུན་མིན་”གྱི་ཁོངས་སུ་འདེད་པ་དེ་རིག་གཞུང་གི་”བཙན་གཡེམ”རང་མ་རེད་དམ།

གསུམ་པ། ཁོ་ཚོ་རང་བདག་ལ་མཚོན་ན་ཡང་ཞང་ཞུང་ཞེས་པ་དོན་གྱིས་ཅི་ཞིག་ཡིན་པ་ལ་ངོས་འཛིན་མི་གསལ་ཞིང་། སྐབས་བསྟུན་གྱི་ཁ་བླ་བ་ལ་ཚོད་མེད་དེ། མཚམས་རེར་རྒྱལ་རབས་ཤིག མཚན་རེར་མི་རིགས་ཤིག མཚམས་རེར་རིགས་ཚོགས་ཤིག དོན་ལ་ཞང་ཞུང་ཞེས་པ་དེ་ཆབ་སྲིད་ཀྱི་འདུས་སྡེ་ཞིག་ཡིན་ནམ་རིག་གནས་ཀྱི་འདུས་སྡེ་ཞིག་ཡིན། ཡང་ན་ཆོས་ལུགས་ཀྱི་འདུས་སྡེ་ཞིག་ཡིན་ནམ་རིགས་རྒྱུད་ཀྱི་འདུས་སྡེ་ཞིག་ཡིན། ཞང་ཞུང་ཟེར་བ་མང་དུ་བཤད་ན་ཡང་ཐོག་མར་ཞང་ཞུང་ལ་གོ་ཐང་<定位>་གསལ་ཁ་ཅན་ཞིག་མི་འདུག་གོ། ཡིན་ཡང་། ཁོ་ཚོས་རྟག་པར་”ཞང་བོད”ཅེས་པའི་ཐ་སྙད་ཅིག་སྦྱར་ནས་བོད་དང་མ་འདྲ་བའི་ངོ་རྟགས་སྣ་ཚོགས་བཙལ་བའམ། ཚོགས་འདུ་འདྲ་མིན་བསྡུས། ཁྱབ་སྒྲོག་སྣ་ཚོགས་བྱས་ནས་ཞང་ཞུང་ཞེས་པ་བོད་ལས་ལོགས་སུ་ཡོད་པའི་བསམ་བློ་ཞིག་མི་མང་པོའི་ཀླད་པའི་ནང་དུ་ལྡུག་གིན་ཡོད་པ་རེད་ལ། སྟབས་འགྲིག་དུས་དང་གཏམ་རིང་དུས་ན། ཁོ་ཚོས་”བོད་དང་ཞང་ཞུང་ནི་ཐོག་དེང་མ་ནས་མི་རིགས་གཅིག་མིན་”ཞེས་སྐད་ཆ་དམར་རྗེན་དུ་ཡང་བཤད་ཀིན་ཡོད། <དེ་ལྟ་བུའི་སྐད་ཆ་ནི་རྒན་ཚེ་རིང་ཐར་གྱི་-ཞང་ཞུང་ཤེས་རིག་སྐོར་གྱི་དཔྱད་བརྗོད་བྱུ་རུའི་གཟི་བྱིན་དུ་ཡོད་པ་མ་ཟད། བོན་པོའི་ཨ་ཁུ་ཆོས་འཁོར་ཚང་ཉི་མ་འོད་ཟེར་ཞུ་བའི་རྩོམ་ཡིག -ཞང་ཞུང་བོད་མིའུ་གདུང་དྲུག་གི་རུས་རྒྱུད་ཡིན་ནམ་མིན་ཞེས་པའི་ནང་དུ་ཡང་ཡོད།>སྤྱིར་བཏང་གི་དབང་དུ་བྱས་ན། མི་རིགས་ཞེས་པའི་ངོས་འཛིན་དེ་ནི་ཉེ་རབས་ཀྱི་ལོ་རྒྱུས་ཁྲོད་ནས་བྱུང་བ་ཞིག་ལས་ལོ་ངོ་སྟོང་ཕྲག་དུ་མའི་སྔོན་གྱི་སྲིད་དབང་འདྲ་མིན་དག་ལ་མི་རིགས་ཀྱི་མིང་འདི་སྤྱོད་ཐབས་མེད་པ་ཁོ་ཚོས་ཀྱང་ཤེས་པ་རེད་དེ། ཡིན་ན་