འོག་གི་གནའ་བོའི་བྲག་བརྐོས་རི་མོ་འདི་དག་ནི་ད་ལྟའི་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་རྫ་སྨད་དབོན་པོ་སྡེ་བའི་རུ་ཁག་གཉིས་པའི་རིན་ཆེན་སྤུངས་སྣ་འམ་སྤང་སྣ་ཞེས་པའི་ས་ཆའི་རི་ལྡེབས་ཀྱི་བྲག་ངོས་ཤིག་ཏུ་བརྐོས་ཡོད། རི་མོ་འདི་དག་ཉེ་ཆར་ཐོག་མར་བྲག་འདིའི་གཡས་གཡོན་དུ་མ་ཎི་བརྐོ་མཁན་གྱི་འབྲོག་མི་སྐོར་ཞིག་གིས་མཐོང་ཡང་དོ་སྣང་བྱུང་ཆེར་མི་འདུག་ལ། དེའི་རྗེས་ནས་གནས་ཚུལ་དེ་ངའི་གྲོགས་ཚུལ་ཁྲིམས་སྦྱིན་པས་དོ་སྣང་བྱུང་ནས་གནའ་བོའི་བྲག་རིས་དེ་འདྲ་ཞིག་ཡོད་པའི་སྐོར་གྱི་གནས་ཚུལ་ང་ལ་མཁོ་སྤྲོད་བྱས་བྱུང་། དེ་ནས་ངེད་གཉིས་ཀྱིས་རླངས་འཁོར་བསྐོར་ནས་ཆེད་དུ་གནའ་བོའི་བྲག་བརྐོས་རི་མོ་དེར་ལྟ་རུ་སོང་། རི་མོ་དེ་དག་ནི་གཞུང་ལམ་འགྲམ་གྱི་རི་ལྡེབས་ཀྱི་བྲག་ངོས་མི་ཆེ་མི་ཆུང་བ་ཞིག་གི་སྟེང་དུ་བརྐོས་འདུག་ལ། འབྲོང་གཡག་དང་ཤ་བ་ཕོ་མོ། ད་རུང་མིའི་གཟུགས་རིས་སོགས་ཁྱོན་རི་མོ་བཅུ་ཡས་མས་ཤིག་བརྐོས་འདུག ད་དུང་ཅུང་ངོས་འཛིན་དཀའ་ཞིང་དབྱིབས་རྙོག་འཛིང་ཅན་གྱིས་རི་མོ་རེ་གཉིས་ཤིག་ཀྱང་ཡོད་འདུག་ལ་རི་མོ་ཚང་མ་གཙགས་མ་དང་བརྡུང་མ་རེད་འདུག འདི་དག་ནི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་སུམ་སྟོང་དགུ་བརྒྱ་ཡས་མས་ཀྱི་མཚམས་སུ་ཡོད་ལ། རྫ་ཆུ་དང་ཤིན་ཏུ་བར་ཐག་ཉེ་བའི་གཞུང་ལམ་གྱི་འགྲམ་གྱི་རི་ལྡེབས་ཤིག་ཏུ་བརྐོས་ཡོད། སྤྱིར་ན་སྡེ་བ་འདི་ནས་རི་མོ་འདི་དག་གསར་རྙེད་བྱུང་བ་ནི་ད་ཐེངས་ཀྱི་འདི་བརྩིས་ན་རྙེད་ཐེངས་གཉིས་པ་ཡིན། རྙེད་ཐེངས་དང་པོ་ནི་ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པའི་ནང་དབོན་པོ་དགོན་པའི་རྒྱབ་རིའི་གཡས་ཕྱོགས་ཀྱི་རི་འདབས་ཀྱི་བྲག་ངོས་སུ་ཁ་ལྷོ་རུ་གཏད་དེ་ཡོད་པའི་བྲག་རིས་བཞི་ཅུ་ལྷག་རྙེད་སོན་བྱུང་བ་དེ་དག་ཡིན་ལ སྐབས་དེར་ཕྲན་གྱིས་རི་མོ་དེ་དག་ངོ་སྤྲོད་ཀྱི་རྩོམ་ཡིག་ཅིག་ཀྱང་བཙན་པོ་དྲ་བར་སྤེལ་བ་ཡིན། ད་ཐེངས་ཀྱི་བྲག་བརྐོས་རི་མོ་འདི་དག་ནི་དབོན་པོ་གྲོང་བརྡལ་ནས་རྫ་ཆུའི་འགྲམ་འབབ་རྒྱུན་དེད་ནས་སྨད་ཕྱོགས་སུ་སྤྱི་ལེ་ལྔ་དྲུག་ཙམ་སོང་ན་ཐོན་ཐུབ་ལ། འདི་དག་ཐེངས་སྔོན་མའི་དགོན་པའི་རྒྱབ་རིའི་ངོས་ཀྱི་བྲག་རིས་དེ་དག་དང་ཅུང་ཙམ་བར་ཐག་གིས་ཆོད་ཡོད་ལ་གྲངས་ཀ་ཡང་དེ་དང་བསྡུར་ན་ཅུང་ཉུང་ངུ་ཞིག་ལས་མེད། སྤྱིར་ན་སྡེ་བ་འདིའི་གནའ་བོའི་བྲག་རིས་ཁྲོད་ནས་གྲངས་ཀ་ཆེས་མང་ཤོས་དེ་ཤ་བ་དང་བྱ་ཁྱུང་གི་གཟུགས་རིས་ཡིན། གདོད་མའི་བྲག་རིས་ནི་ཡི་གེ་མ་བྱུང་སྔོན་གྱི་གནའ་བོ་མི་དག་གིས་དད་མོས་ཀྱི་འདུ་ཤེས་དང་རང་བྱུང་ཁམས་ལ་འཐབ་རྩོད་ཡུན་རིང་བྱས་པའི་མཚོན་རྟགས་ཤིག་ཡིན་པ་དང་། མཁས་དབང་དགེ་ཆོས་གྱིས་ཀྱང་། རང་རེའི་སྲིད་པའི་ཕྱག་བརྒྱ་དང་། གཞན་ཡང་བསྲུང་བའི་བྱང་བུ་མང་པོ་ཞིག་གི་སྟེང་དུ་ཐོག་བརྩེགས་སུ་ཡོད་པའི་གཟུགས་རིས་སྣ་ཚོགས་ཤིག་བྲིས་ཡོད་པ་འདི་དག་ཀྱང་གནའ་དུས་ཀྱི་ཡི་གེའམ་སྔགས་ཀྱི་གཟུགས་ལ་སོགས་པ་ཡིན་ནམ་སྙམ་ཞེས་གསུང་པ་ནང་བཞིན། ད་ལྟ་མཐོང་དུ་ཡོད་པའི་གནའ་བོའི་བྲག་རིས་ཐམས་ཅད་ལའང་སྐབས་དེའི་གདོད་མའི་མིའི་འཚོ་བ་དང་བསམ་བློ་མཚོན་པའི་ནང་དོན་ཕུན་སུམ་ཚོགས་པ་ཡོད་པའི་ཡི་གེའི་རིགས་ཤིག་ཏུ་ངོས་འཛིན་ཆོག་པ་ཞིག་རེད། གནའ་རྫས་མཁས་ཆེན་དག་གིས་གསུང་པ་ནང་བཞིན། ད་ལྟའི་མཐོང་ཆོས་སུ་ཡོད་པའི་གདོད་མའི་བྲག་རིས་འདི་དག་ཡོད་ས་ནི་ས་ཁམས་དང་གནམ་གཤིས་སོགས་ཀྱི་རྐྱེན་སྣ་ཚོགས་ཀྱི་དབང་གིས་དེང་སང་མང་ཕྱོགས་མི་མེད་ས་སྟོང་གི་གནས་སུ་ལུས་ཡོད་པ་དང་། གནའ་བོའི་དུས་སུ་དེ་དག་ཡོད་ས་རུ་འདུ་འཛི་ཆེ་བའི་མི་ཚོགས་དང་གཏད་སྡོད་ཀྱི་ཚོ་བ་མང་པོ་ཡོད་སྲིད་པ་དང་། རི་མོ་དེ་དག་ཡོད་ས་ནི་སྐབས་དེའི་མི་དག་གིས་ལབ་རྩེ་མཆོད་པ་དང་དུར་མཆོད་བྱེད་པ། ལྷ་དང་མེས་པོར་གསོལ་བ་གདབ་སའི་མཆོད་གནས་ཤིག་ཏུ་ངོས་འཛིན་ཆོག་པ་ཞིག་རེད་ཅེས་སོགས་གསུང་པ་བཞིན།

དེ་ན་གསར་རྙེད་ཀྱི་བྲག་རིས་འདི་དག་ལྟ་བུར་མཚོན་ན་མི་ཚོགས་ཉུང་བའི་འབྲོག་ཁུལ་ཤིག་ཏུ་ཡོད་ལ། འདིའི་བྲག་ངོས་སུ་བརྐོས་པའི་རི་མོའི་ཁྲོད་འབྲོང་གི་གཟུགས་རིས་གཉིས་དང་། ཤ་བ་ཕོ་མོའི་གཟུགས་རིས་ལྔ། མིའི་གཟུགས་རིས་གསུམ་བཅས་བརྐོས་འདུག རི་མོའི་སྤྱི་འགྲོས་ནི་བྲག་ངོས་ཀྱི་གོང་ནས་འོག་ལ་མིའི་གཟུགས་རིས་གསུམ་རིམ་པ་ལྟར་བརྐོས་འདུག་ལ། གོང་གི་མི་དང་པོའི་འགྲམ་དུ་སྲོག་ཆགས་གཅིག་ཀྱང་མེད་ལ། མི་གཉིས་པའི་འགྲམ་དུ་ཡུ་མོ་གཅིག གསུམ་པའི་འགྲམ་དུ་འབྲོང་གཉིས་དང་ཤ་བ་ཕོ་མོ་གསུམ་བཅས་ཡོད་པ་དེ་འདྲ་ཞིག་རེད། གཟུགས་རིས་འདི་དག་ནི་མངའ་རིས་དང་བྱང་གནམ་མཚོ་སོགས་ཀྱི་རི་མོ་རྙིང་པ་དེ་དག་དང་བསྡུར་ན་སྤུས་དག་ལ་སྒྲོས་ལེགས་པོ་ཡོད་པ་ཞིག་རེད། ཚོད་བགམ་བྱས་ན་ལག་རྩལ་དང་ཤེས་རིག་ཅུང་ཙམ་སྨིན་པའི་གདོད་མའི་སྐབས་ཤིག་ཏུ་བརྐོས་པ་ལོས་ཡིན་སྙམ་པ་ཞིག་བྱུང་། འོན་ཀྱང་དུས་སྐབས་འདི་འདྲ་ཞིག་ལ་བརྐོས་པ་རེད་འདུག་ཅེས་ཁ་ཚོན་བཅད་ནས་དམིགས་གསལ་གྱིས་བཤད་ཁག་པོ་རེད། བྲག་རིས་འདི་དག་ལས་འབྲོང་གི་གཟུགས་རིས་ལྟ་བུ་ཡིན་ན་ཟེ་བ་འཐོ་ལ་སྐེད་པ་སྦོམ་པ། རྭ་རིང་ཞིང་སྒོར་དབྱིབས་སུ་སྐྱེས་ཡོད་པ། སྒལ་བ་རིང་ཞིང་རྔ་རྩིད་འཐུག་པོ་ཡོད་པ་མཆོངས་རྒྱུག་བྱེད་ཀྱིན་པའི་རྣམ་པ་དེ་འདྲ་ཞིག་རེད། དེ་ནི་འབྲེལ་ཡོད་ཡིག་ཆ་དག་ན