༼ཆོལ་ཁ་སོ་སོའི་ཡི་གེའི་ཀློག་གདངས་མི་འདྲ་བའི་གནད་ལས་འབྲི་ཚུལ་གདམ་ང་ཅན་བྱུང་བའི་སྐོར་ལ་ཅུང་ཙམ་གཞིག་པ།༽

ཤིས་ཚང་མཁྱེན་རབ་རྒྱ་མཚོ།

གླེང་སློང་བ།

ལོ་ངོ་སྟོང་ཕྲག་ལྷག་གི་གོང་རོལ་ཏེ་སློབ་དཔོན་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་བཟོ་གནང་བའི་སྐབས་དེ་ཤེད་ལ་བོད་མི་བྱིངས་ཀྱི་སྐད་གདངས་གཅིག་གྱུར་ཡིན་མིན་མ་ངེས་མོད།  སློབ་དཔོན་གྱིས་ཐོག་མར་སྐབས་དེའི་བོད་སྐད་བྱིངས་ལ་གཞི་བཟུང་སྟེ་དབྱངས་གསལ་གྱི་ཡི་གེ་དང་།    སྐབས་དེའི་བོད་སྐད་ཀྱི་ཆོས་ཉིད་དང་མཐུན་པའི་སྒོ་ནས་བརྡ་སྤྲོད་པའི་རྣམ་གཞག་བཅས་སྔ་ཕྱིར་གསར་མཛད་གནང་བའི་ཚུལ་དེར་གཞིགས་ན་བོད་ཡིག་གི་ཀློག་གདངས་ཀྱང་སྐབས་དེར་གཅིག་གྱུར་ཡིན་དགོས་པར་སྙམ།  འོན་ཏེ།  དུས་ཀྱི་འགྱུར་བ་དང་བསྡོངས་པའི་སྐད་ཡིག་གི་འགྱུར་འགྲོས་རང་བཞིན་གྱིས་བོད་མདོ་དབུས་ཁམས་གསུམ་སོ་སོའི་བོད་ཡིག་གི་ཀློག་གདངས་ལའང་བྱེ་བྲག་ཏུ་མི་འདྲ་བའི་སྣང་ཚུལ་འགའ་རེ་བྱུང་ཡོད་དེ།  དཔེར་ན།  ཨ་མདོ་བའི་ངག་ཏུ་གསལ་བྱེད་སྡེ་པ་དང་བོའི་ཀ་ག་གཉིས་དང་།  སྡེ་པ་གཉིས་པའི་ཅ་ཇ་གཉིས།  སྡེ་པ་བཞི་བའི་ཏ་ད་གཉིས།  དེ་བཞིན་འ་དང་ཨ་གཉིས་བཅས་ཀྱི་སྒྲ་གདངས་ཁ་ཁར་དབྱེ་མ་ཐུབ་པས།  དེ་དག་གི་མིང་གིས་འབོད་པའི་ཚེ་ཀ་ལ་ཀ་ཁ་ཕྱེའམ་ཀ་གཡེལ་དང་ག་ལ་ཀ་ཁ་ཟུམ་མམ་ག་ཟླུམ།  ཅ་ལ་ཅ་རིལ་དང་ཇ་ལ་ཇ་བཟེད།  ཏ་ལ་ཏ་སྒུར་དང་ད་ལ་ད་རྐྱ། འ་ལ་ཨ་ཆུང་དང་ཨ་ལ་ཨ་ཆེན་ཞེས་པའི་མིང་གིས་འབོད་དགོས་བྱུང་བ་དང་།  ཡང་དབྱངས་གུག་གུ་དང་ཞབས་ཀྱུ་གཉི་གའི་ཀློག་གདངས་ཁ་ཁར་མེད་པས་མདོ་དབུས་གཉི་གའི་ལག་ལེན་དུ་སྒྲ་བསྒྱུར་ཅན་གྱི་མིང་བརྡའི་ཡིག་ཐོབ་གཅིག་གྱུར་མ་ཡོང་བ་ལྟ་བུ་དང་།   དེ་མིན་དབུས་པའི་ངག་ཏུའང་གསལ་བྱེད་ཆ་ཡིག་དང་།  འདོགས་ཅན་ཕྱ་ཡིག་གཉིས་དང་།   གསལ་བྱེད་ཇ་ཡིག་དང་འདོགས་ཅན་བྱ་ཡིག་གཉིས་སོ་སོའི་ཀློག་གདངས་གཅིག་ཏུ་གོ་བའི་འཁྲུལ་ཚབས་ཧ་ཅང་ཆེ་བར་བརྟེན།  ཕྱིས་ཀྱི་དག་ཡིག་དང་ཚིག་མཛོད་ཁག་ཏུའང་གོང་འཁོད་ཡི་གེ་དེ་དག་གིས་གྲུབ་པའི་མིང་བརྡ་དུ་མ་ཞིག་ལ་གདམ་ང་ཅན་གྱི་འབྲི་ཚུལ་དེ་བྱུང་བ་ཡིན་པར་འདོད་པས།  ཞོལ་ནས་དེ་དག་གི་སྐོར་སོ་སོ་དཔེ་མཚོན་དང་བཅས་ཏེ་རགས་ཙམ་གླེང་བར་བགྱིའོ།།

༡  གུག་གུ་ཡོད་མེད་ཀྱི་ཀློག་གདངས་འདྲ་བའི་ཁྱད་པར་ལས་ཡིག་ཐོབ་གཅིག་གྱུར་མ་བྱུང་བའི་ཚུལ་གླེང་བ།

ཨ་མདོ་བ་ཕལ་ཆེ་བའི་ངག་ཏུ་གུག་གུ་དང་ཞབས་ཀྱུ་གཉི་གའི་གདངས་སོ་སོར་མི་ཐོན་པ་དང་།  ཡང་རྗེས་འཇུག་ང་ཅན་གྱི་མིང་གཞི་གང་ཞིག་ལ་གུག་གུ་ཡོད་པ་དང་མེད་པའི་ཀློག་གདངས་ཀྱང་ཁ་ཁར་འབྱེད་མི་ཐུབ་པའི་གནད་ཀྱིས་དཔེར་ན།   ཨ་མདོ་བས་ཆིང་དང་ཆང་གཉིས་གཅིག་ཏུ་ཀློག་ལ།  དབུས་པའི་ངག་ཏུ་དེ་གཉི་གའི་གདངས་ཀྱི་དབྱེ་བ་གསལ་བར་མངོན་པའི་ཁྱད་པར་གྱིས་དབུས་སྐད་དུ་ཆིང་ཞེས་པ་ཨ་མདོ་བས་ཆིན་ཞེས་པའི་སྒྲ་དང་འདྲ་བར་གོ་ཡི་ཡོད་པར་སྙམ།   ཚུལ་དེ་ལ་བརྟེན་ནས་ཕྱིས་སུ་རྒྱ་སྐད་ཀྱི(北京)ཞེས་པ་སོགས་བོད་ཡིག་ཏུ་འབྲི་སྐབས་པེ་ཅིང་དང་།  པེ་ཅིན་ཞེས་པའི་ཡིག་ཐོབ་མི་འདྲ་བ་གཉིས་བྱུང་བ་རེད་ལ།  དེ་བཞིན་ཆིན་རྒྱལ་རབས་(清朝)ཞེས་པར་ཡང་ཆིན་དང་ཆིང་གཉིས་འབྲི་བ་དང་།  (民国)ཞེས་པར་མིན་གོ་དང་མིང་གོ་ཞེས་འབྲི་བ།  ཡང་སོག་པོ་ཇུན་གར་ལ་ཇིང་གར་དང་ཅུན་གར་ཞེས་འབྲི་བ་སོགས་གཞན་སྐད་སྒྲ་བསྒྱུར་སྐབས་འདི་ལྟར་འབྲི་ཚུལ་གཅིག་གྱུར་མ་ཡོང་བའི་གནད་དེ་མུ་མཐུད་དུ་ལྷག་ཡོད་པ་རེད།

          དེ་ལྟར་རྗེས་འཇུག་ང་ན་ཅན་གྱི་མིང་གཞི་གང་ཞིག་ལ་གུག་གུ་སྦྱར་ཚེ་ཀློག་གདངས་གཅིག་ཏུ་འཁྲུལ་བའི་ཚུལ་དེར་གཞིགས་ན།  བོད་སྐད་ཀྱི་ཕལ་ཆེ་བའི་དོན་ལ་འཇུག་པའི་བྱིངས་ཞེས་པའང་གོང་ལྟར་དབུས་པའི་ཀློག་གདངས་ལ་ཨ་མདོ་བས་དག་ཆ་མ་ཐོན་པའམ།  ཡང་ན་ཨ་མདོ་བའི་ཀློག་གདངས་ལ་དབུས་པས་དག་ཆ་མ་ཐོན་པ་གང་ཡིན་ཤེས་དཀའ་མོད།  བྱིངས་དང་བྱིན་ཞེས་པའི་འབྲི་ཚུལ་གཉིས་ཡོད་དེ།  སྟག་ཚང་དཔལ་འབྱོར་བཟང་བོས་མཛད་པའི་རྒྱ་བོད་ཡིག་ཚང་ཆེན་མོ་རུ།   “བནྡེས་བཀུམས་ནས་བནྡེས་རྒྱལ་པོ་བྱས་པས་རྒྱལ་བློན་འབངས་བྱིན་པོས་བནྡེའི་རྒྱལ་པོ་བསད།  དགེ་འདུན་བྱིན་པོ་འཁྱམས་སུ་བཅུག་པ་”[1] ཞེས་དང་།  ཡང་བོད་འབངས་བྱིན་པོའི་དབུལ་ཕྱུག་ལན་གསུམ་སྙོམས་ཀྱང་། ཞེས་སོགས་སྔ་ཕྱིར་བྱིངས་ལ་བྱིན་པོ་ཞེས་བྲིས་པ་ཧ་ཅང་མང་ལ།  དེ་མིན་གཞན་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས།  ཏཱ་སི་ཏུའི་ཞལ་ཆེམས་དུམ་བུ་ཞིག་དྲངས་པ་རུའང་།  “དཔོན་ཆེན་ཕ་བུས་འགོ་བྱས།  ཁྲིམས་དམག་བྱིན་པོ་རྒྱལ་ཐང་ན་ཡོད་པ་ལ།”[2]  ཞེས་པ་སོགས།  སྔོན་གྱི་མཁས་པའི་གསུང་ཁག་ཏུ་བྱིན་པོ་ཞེས་བྲིས་པ་མང་དུ་མཇལ་རྒྱུ་ཡོད་པར་གཞིགས་ན་བྱིན་པོ་ཞེས་པ་ལས་ཕྱིས་སུ་བྱིངས་ཞེས་པའི་འབྲི་ཚུལ་འདི་བྱུང་བ་མིན་ནམ་སྙམ་སྟེ་དཔྱད་པར་བྱའོ།།

༢ ཆ་དང་ཕྱ་གཉིས་ཀྱི་ཀློག་གདངས་གཅིག་པའི་གནད་ཀྱིས་བསྐྱེད་པའི་འབྲི་ཚུལ་གདམ་ང་ཅན་གླེང་བ།

          ཨ་མདོ་བས་ཕ་ཡ་བཏགས་ཕྱ་ཕལ་ཆེ་བ་ལ་བྱ་ཞེས་ཀློག་པས་ཆ་དང་ཕྱ་གཉིས་ཀྱི་གདངས་ལ་ནོར་སོ་འབྱུང་བ་མེད་ཀྱང་། དབུས་པ་ཚོས་ཕ་ཡ་བཏགས་ཕྱ་ལ་ཆ་ཞེས་ཀློག་པས་ཆ་དང་ཕྱ་གཉིས་ཀྱིས་གྲུབ་པའི་མིང་བརྡ་མང་བོ་ཞིག་ཕན་ཚུན་གདམ་ང་ཅན་དུ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།  སྤྱིར་བོད་ཀྱི་བརྡ་དག་ཁྲོད་མིང་གཅིག་དོན་མང་ལ་འཇུག་པ་དང་།  དོན་གཅིག་ལ་མིང་མ་འདྲ་བ་དུ་མ་འབྱུང་བ་ནི་ཡོད་མོད།  འདིར་སྐབས་དོན་ཆ་དང་ཕྱ་གཉིས་ཀྱིས་གྲུབ་པའི་མིང་བརྡ་གདམ་ང་ཅན་མང་བོ་ཞིག་མཆིས་པ་ལ་ཤ་གཟུག་ཟ་རྐྱང་དུ་མི་རུང་བར་ཅིས་ཀྱང་བསམ་ཞིབ་བྱ་དགོས་པར་འདོད་དེ།  ཆ་དང་ཕྱ་གཉི་གའི་དོན་གྱི་ཡིག་ཐོབ་ཕན་ཚུན་ནོར་བ་རྒྱུན་འབྱམས་སུ་སོང་བ་ཡིན་ན།  ང་ཚོས་ཅིས་ཀྱང་ཅིག་ཤོས་འདོར་དགོས་པ་ལས།  ད་དུང་མུ་མཐུད་དུ་ཚིག་མཛོད་ཁོ་ནར་ཁུངས་བརྟེན་ཏེ་”འབྲི་ཚུལ་གཞན་”ཞེས་པའི་མིང་སྙན་པོ་ཞིག་འདོགས་པ་ནི་ནོར་བ་ནོར་བར་ངོས་མ་ཟིན་པའི་སྐྱོན་དུ་ཆེ་བར་སྣང་།  དེའི་ཕྱིར།  འདིར་ཆ་དང་ཕྱ་གཉིས་ཀྱིས་གྲུབ་ཅིང་ཚིག་མཛོད་དུ་འབྲི་ཚུལ་གཞན་ཞེས་བསྙད་པའི་མིང་བརྡ་ཁག་ཅིག་གི་ཁྱད་པར་ལ་རགས་ཙམ་དཔྱད་པར་བྱ།