ཡང་། ཁོ་ཚོས་རྟག་པར་”ཞང་བོད”་ཅེས་པ་ཞིག་ཁྱབ་བསྒྲགས་བྱས་བྱས་པས། ད་ཆ་”ང་ནི་ཞང་ཞུང་བའོ”་སྙམ་པའི་སེམས་ཁམས་ཅན་གྱི་མི་ཚོགས་ཤིག་ག་ལེན་ཡོང་གིན་འདུག་ལ། དེ་ནི་ཉེན་ཁའོ།། མི་རིགས་མི་རིགས་ཞེས་པ་དེ་ཡང་མཐར་གཏུགས་ན་སེམས་ཁམས་ཀྱི་ངོས་འཛིན་ཞིག་ལ་རག་ལས་པ་སྟེ། ནུབ་ཕྱོགས་པ་རྣམས་ཀྱིས་མི་རིགས་ལ་རྟོག་བཏགས་ཀྱི་འདུས་སྡེ<想象的共同体>་ཞེས་མཚན་ཉིད་འཇོག་དོན་ཡང་གཙོ་བོ་རིགས་སྡེ་གཅིག་ལ་སེམས་གཏིང་ནས་ངོས་ལེན་ཡོད་མེད་ཀྱིས་བཤད་ཀྱིན་པ་རེད། བརྒྱ་ལ། ད་ལྟའི་”ཞང་བོད”་ཞིབ་འཇུག་པ་དེ་ཚོའི་དམིགས་ཡུལ་ནི་ཞང་ཞུང་ཞེས་པའི་རིགས་ཚོགས་ཤིག་གསར་བཟོ་བྱེད་རྒྱུ་ཡིན་ན་ནི་ཁོ་བོར་སྐད་ཆ་གང་ཡང་མེད་མོད། དེ་ལྟ་མིན་པར་ཞང་ཞུང་ཞིབ་འཇུག་ནི་བོད་སྐད་སྨྲ་བའི་རིགས་འདིའི་གནའ་རབས་ཀྱི་དཔལ་ཡོན་དང་ལོ་རྒྱུས་འཚོལ་བ་ཡིན་ཚེ། “ཞང་བོད་”ཞིབ་འཇུག་གིས་བསྐྱེད་པའི་སྤྱི་ཚོགས་སྣང་ཚུལ་དེ་ལ་མཁས་དབང་ཆེན་མོ་རྣམས་ཀྱང་ཐུགས་གཞིགས་བྱ་དགོས་ས་རེད་དོ།།

བཞི། ཡ་མཚར་བ་ཞིག་ལ། དེང་སྐབས་ཞང་ཞུང་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་ཟེར་མཁན་མང་ཆེ་བ་བོན་པོ་ཚོ་རེད་ལ། ཞང་ཞུང་ལ་དགག་པ་བརྒྱབ་ན་སྡིགས་མོ་གཏོང་ཞིང་ཁོང་ཁྲོ་ལངས་མཁན་རྣམས་ཀྱང་བོན་ཆོས་ལ་དད་པ་ཡོད་མཁན་རྣམས་གཙོ་ཆེ། ངས་གོང་དུ་བཤད་པའི་”ང་ནི་ཞང་ཞུང་བའོ” སྙམ་པའི་སེམས་ཁམས་ཅན་གྱི་མི་ཚོགས་དེ་དང་ཞང་ཞུང་གི་ཕྱོགས་འཛིན་མཁན་རྣམས་ཀྱང་བོན་པོའོ།། དོན་ངོ་མར་བཤད་ན་བོན་པོ་དང་ཞང་ཞུང་ལ་འབྲེལ་བ་ཅི་ཞིག་ཡོད་མེད་ཁོ་ཚོས་ཀྱང་ཤེས་ཀིན་ཡོད་མ་རེད་དེ། གལ་ཏེ་ཞང་ཞུང་ཟེར་བའི་རྒྱལ་རབས་དེས་བོན་ཆོས་བསྟེན་མྱོང་བས་དེ་དག་གི་ཕྱོགས་འཛིན་དགོས་ཟེར་ན། ཞང་ཞུང་དང་འདྲ་བར་ད་ལྟ་རྗེས་མེད་དུ་གྱུར་བའི