་བྲིས་ཡོད་པ་ལྟར། འབྲོང་ནི་མཐོ་སྒང་གི་གནའ་བོའི་ཤེས་རིག་གི་བརྡ་རྟགས་གལ་ཆེན་ཞིག་ཡིན་ལ། བོན་གྱི་གནའ་བོའི་ལྷ་སྒྲུང་དུའང་གདོད་མའི་ལྷ་ཀུ་བྱི་མང་རྐེ་བྱ་བ་བླ་འབྲོང་དཀར་པོ་ཞིག་གིས་གཟུགས་སུ་སྤྲུལ་ནས་གངས་ཏི་སེར་ཐིམས་པའི་ལོ་རྒྱུས་ཡོད་ལ། བོད་ཀྱིས་འབྲོང་ལ་རྩིས་ཆེན་བྱེད་པའི་འདུ་ཤེས་ཀྱི་འབྱུང་ཁུངས་ཡང་དེ་ལ་ཐུག་ཡོད་རབས་སོགས་མཁས་པ་མང་པོས་གསུང་། འབྲོང་མཆོངས་རྒྱུགས་བྱེད་པའི་རྣམ་པ་དེ་འདྲ་ནི་གནའ་བོའི་མི་དག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་ལ་སྨོན་པ་སྟེ་བང་རྩལ་མགྱོགས་ལ་འགྲོས་མྱུར་བའི་བརྡ་རྟགས་ཤིག་ཡིན། སྤྱིར་གནའ་བོའི་བྲག་བརྐོས་རི་མོའི་ཁྲོད། འབྲོང་སྒོ་ཕྱུགས་སུ་བཏུལ་བའི་རི་མོ་དང་། འབྲོང་བླ་རུ་བཀུར་བའི་རི་མོ། འབྲོང་དམར་མཆོད་བྱེད་པའི་རི་མོ་སོགས་རིགས་མང་པོ་ཡོད་ལས་འདི་ནི་འབྲོང་སྒོ་ཕྱུགས་སུ་བཏུལ་བའི་རི་མོའི་རིགས་སུ་གཏོགས་པ་མིན་ནམ་སྙམ།

ཤ་བ་ལྟ་བུ་མཚོན་ན་ལ་རྭ་ཆ་བརྒྱད་ཅན་གཅིག་དང་ཡུ་མོ་བཞི་བཅས་འདུག་ལ་ཁ་གཡས་འཁོར་དང་གཡོན་འཁོར་བྱས་ཤིང་འགྲེང་དེ་འདུག་པ་དེ་འདྲ་ཞིག་རེད། ཤ་བ་ནི་བོད་ཀྱི་གདོད་མའི་མི་དག་གི་རིག་གནས་དང་འབྲེལ་བ་ངེས་པ་ཅན་ཡོད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། བོན་གྱི་ལྷ་སྒྲུང་དུ་གནམ་གྱི་དུང་ཤྭ་དཀར་པོ་ལྷ་ཡུལ་ནས་མི་ཡུལ་དུ་ཡོང་བ་སོགས་བྲིས་ཡོད་ལ། ལོ་རྒྱུས་དེབ་ཐེར་དུའང་ལྡོང་ནི་ས་ཁམས་ཤ་བ་བླ་ཞེས་པ་དང་འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས་ཞེས་པ་སོགས་ཀྱི་ཚིག་མང་པོ་བྲིས་ཡོད། ད་རུང་བོན་གཞུང་སོགས་སུ་ཤ་བ་དང་འབྲེལ་བའི་མདོས་དང་ཆོ་ག་དང་ཡས་སོགས་མང་པོ་ཡོད་པ་ཡིན། འདི་ནས