༡ ས་ཆོད། ས་ཕྱོད། – བོད་རྒྱ་ཚིག་མཛོད་ཆེན་མོར།  ས་ཕྱོད་ནི་ས་ཆོད་དང་འདྲ་ཞེས་དང་།  ཡང་ས་ཆོད་ལ་ས་ཕྱོད་ཀྱང་ཟེར་ཞེས་སྣང་མོད།  དོན་ངོ་མར་ས་ཕྱོད་ཅེས་པ་མ་དག་པར་ས་ཆོད་ཅེས་བྲི་དགོས་པར་འདོད་དེ།  ས་ཆོད་ཅེས་པ་ནི་ས་རྒྱ་གཅོད་པའམ་བཅད་པའི་དོན་དུ་གོ་ལ།  དེའང་རྗེ་རིན་པོ་ཆེའི་བྱང་ཆུབ་ལམ་རིམ་དུ།  རྣམ་མཁྱེན་སྒྲུབ་པའི་རྟེན་མཚན་ཉིད་ཚང་བ་ཞིག་གྲུབ་ན་ལམ་སྒོམ་པའི་ས་ཆོད་གཞན་དང་མི་འདྲ་བས་རྟེན་དེ་བསྒྲུབ་པར་བྱའོ།།[3] ཞེས་སྐབས་ཀུན་ཏུ་ས་ཆོད་ཅེས་འབྱུང་ཞིང་།    ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་<<ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་>>དུའང་། དཀའ་སྤྱད་ཁུར་དུ་བཟོད་པའི་སྡུག་ཡུས་དང་།།ཐོས་བསམ་ངལ་བ་མང་བའི་སྡུག་ཡུས་ཙམ།།ཁོ་ནས་ས་ཆོད་ཅི་ཡང་མི་འབྱུང་བས།།ཞེས་དང་།  གཞན་ཡང་། མངོན་མཚན་ཆུང་ལ་ས་ཆོད་ཆེ་བའི་སྦས་པའི་རྣལ་འབྱོར་བའང་ཤིན་ཏུ་མང་སྟེ། [4] ཞེས་པ་སོགས་ད་དུང་མཁས་པ་གཞན་དང་གཞན་གྱི་གསུང་ནའང་འདི་ལྟར་བྲིས་པ་ཧ་ཅང་མང་བས་དོན་དུ་ན་ས་ཆོད་ཅེས་པ་དག་པར་སེམས།

༢ ཆུར་བ།  ཕྱུར་བ། – དག་ཡིག་གསར་བསྒྲིགས་སུ།  ཕྱུར་བ་ནི་ཆུར་བ་ཡི་འབྲི་ཚུལ་གཞན་ཞེས་གསུངས་ལ།  དོན་དུ་ཆུར་བ་ཞེས་པ་དག་པར་སེམས་ཏེ།  བཀའ་བསྟན་གཉི་གར་ཡང་ཆུར་བ་ཞེས་ཡང་ཡང་མཇལ་དུ་མཆིས།  དེའང་དཔེ་མཚོན་རེ་དྲངས་ན།  ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོ་སོགས་ཀྱིས་བསྒྱུར་པའི་<<དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་>>ཞེས་བྱ་བ་ལས།  “དེ་བཞིན་དུ་ཕུ་ནུ་མོ་ཤ་དང་། ཉ་དང་།  ཤ་སྐམ་དང་། ཆུར་བ་དང་། འོ་མ་དང་། ཞོ་དང་། མར་སར་ཟའོ།། དེས་འདི་སྐད་ཅེས་ཟའོ་ཞེས་སྨྲས་པ་ན།”[5] ཞེས་དང་།  སློབ་དཔོན་ཟླ་བ་ལ་དགའ་བ་ཞེས་པས་མཛད་ཅིང་།  ལོ་ཙཱ་བ་རིན་ཆེན་བཟང་བོས་བསྒྱུར་པའི་<<སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་བའི་ཚིག་གི་དོན་གྱི་ཟླ་ཟེར་>>ཞེས་བྱ་བ་རུ།  “འོ་མ་ལས་བྱས་པའི་ཕྲུམ་དང་ཞོ་དང་ཆུར་བ་ལ་སོགས་པ་དང་།  བུ་རམ་ཤིང་ལས་བྱས་པ་སྟེ།  བཏུང་བ་དང་བུ་རམ་ལ་སོགས་པ་སྟེ་དེ་ཐམས་ཅད་བཟའ་བར་བྱའོ།།”[6] ཞེས་གསུངས་པ་ལྟ་བུས་མཚོན་ནོ།།

༣ ཆ་ཕྲེང་། ཕྱག་ཕྲེང་། – ཆ་ཕྲེང་ཞེས་པ་ནི་མདོ་སྟོད་ཕྱོགས་ཀྱི་ས་ཆ་ཞིག་གི་མིང་ཡིན་ལ།  སྔོན་གྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་ཆ་ཕྲེང་ཞེས་བྲིས་པ་མང་དུ་མཇལ་ཡང་།  ཆ་དང་ཕྱ་གཉིས་ཀྱི་ཀློག་གདངས་གཅིག་པའི་གནད་ཀྱིས་ད་སྐབས་ཡུལ་དེའི་སྲིད་འཛིན་སྡེ་ཁག་གི་སྒོ་བྱང་སོགས་སུ་ཕྱག་ཕྲེང་ཞེས་བྲིས་འདུག་པར་སྐད་ལ།  གཞུང་ཕྱོགས་ཀྱི་དྲ་བ་ཁག་ཏུའང་ཕྱག་ཕྲེང་ཞེས་བྲིས་པ་མང་དུ་སྣང་བས།  འདི་ཡང་ཡུལ་ཆ་ཕྲེང་ལ་ཤ་ཚ་ཤེས་མཁན་ཞིག་མེད་ན་ཕྱག་ཕྲེང་ཞེས་པ་མ་དག་རྒྱུན་འབྱམས་སུ་འགྲོ་ངེས་ལ།  དེ་ལྟར་ཕྱིན་ཚེ་ནམ་ཞིག་མོན་ཡུལ་རྡོར་གཅོད་ཀྱི་དཔེ་ལྟར་དག་པ་མ་དག་པར་འཛིན་པའི་ཉེན་ཚབས་ཤིན་ཏུ་ཆེ། 

ཡུལ་དེར་ཆ་ཕྲེང་ཞེས་པ་ཇི་ལྟར་ཐོགས་པའི་ཚུལ་ནི།  ཆ་ཕྲེང་བ་ཀར་རྒྱལ་དོན་གྲུབ་ཀྱིས་བརྩམས་པའི་<<མདོ་ཁམས་ཆ་ཕྲེང་གི་ལོ་རྒྱུས་གསེར་གྱི་སྙེ་མ་>>ཞེས་པ་རུ།  “ཆ་ཕྲེང་ཞེས་ཡུལ་མིང་ཐོགས་པའི་རྒྱུ་མཚན་ནི། ཆ་ཕྲེང་གི་གཞུང་ཆུའི་ལྷོ་བྱང་སོ་སོར་སྟོད་ཤོག་དང་།  སྨད་ཤོག་གི་གྲོང་ཚོ་ཕལ་ཆེར་ཕན་ཚུན་ཆ་བསྒྲིགས་པ་ལྟ་བུར་ཆགས་ཡོད་པས་ན་དེ་དག་ལ་ཆ་པ་ཞེས་པ་དང་།  ཕྲེང་ཤོག་དང་རག་ཤོག་གི་གྲོང་ཚོ་ཕལ་ཆེར་ཕྲེང་བརྒྱུས་ལྟར་ཆགས་པར་ཕྲེང་པ་ཞེས་པ་དེ་གཉིས་གཅིག་ཏུ་བསྡུས་མིང་ལ་ཆ་ཕྲེང་ཞེས་གནའ་དུས་ནས་གྲགས་ཤིང་།”[7]  ཞེས་གྲགས་པས་དེའི་ཡིག་ཐོབ་དངོས་ནི་ཆ་ཕྲེང་ཡིན་པ་ལས་ཕྱག་ཕྲེང་ཞེས་པ་མིན་པར་སྙམ། 