་སྤུར་རྒྱལ་དང་འ་ཞ་དང་སུམ་པ་སོགས་མི་ལོ་སྟོང་གི་ཡར་སྔོན་ལ་རང་རེའི་ཕ་ས་འདིའི་སྟེང་དུ་བྱུང་མྱོང་བའི་སྲིད་དབང་དེ་དག་ཚང་མས་ཀྱང་བོན་བསྟེན་མྱོང་བ་མིན་ནམ། དེ་དག་རེ་རེ་ཡི་ཕྱོགས་མི་འཛིན་དོན་ཅི་ཡིན། དོན་ངོ་མས་བཤད་ན་བོན་པོ་དང་ཞང་ཞུང་ལ་ནི་འབྲེལ་བ་དམིགས་བསལ་བ་གང་ཡང་མི་འདུག་སྟེ། གནའ་བོའི་དུས་སུ་ཞང་ཞང་དང་འདྲ་བའི་རྒྱལ་ཕྲན་ཚང་མས་གཅིག་མཚུངས་སུ་བོན་བསྟེན་ཞིང་བོན་སྤེལ་མྱོང་བ་རེད་པས།  བོན་ནི་གནའ་དུས་ཀྱི་རྒྱལ་རབས་སྲིད་དབང་གང་གཅིག་གིས་སྒེར་བཟུང་བྱ་རྒྱུ་ཞིག་གམ་རྒྱལ་རབས་གང་ཞིག་གིས་བསྐྲུན་པ་ཡང་མ་ཡིན་པར། མགོ་ནག་པ་རྣམས་ཀྱི་མེས་པོ་གོང་མ་ཚོས་མི་ལོ་སྟོང་ཕྲག་དུ་མའི་རིང་ལ་བསྐྲུན་པའི་རང་རེ་རྣམས་ཀྱི་ཕ་ཆོས་ཡིན་ནོ།། བརྒྱ་ལ། བོན་པོ་ཚོའི་བས་མཐར་ལྷུང་བའི་སེམས་གཤིས་ལ་འདས་པའི་མཚར་སྡུག་ཞིག་གི་སྐྱོར་མ་དགོས་པའམ། ང་རྒྱལ་དང་སྤོབས་པ་སྐྱེད་པའི་གཞི་ཞིག་དགོས་པ་ཡིན་ན། “བོན་གྱི་ཆོས་རིག་ནི་གངས་ཅན་པའི་ཕ་ཆོས་ཡིན་”པའི་བདེན་པ་ནམ་ལངས་ཉི་གསལ་དུ་ཡོད་པ་དེ་ཡིན་ལ། འདི་ཉིད་སྒྲོག་ཅིང་སྤེལ་ཐུབ་ན་ནི་སུ་ཡང་ཁྲེལ་བར་མི་འགྱུར་བ་མ་གཏོགས། བོན་ཞེས་ན་ཞང་ཞུང་དང་ཞང་ཞུང་ཞེས་ན་བོན་དུ་སྙམ་ཏེ་ཞང་བོན་སྤུན་དུ་སྡེབ་ནས།  ཐ་ན་སྒྲུབ་པ་ཉམས་ལེན་བྱ་སའི་དགོན་སྡེ་ཚུན་ཆད་པོ་ཞང་ཞུང་གི་རྟེན་གཞི་ལྟ་བུ་ཞིག་ཏུ་བསྒྱུར་ནས།  འཛིན་དགོས་པ་བོན་གྱི་བསྟན་པའི་ལ་རྒྱ་མི་འཛིན། འཛིན་མི་དགོས་པ་ཞང་ཞུང་ཟེར་བའི་གེ་སེར་སྒྲུང་ལྟ་བུ་ཞིག་གི་ཁོག་ཞེན་འཛིན་དགོས་ཞེ་ན། ཐ་མལ་ང་ལྟ་བུ་རྣམས་ཀྱང་ཁོང་དགོད་འཆོར་ལ།  མི་མངོན་དག་པའི་དབྱིངས་ན་བཞུགས་པའི་སྟོན་པ་གཤེན་རབ་བསྟན་འཛིན་གོང་མ་རྣམས་ཀྱང་ཐུགས་སྐྱོ་ཞུམ་མེར་གཟིགས་ཡོད་ཨང་མི་སྙམ་མམ། །