༤ ཕྱགས་ལྷམ། ཆགས་ལྷམ། –  ཕྱགས་ལྷམ་ནི་ལྷམ་གྱི་ཞེ་ཚིག་ཡིན་ལ།  འདིར་ཆགས་ལྷམ་ཞེས་བྲིས་པའང་སྣང་། དག་ཡིག་ཁག་ཏུ།  ཕྱགས་ནི་ལྷམ་དང་དོན་གཅིག་ཏུ་གསུངས་པ་ལྟར་ན། འདིའི་ཡིག་ཐོབ་དངོས་ནི་ཕྱགས་ལྷམ་ཡིན་དགོས་པར་སྙམ་མོད།  འོན་ཀྱང་།  དུས་རབས་བཅུ་གཅིག་པའི་ནང་བྱོན་པའི་སྒམ་པོ་བ་བསོད་ནམས་རིན་ཆེན་(༡༠༧༩-༡༡༥༣) གྱི་གསུང་འབུམ་དུ།  སྐུ་འགག་ཧ་ཟླུམ་མཛད་པ་དང་།  ཆགས་ལྷམ་དགུར་མོ་གསོལ་བ་ལ་སོགས་ཏེ། ཞེས་དང་།  ཡང་ས་སྐྱ་བསོད་ནམས་རྒྱལ་མཚན་(༡༣༡༢-༡༣༧༥)གྱི་གསུང་འབུམ་དུ།  བདག་གི་སྤྱི་བོར་བླ་མ་དངོས་སམ་ཆགས་ལྷམ་ཙམ་བསྒོམས་པ། ཞེས་དང་།  སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་ཀྱང་།   ཏིཤྲིའི་མཚན་གསོལ། གསེར་དང་མུ་ཏིག་གི་རྣམ་སྦྱར། སྐུ་ཆོས།  ཕྱམ་ཚེ། དབུ་ཞྭ། ཆགས་ལྷམ། བཞུགས་གདན། ཞེས་པ་སོགས་ཆགས་ལྷམ་ཞེས་པ་ད་ལྟའི་ཚིག་མཛོད་ཁག་ཏུ་མེད་པ་ཙམ་ལས་སྔོན་བྱོན་མཁས་པའི་གསུང་ལ་ཡང་ཡང་འབྱུང་བས།  དོན་དུ་ཕྱགས་དང་ཆགས་གཉིས་ལས་གང་ཞིག་དག་མིན་ལ་ད་དུང་དཔྱད་དགོས་པར་འདོད། 

 དག་ཡིག་གསར་བསྒྲིགས་སུ།  ཕྱགས་ནི་ལྷམ་གྱི་ཞེ་ས་སྟེ།  ཞབས་ཕྱགས་ལྟ་བུ།  ཞེས་གསལ་ཞིང་།  དབུས་སྐད་དུའང་ལྷམ་གྱི་ཞེ་སར་ཞབས་ཕྱགས་ཞེས་འབོད་པ་ཡོངས་གྲགས་ཡིན།  དེས་ན་ཕྱགས་དང་ཆགས་གཉིས་ཀྱང་སྒྲ་གདངས་མཚུངས་པའི་གནད་ཀྱིས་གང་ཞིག་མ་དག་རྒྱུན་འབྱམས་སུ་གྱུར་པ་ཡིན་མིན་ལ་རེ་ཞིག་ཁ་ཚོན་མ་ཆོད་དོ།། 

༣ སྔོན་འཇུག་ཡོད་པའི་ཆ་དང་ཕྱ་གཉིས་ཀྱི་ཀློག་གདངས་འདྲ་བའི་གདམ་ང་ཅན་འགའ་གླེང་བ།

༡ འཆུགས། འཕྱུགས། – དག་ཡིག་གསར་བསྒྲིགས་དག་བཅོས་མར།  འཕྱུག་ནི་ནོར་བའམ་འཁྲུལ་བའི་དོན་ཏེ་བརྡ་རྙིང་ཡིན་པར་གསུངས་ལ།  བོད་རྒྱ་ཚིག་མཛོད་ཆེན་མོར།  འཆུག་པ་ཞེས་པ་ནི་འཕྱུག་པའི་འབྲི་སྲོལ་གཞན་ཞིག་སྟེ།  ནོར་བའམ་འཛོལ་བའི་དོན་དུ་གསུངས།   ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་(༩༨༢-༡༠༥༤)གསུང་འབུམ་དུའང་།  “བློ་ཕུགས་མ་འཕྱུགས་པར་ལམ་རིམ་གྱིས་འཛེགས་ནས་སྔ་མ་སྔ་མ་མཐར་ཕྱིན་པར་བྱས་ན་ཕྱི་མའི་བཙན་ས་ཟིན།“ཅེས་དང་། “ཡིད་གཞན་དུ་མ་འཆུགས་གཅེས་པར་མཛོད།།”[8] ཅེས་སྔ་ཕྱིར་འཕྱུགས་དང་འཆུགས་གཉི་ག་བྲིས་ཡོད་ཀྱང་།  ལྟོས་བཅས་ཀྱིས་འཆུགས་ཞེས་བྲིས་པ་ཧ་ཅང་མང་།  གཞན་ཡང་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་(༡༠༥༩-༡༡༠༩)ཀྱིས་མཛད་པའི་དག་ཡིག་ཉེར་མཁོ་བསྡུས་པ་རུ།  འདྲ་འོ་སྙམ་ནས་ནོར་བར་བྲིས།།ཀློག་མཁན་རྣམས་ཀྱིས་ནོར་བར་ཀློག།།རྟོག་དཔྱོད་མཁན་པོས་ལོག་པར་གོ། དེ་ནས་དོན་རྣམས་འཆུགས་པ་སྲིད།།[9] ཅེས་འཆུགས་ཞེས་བྲིས་ཡོད་པས།  མདོར་ན་འཆུགས་དང་འཕྱུགས་གཉིས་ཀྱང་གོང་ལྟར་དབུས་སྐད་དུ་ཆ་དང་ཕྱ་གཉིས་ཀྱི་གདངས་མཚུངས་པ་ལས་འབྲི་ཚུལ་ལོགས་ཀར་གྱུར་པ་ཙམ་ཞིག་ལས་གཞན་གོ་བ་དམིགས་ཕྱེད་པ་མེད་པར་སྙམ། 

༢ གཟབ་འཕྱོར།  གཟབ་་མཆོར། – ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས།  འཕྱོར་ནི་གཟབ་འཕྱོར་གྱི་མིང་[10]ཞེས་གསུངས་ལ། དག་ཡིག་གསར་བསྒྲིགས་སུ།  འཕྱོར་ནི་མཆོར་གྱི་འབྲི་ཚུལ་གཞན་ཞེས་གསུངས་ཡོད།  དེ་བཞིན་དུ་སྔོན་གྱི་བསྟན་བཅོས་ཁག་ཏུའང་གཟབ་འཕྱོར་དང་།  འཕྱོར་ཆས།  འཕྱོར་སྒེག  འཕྱོར་པོ།  སྒོ་འཕྱོར་སོགས་ལ་འཕྱོར་ཞེས་བྲིས་པ་ཤིན་ཏུ་མང་བས།  འཆོར་དང་འཕྱོར་གཉིས་ཀྱང་སྐབས་ཤིག་ནས་འདྲའོ་སྙམ་ནས་ནོར་བར་བྲིས་པ་རྒྱུན་འབྱམས་སུ་སོང་བ་མིན་ནམ་སྙམ་དུ་དོགས།   

༣ འཕྱོན་མ། འཆོན་མ། – འཕྱོན་མ་ཞེས་པ་ནི་ཕོ་མོའི་འབྲེལ་བ་སོགས་སྤྱོད་པ་འཆལ་བའི་བུད་མེད་ཀྱི་མིང་དུ་གོ་ལ།  འདིར་སྐབས་གང་དུའང་འཕྱོན་མ་ཞེས་བྲིས་པ་མང་བའི་ཁར་ཀུན་གྱི་ལག་སྣེར་ཡོད་པའི་དག་ཡིག་གསར་བསྒྲིགས་དང་།  བོད་རྒྱ་ཚིག་མཛོད་ཆེན་མོ་གཉི་གར་ཡང་།   འཆོན་མ་ཞེས་པ་གཏན་ནས་མི་སྣང་བས་ནོར་དོགས་ཆེར་མེད་མོད།  འོན་ཀྱང་།  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་དུ།   “དེས་ན་ལུང་རིགས་ཀྱིས་བོར་བའི་གྲུབ་མཐའ་འཆོན་མའི་བུ་བཞིན་དུ་རིག་པར་བྱའོ།།”[11] ཞེས་འཕྱོན་མ་ལ་འཆོན་མ་ཞེས་བྲིས་པའང་སྣང་ངོ་།།

༤ འཕྱ་སྨོད། འཆའ་སྨོད། – འཕྱ་སྨོད་ལ་འཆའ་སྨོད་ཅེས་འབྲི་བ་ནི་ཉེ་བའི་ཆར་བྱུང་བ་མིན་པར་སྔོན་གྱི་མཁས་པའི་གསུང་ཁག་ཏུ་ཡང་ཡང་མངོན་པའི་འབྲི་ཚུལ་རྣམ་གྲངས་པ་ཞིག་རེད།  འོན་ཏེ།  འཕྱ་དང་འཆའ་གཉིས་པོ་སོ་སོའི་ཚིག་དོན་ལ་བསམ་ན་འཕྱ་བ་དང་སྨོད་པ་གཉིས་ཕལ་ཆེར་དོན་གཅིག་སྟེ།  འཕྱ་བ་ནི་ཚིག་གི་ལམ་ནས་གཞན་ལ་བརྙས་པའམ་མཐོང་ཆུང་བྱེད་པའི་དོན་ཡིན་ལ།  སྨོད་པ་ནི་བསྟོད་པའི་ལྡོག་ཟླ་སྨད་པའི་བྱ་ཚིག་མ་འོངས་པ་དང་ད་ལྟ་བ་སྟེ་གཞན་ལ་ཚིག་ངན་སྨྲ་བའི་དོན་ཡིན་པས། འཕྱ་བ་དང་སྨོད་པ་གཉིས་མཉམ་དུ་བསྡུས་ཏེ་འཕྱ་སྨོད་ཅེས་པ་ནི་སློབ་སྦྱོང་དང་།  བསྟོད་བསྔགས་སོགས་དང་འདྲ་བར་”འདྲ་ཉེ་མཉམ་འདུས་”ཀྱི་བྱ་ཚིག་མིང་དུ་གྲུབ་པའི་རིགས་སུ་འདུ།   

གཞན་འཆའ་སྨོད་ཅེས་པའི་ཟུར་གྱི་འཆའ་ཞེས་པ་ནི་བྱ་ཚིག་དང་མིང་ལ་འཇུག་པའི་སྐབས་གཉིས་ཡོད་ཀྱང་།  གོང་ལྟར་འཕྱ་བའི་དོན་གང་ཡང་མེད་པར་བྱ་ཚིག་ལྟར་ན།  ཟས་སྲ་མོའི་རིགས་སོ་ཡིས་ལྡད་པའི་མ་འོངས་པ་དང་ད་ལྟ་བ་ཡིན་ལ།  མིང་རྐྱང་དུ་བསམ་ན་མཁོ་བའི་ཡོ་བྱད་སོགས་འཇོག་སའི་རྡང་སྟེགས་རིམ་པ་ཅན་ལ་གོ་སྟེ།  དཔེར་ན།  ཚོང་རྫས་བསྒྲིག་སའི་འཆའ་ལྟ་བུའོ།།  དེས་ན་འཕྱ་སྨོད་དང་འཆའ་སྨོད་ཅེས་པའི་འབྲི་ཚུལ་གཉིས་ལས་སྔ་མ་དག་པར་བསམས་ཤིང་།  ཕྱི་མ་ནི་སྔ་མ་དང་ཀློག་གདངས་མཚུངས་པ་ཙམ་ལས་འབྲེལ་ཆགས་པའི་རྒྱུ་མཚན་གཞན་མི་སྣང་བར་འདོད་དོ།།

གཞན་ཡང་།  གོང་བརྗོད་འདི་དག་དང་རིགས་མཚུངས་ཤིང་ད་དུང་ཞིབ་ཏུ་དཔྱད་དགོས་པའང་མང་བར་སྣང་སྟེ།  དཔེར་ན།  དུས་རབས་བཅུ་གཅིག་པའི་ནང་བྱོན་པའི་བཀའ་གདམས་པའི་མཁས་དབང་ཕྱག་པ་ཁྲི་མཆོག་ཅེས་པའི་མཚན་གྱི་འབྲི་ཚུལ་ལ་ཞབས་དཀར་བའི་གསུང་འབུམ་རང་དུ་”རྣལ་འབྱོར་བ་ཕྱག་པ་ཁྲི་མཆོག་གིས་ཇོ་བོ་རྗེའི་བཀའ་བཞིན་རྭ་སྒྲེང་གི་ཤུག་གསེབ་ན་རི་དྭགས་རྣམས་དང་ཁྱད་པར་མེད་པར་བཞུགས་ནས་”[12]ཞེས་དང་། “རྣལ་འབྱོར་བ་ཆག་པ་ཁྲི་མཆོག་གིས། ཇོ་བོ་གཤེགས་པ་ན། བདག་གིས་བསྒོམ་པར་ཞུ་ཞུས་པས། བྱ་བ་ངན་པ་ཡིན་བོར་ལ་ཐོངས་”[13]ཞེས་སྔ་ཕྱི་ཀུན་ཏུ་ཕྱག་པ་དང་ཆག་པ་གཉིས་བྲིས་འདུག་ལ།    དེ་མིན་དུས་རབས་བཅུ་གཉིས་པའི་མགོར་བྱོན་པའི་ཕྱཱ་པ་ཆོས་ཀྱི་སེང་གེའི་(༡༡༠༩-༡༡༦༠)མཚན་ལའང་ཆ་པ་དང་ཕྱཱ་པ་གཉིས་གདམ་ངར་བྲིས་པ་སོགས་ད་དུང་འདི་དག་དབུས་སྐད་ཀྱི་སྒྲ་གདངས་འདྲ་བ་ལས་ཕན་ཚུན་འདྲེས་པར་གྱུར་པ་མིན་ནམ་སྙམ་པ་ཧ་ཅང་འབེལ་ལོ།།

༤ ཇ་དང་བྱ་གཉིས་ཀྱི་ཀློག་གདངས་གཅིག་པའི་གནད་ཀྱིས་བསྐྱེད་པའི་འབྲི་ཚུལ་གདམ་ང་ཅན་གླེང་བ།

        ཨ་མདོའི་སྐད་དུ་བ་ཡ་བཏགས་བྱ་ལ་ཞ་དང་སྒྲ་ཉེ་བར་ཀློག་པ་ལས་དབུས་སྐད་ལྟར་ཅའམ་ཇ་ཡི་སྒྲ་ཕྱོགས་ཙམ་ཡང་མི་ཐོན་པས་དེ་གཉིས་ཕན་ཚུན་ནོར་དོགས་མེད་མོད།  འོན་ཀྱང་།  དབུས་སྐད་དུ་གོང་བརྗོད་ཆ་དང་ཕྱ་གཉིས་ལྟར་འདི་ལ་ཡང་ཀློག་གདངས་འདྲ་བ་ལས་ཕན་ཚུན་འདྲེས་པར་གྱུར་པ་མིན་ནམ་སྙམ་པ་རེ་ཟུང་མཆིས་པས་འདིར་དེ་དག་རེ་རེ་ནས་གླེང་བ་ལ།        

༡ ཇག་པ།  བྱག་པ། – ཀརྨ་རང་བྱུང་རྡོ་རྗེའི་གསུང་<<དཔལ་དུས་ཀྱི་འཁོར་ལོའི་མན་ངག་སྣང་བ་>>ཞེས་བྱ་བ་རུ།  བྱག་པའི་ལས་དང་བརྫུན་དང་ནི།།མི་དགེ་བ་ཡི་ལས་བྱའོ།། [14]ཞེས་དང་།  གཞན་ཡང་།  ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱིས།  རྨ་བྱའི་ཀློག་སྟངས་རྨ་བཡའ་ཞེས་བཀླགས་ན་དག་པར་གསུངས་པ་ལ།  འཇུ་མི་ཕམ་པས།  དེ་ལྟ་ན་དེའི་དཔེ་ལ།  ཇག་པའམ་བྱག་པའི་ཀློག་སྟངས་དག་པ་ལ། བཡག་ཅེས་འབྱུང་མིན་འཚོལ་དང་རྙེད་པར་འགྱུར་ཏེ་འདྲ་བའི་ཕྱིར་རོ།།ཞེས་མ་རངས་པའི་བཞད་གད་བསླངས་པར་སྐད་པའི་ཚུལ་འདིས་འཇུ་མི་ཕམ་པས་ཀྱང་།  ཇག་པ་ལ་བྱག་པ་ཞེས་པའི་འབྲི་ཚུལ་ཡོད་པ་ཞལ་གྱིས་བཞེས་ཡོད་འདུག་ལ།  ཚུལ་འདི་དང་འདི་འདྲ་བའི་རྐྱེན་པས་ཕྱིས་ཀྱི་བོད་རྒྱ་ཚིག་མཛོད་དང་།  དག་ཡིག་གསར་བསྒྲིགས་བཅས་སུའང་།  བྱག་མཁན་ནི་ཇག་པའི་མིང་དུ་འགྲེལ་དགོས་བྱུང་བ་ཡིན་པར་འདོད།    

དེ་ལྟར་ནའང་།  དིང་གི་བསྟན་འགྱུར་དཔེ་བསྡུར་མའི་ཁྲོད་དུ་ཇག་པ་ཞེས་པ་ལན་དུ་མར་འབྱུང་ཡང་།  བྱག་པ་ཞེས་པའི་ཐ་སྙད་ཅིག་གཏན་ནས་མི་རག་པས།  དོན་དུ་ཇག་པ་ཞེས་པ་འདི་ཁུངས་དག་པར་བཟུང་ན་འོས་པར་སྙམ་མོ།།

        ༢ ཇུས།  བྱུས། – ༸གོང་ས་ལྔ་བ་ཆེན་པོའི་གསུང་འབུམ་ཁྲོད་དུ།  སྔ་ཕྱིར་ཇུས་དང་བྱུས་གཉིས་གདམ་ང་ལྟ་བུར་བྲིས་པ་མང་སྟེ།  དཔེར་ན། གནམ་བསྐོས་ས་ཡི་ཚངས་པའི་སྐུ་ཚེ་དང་།། མཚན་བྱུས་མངའ་ཐང་ཕྱོགས་བཅུར་རྒྱས་པར་ཤོག།།[15]ཅེས་པ་དང་།  ཡང་།  ས་སྤྱོད་རྒྱལ་པོ་ཆེན་པོའི་སྐུ་ཚེ་དང་།།མཚན་ཇུས་མངའ་ཐང་ཆབ་སྲིད་རྒྱས་པར་མཛོད།། [16]ཅེས་འབྱུང་བ་དེ་བཞིན་དུ།  བྱུས་རིམ་དང་ཇུས་རིམ།  བསྟན་ཇུས་དང་བསྟན་བྱུས་སོགས་སྐབས་གང་སར་མང་ཙམ་མཇལ་དུ་མཆིས།  དེ་ནི་ཇུས་དང་བྱུས་གཉིས་ཚིག་གྲོགས་ལ་མ་ལྟོས་པར་ཀློག་གདངས་འདྲ་བས་ཕན་ཚུན་ནོར་འདྲེས་སུ་སོང་བ་ཨེ་ཡིན་སྙམ། 

          སྤྱིར་ཇུས་དང་བྱུས་གཉི་གའི་དོན་སོ་སོར་སྣང་བས་འདི་གཉིས་སྐབས་ཀྱི་དོན་ལ་གཞིགས་ཏེ་ཕན་ཚུན་མི་ནོར་བ་གལ་ཆེ།  དེའང་ཇུས་ནི།  གཙོ་བོར་ཐབས་དང་བཀོད་པ་ལ་ཟེར་ཞིང་།  ད་སྐབས་སྲིད་ཇུས་དང་འཐབ་ཇུས་ཞེས་པར་ཡིག་ཐོབ་འདི་ག་རང་བྲིས་ན་ཁུངས་དག་ཅིང་དོན་དང་མཐུན་པར་འདོད།   བྱུས་ནི།  གཙོ་ཆེར་བསོད་ནམས་དང་མངའ་ཐང་ལ་གོ་སྟེ།  དཔེར་ན།  སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་<<༸གོང་ས་ལྔ་བ་ཆེན་པོའི་རྣམ་ཐར་དུ་ཀུ་ལའི་གོས་བཟང་གླེགས་བམ་གསུམ་པའི་འཕྲོས་བཞི་བ་>>ཞེས་བྱ་བ་རུ།  “མངའ་རིས་ཕྱོགས་ཀྱི་བྱུས་རིམ་ལ་དགེ་དགོན་གྲ་པ་ལྔ་བཅུ་ཡན་འཚོག་པ་རྣམས་ལ་མང་ཇ་ལྔ་རེའི་ཐོག་མདོ་པ་རྣམས་ཀྱིས་མདོ་སྒྲུབ་དང་།”[17] ཞེས་དགེ་ཚོགས་བསོད་ནམས་ཀྱི་སླད་དུ་སྒྲུབ་པའི་རིམ་གྲོ་ལ་བྱུས་རིམ་ཞེས་གསུངས་པ་དང་།  ཡང་ཚེ་བསོད་མངའ་ཐང་རྒྱས་པ་ལ་བྱུས་ལེགས་ཟེར་བར་མངོན་ཏེ།  ༸གོང་ས་ལྔ་བ་ཆེན་པོས།  རང་སྲིད་བསྟན་དང་དེ་རྗེས་འབྲངས་ཀུན་གྱི།།བྱུས་ལེགས་རྡོ་རྗེའི་སྲོག་ཤིང་རབ་ཚུགས་པར།། ཞེས་གསུངས་པ་ལྟ་བུས་མཚོན།  

          དེ་མིན་དབུས་སྐད་དུ་སྤྱོད་ཤུགས་ཆེས་ཆེ་བའི་མིང་འདི་འབྲེལ་གྱི་ཐ་སྙད་ཇུས་གཏོགས་སམ་བྱུས་གཏོགས་ཞེས་པའང་དོན་གྱིས་ཇུས་གཏོགས་ཞེས་བྲིས་ན་དོན་དང་མཐུན་པར་འདོད་དེ།  ཇུས་གཏོགས་ཞེས་པ་ནི་མདོ་ཁམས་ཀྱི་ས་ཆ་ལ་ལར་”ཁུར་སྟངས་”ཞེས་ཟེར་ལ།  ཁོ་བོའི་ཕ་ཡུལ་ཀླུ་ཆུའི་ཡུལ་སྐད་དུ།  འདི་ལ་”བཀོད་པ་”ཟེར།  དཔེར་ན།  ང་ལ་འབྲེལ་བ་མེད་པའི་མི་ཞིག་གིས་ང་ལ་ཅི་ཞིག་བྱ་ཆོག་དང་མི་ཆོག་པའི་ཁ་ཏ་ལྟ་བུ་བྱས་པ་ན།  ངས་དེར་དང་ལེན་བྱ་མ་འདོད་ཚེ།  ཁྱོད་རང་བཀོད་པ་མེད་སར་བཀོད་པ་མ་འཇོག་ཅེས་པ་དང་།  ཁྱོད་ལ་བཀོད་པ་མི་འདུག་ཅེས་བརྗོད་ཆོག་པ་ལྟ་བུ་སྟེ།  ཚུལ་འདི་དབུས་སྐད་དུ་ཕབ་ན།  ཁྱོད་ཀྱིས་ཇུས་གཏོགས་མེད་སར་ཇུས་གཏོགས་མ་བྱེད།  ཅེས་པ་དང་།  ཁྱོད་ལ་ཇུས་གཏོགས་མི་འདུག་ཅེས་བརྗོད་པ་དང་ཀུན་ནས་མཚུངས་སོ།།   

གཞན་ཡང་།  ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས། “ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཆེམས་སུ།  ཆོས་ཀྱི་ཕྱོགས་ལ་བླ་མ་དམ་པ་ལ་སྐྱབས་སུ་མཆི། འཇིག་རྟེན་གྱི་བྱ་བ་ལ་དྲུང་པ་ལ་བཅོལ་གཏོགས་མེད།” ཅེས་པ་དང་།  “ཤེས་བྱ་ཀུན་ཁྱབ་ཏུ།  མ་བཅོལ་བའི་ལས་ལ་གཏོགས་འདོད་མི་བྱེད་པ།” ཞེས་པ་གཉིས་ཁུངས་སུ་དྲངས་ཏེ།  བཅོལ་གཏོགས་དག་ལ་ཇུས་གཏོགས་ཞེས་པ་ནོར་བ་ཡིན་པར་བསྟན་ཡོད་[18]པས་དཔྱད་པར་འཚལ། 

༥ མཇུག་བསྡུ་བ།

གོང་དུ་བརྗོད་མ་ཐག་པའི་གདམ་ང་ཅན་གྱི་མིང་འདི་དག་ནི་ཁོ་བོས་ད་སྔར་རང་གི་དཔེ་ཀློག་གི་ཁྲོད་ནས་མཐོང་ཞིང་རྙེད་པ་དག་ལ་འདིར་རེ་རེ་ནས་ཅུང་ཙམ་དཔྱད་ཅིང་བསྡུར་བའི་ཁུལ་ཡིན་ལ།  ད་དུང་ཡང་སྔོན་བྱོན་མཁས་པའི་གསུང་གི་རི་བོའི་ཉིན་སྲིབ་ཀུན་ཏུ་ཉུལ་ན་འདི་དང་འདི་འདྲ་བ་ཤིན་ཏུ་མང་ངེས་པས།  ང་ཚོས་རྗོད་བྱེད་ཐ་སྙད་གཅིག་ཙམ་ཡིན་རུང་མ་དག་པ་དག་པའི་ཕྱོགས་སུ་དང་།  དག་པ་རྒྱུན་འབྱམས་སུ་གཏོང་ཐབས་ལ་ཅིས་ཀྱང་དོ་སྣང་དང་འབད་འབུངས་བགྱི་དགོས་པར་སྙམ་པ་ནི་རྩོམ་ཡིག་འདིའི་མཇུག་བསྡུ་བའི་ཞར་ལ་ཕུལ་པའི་གཞེན་སྐུལ་ཙམ་མོ།།

༢༠༡༥ ལོའི་ཟླ་ ༡༡  ཚེས་ ༢༨ དགོང་མོར་རྫོགས་པར་བྲིས།

(རྩོམ་ཡིག་འདི་ནི་ཕྱི་ལོ་ ༢༠༡༥ ལོར་དཔར་སྐྲུན་བྱས་པའི་<<བརྡ་སྤྲོད་ཞིབ་མོ་རྣམ་འཐག>>ལས་ཁོལ་དུ་ཕྱུང་།)


[1] སྟག་ཚང་དཔལ་འབྱོར་བཟང་བོས་བརྩམས། <<རྒྱ་བོད་ཡིག་ཚང་ཆེན་མོ།>> [M]<<ས་སྐྱའི་ཆོས་འབྱུང་གཅེས་བསྡུས།>>དེབ་གསུམ་པ།  (པེ་ཅིན།)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༦ པ།  དཔར་ཐེངས་དང་བོ།  (ཤོག་ངོས།P.69)

[2] ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་བརྩམས། [M]<<ཉན་ཤུལ་མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།>> (པེ་ཅིན།)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༢༠༠༣ ལོའི་ཟླ་ ༢ པ།  དཔར་ཐེངས་དང་བོ།  (ཤོག་ངོས།P.87)

[3] རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་མཛད། [M]<<བྱང་ཆུབ་ལམ་རིམ་ཆེན་མོ།>> (ཐའེ་ཝན།།)ནང་བའི་ཤེས་ཡོན་བདེ་རྩ་ལྷན་ཚོགས་ཀྱིས་དཔར། ཕྱི་ལོ་ ༢༠༠༥ ལོའི་ཟླ་ ༡༠ པ།  དཔར་ཐེངས་དང་བོ།  (ཤོག་ངོས།P.188)

[4] ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་བརྩམས། [M]<<ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར།>> (ལན་ཀྲུ།)ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༡༡ པ།  དཔར་ཐེངས་དང་བོ།  (ཤོག་ངོས།P.340/727)

[5] <<བཀའ་འགྱུར་དཔེ་བསྡུར་མ།>>   (དེབ་ ༩ )  འདུལ་བ།  པོད།༼ཏ༽  [G] (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོའི་ཟླ་ ༡༠ བར་དཔར། དཔར་ཐེངས་དང་བོ།  ཤོག་ངོས། (P. 589)

[6] <<བསྟན་འགྱུར་དཔེ་བསྡུར་མ།>>   (དེབ་ ༡༡༣ )  གསོབ་རིག་པ།  པོད།༼ཀོ༽  [G] (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོའི་ཟླ་ ༡༠ བར་དཔར། དཔར་ཐེངས་དང་བོ།  ཤོག་ངོས། (P. 83)

[7] ཀར་རྒྱལ་དོན་གྲུབ་ཀྱིས་བརྩམས། [G]<<མདོ་ཁམས་ཆ་ཕྲེང་གི་ལོ་རྒྱུས་གསེར་གྱི་སྙེ་མ།>> (དྷ་རམ་ས་ལ།) བོད་ཀྱི་དཔེ་མཛོད་ཁང་། ༡༩༩༢ ལོར་་དཔར། དཔར་ཐེངས་དང་བོ།  ཤོག་ངོས། (P. 02)

[8] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད།  <<ཕ་ཆོས་ཉི་ཤུ་རྩ་དྲུག་ལས་ཞུས་ལན་གྱི་དངོས་གཞི་ནོར་བུའི་ཕྲེང་བ་>>ཞེས་བྱ་བ། [M]<<ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ།>>  དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས།  (པེ་ཅིང་།)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར།  ཕྱི་ལོ་ ༢༠༠༦ ལོའི་ཟླ་༡༢ པ།  དཔར་ཐེངས་དང་བོ། ཤོག་ངོས། (P.119)

[9] རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་མཛད། <<དག་ཡིག་ཉེར་མཁོ་བསྡུས་པ།>> [G] <<བརྡ་དག་སྙན་ངག་སོགས་ཐ་སྙད་རིག་གནས་ཀྱི་གཞུང་གཅེས་བཏུས།>> བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་།  ཕྱི་ལོ་ ༢༠༡༢ ལོར་དཔར། དཔར་ཐེངས་དང་བོ། (ཤོག་ངོས།P.88)

[10] ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད། <<ས་སྐྱ་ལེགས་བཤད་སོགས་ཀྱི་བརྡ་དོན་འགའ་ཞིག་དགྲོལ་བ།>> [G] ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ། སྨད་ཆ།   (ལན་ཀྲུ།) ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༢༠༡༡ ལོའི་ཟླ་གསུམ་པ།  དཔར་ཐེངས་དང་བོ།  ཤོག་ངོས། (P.101)

[11] པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ།  པོད་བཅུ་གསུམ་པ། <<སྦྱོང་བྱེད་བར་དོའི་འབེལ་གཏམ་རྨ་བྱ་དུག་འཇོམས་ཞེས་བྱ་བ།>> (བལ་ཡུལ།)རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གྲྭ་གུ་རུས་དཔར་སྐྲུན་བྱས། ཕྱི་ལོ་ ༢༠༠༦ ལོར།  ལྕགས་དཔར་དཔེ་རིང་། (ལྡེབ་ངོས།P.613)

[12] ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མཛད། <<རྒྱལ་སྲས་སྤྲུལ་བའི་གླེགས་བམ་ཞེས་བྱ་བ།>> [G] <<རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ།>>(པོད་ལྔ་པ།) (ཟི་ལིང་།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོའི་ཟླ་ ༡༠ བར་དཔར། དཔར་ཐེངས་དང་བོ། ཤོག་ངོས། (P.259)

[13] ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མཛད། <<ཆོས་བྱེད་གཞན་ཕན་ཟླ་བ་ཞེས་བྱ་བ།>> [G] <<རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ།>>(པོད་བརྒྱད་པ།) (ཟི་ལིང་།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོའི་ཟླ་ ༡༠ བར་དཔར། དཔར་ཐེངས་དང་བོ། ཤོག་ངོས། (P.122)

[14]ཀརྨ་རང་བྱུང་རྡོ་རྗེས་མཛད།  <<དཔལ་དུས་ཀྱི་འཁོར་ལོའི་མན་ངག་སྣང་བ་ཞེས་བྱ་བ།>> <<ཀརྨ་རང་བྱུང་རྡོ་རྗེའི་གསུང་འབུམ།>> པོད་བརྒྱད་པ།  དཔེ་སྒྲིག་འགན་འཛིན་པ་ཀརྨ་བདེ་ལེགས། ཕྱི་ལོ་ ༢༠༠༦ ལོར་དཔར།  ལྕགས་དཔར་དཔེ་རིང་།   (ལྡེབ་ངོས།P.546)

[15] རྒྱལ་དབང་ལྔ་བ་ཆེན་མོས་མཛད། <<རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ།>> (པོད་བཅོ་བརྒྱད་པ།) [G] (ལྷ་ས།) སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ༢༠༠༩ ལོའི་ཟླ་ ༩ བ། དཔར་ཐེངས་དང་བོ།  ཤོག་ངོས། (P.461)

[16] རྒྱལ་དབང་ལྔ་བ་ཆེན་མོས་མཛད། <<རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ།>> (པོད་བཅུ་བཞི་བ།) [G] (ལྷ་ས།) སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ༢༠༠༩ ལོའི་ཟླ་ ༩ བ། དཔར་ཐེངས་དང་བོ།  ཤོག་ངོས། (P.155)

[17] རྒྱལ་དབང་ལྔ་བ་ཆེན་མོས་མཛད། <<རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ།>> (པོད་བརྒྱད་པ།) [G] (ལྷ་ས།) སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ༢༠༠༩ ལོའི་ཟླ་ ༩ བ། དཔར་ཐེངས་དང་བོ།  ཤོག་ངོས། (P.268)

[18] ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་བརྩམས། [M]<<ཉན་ཤུལ་མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།>> (པེ་ཅིན།)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༢༠༠༣ ལོའི་ཟླ་ ༢ པ།  དཔར་ཐེངས་དང་བོ།  (ཤོག་ངོས།P.86)