་ང་ཚོས་ཤ་བ་དང་འབྲེལ་བའི་གདོད་མའི་རིག་གནས་ཀྱི་གནས་བབ་ཤིག་མཐོང་ཐུབ་ལ། བོད་ཡུལ་གྱི་གནའ་བོའི་བྲག་རིས་ཐམས་ཅད་ལས་ཤ་བའི་གྲངས་ཤིན་ཏུ་མང་པོ་ཟིན་ཡོད་པ་ནི་གནའ་བོའི་ཤེས་རིག་གི་སྣང་ཚུལ་ཤིན་ཏུ་ཡ་མཚར་སྐྱེ་འོས་པ་ཞིག་རེད། ས་ཁུལ་འདིར་གསར་རྙེད་བྱུང་བའི་གནའ་བོའི་བྲག་རིས་འདི་དག་ལ་མཚོན་ནའང་ཤ་བའི་གྲངས་མང་ཤོས་བརྐོས་ཡོད་པ་ཞིག་རེད། མདོར་ན་རི་མོ་འདི་དག་ལ་བལྟས་ནས་ང་ཚོས་ག་རེ་ཧ་གོ་ཐུབ་ཟེར་ན། ཡུལ་འདི་མིའི་རིགས་འཚོ་སྡོད་བྱེད་ཡུལ་གྱི་ས་ཁུལ་ཆེས་སྔ་ཤོས་གྲས་ཤིག་ཡིན་པ་ར་འཕྲོད་པ་དེ་རེད། དེ་ནས་གཞན་རི་མོ་འདི་དག་གི་ཁྲོད་དུ་མིའི་གཟུགས་རིས་གསུམ་ཙམ་འདུག་ལ། དེ་དག་ནི་ཆེས་གནའ་བོའི་དུས་སུ་གོས་སུ་ཤིང་ལོ་གྱོན་པའི་མི་གཅེར་རྗེན་གྱི་རི་མོ་དེ་དག་དང་ཡེ་མི་འདྲ་བར་གོན་པ་གྱོན་འདུག་པའི་སྣང་བརྙན་ཡོད་པ་དེ་འདྲ་རེད། རི་མོ་འདི་དག་གི་ཁྲོད་མི་དང་སྲོག་ཆགས་མཉམ་གནས་བྱས་ནས་བརྐོས་ཡོད་ལ། འདི་ནི་གདོད་མའི་མི་དག་གིས་ཆེས་སྔ་མོར་རང་བྱུང་ཁམས་ལ་བསྒྱུར་བཀོད་དང་བཟོ་བཅོས་བྱེད་པའི་གོ་རིམ་ཁྲོད་འཇིགས་སྐྲག་དང་དཀའ་སྡུག་མང་པོ་འཕྲད་ཅིང་། ཁོ་ཚོས་དེ་དག་གདོང་ལེན་བྱེད་པ་དང་དེ་དག་སེལ་བའི་ཐབས་སུ་རང་རང་གིས་རང་བྱུང་ཁམས་ཀྱི་སྲོག་ཆགས་འདྲ་མིན་བླ་རུ་བཀུར་བ་དང་ལྷ་ལ་དམར་མཆོད་བྱེད་པ། ཡང་ན་སྒོ་ཕྱུགས་སུ་བཏུལ་ཏེ་ཁ་གསོ་ཞིང་རྒྱབ་འགེབ་པའི་ལས་སུ་བརྩོན་པའི་རིག་གནས་ཀྱི་རྣམ་པ་ཞིག་མཚོན་ཀི་ཡོད་པ་རེད་ལ། ཁོ་ཚོས་དེ་དག་གི་རྣམ་པ་བྲག་ལ་བརྐོ་བ་དང་ས་ལ་སྦ་བ་དང་ཆུ་ལ་འདེབས་པ་སོགས་བྱས་ཏེ་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱེད། འདི་ནས་ང་ཚོས་ཡུལ་འདིར་འཚོ་མྱོང་བའི་གདོད་མའི་མི་རིགས་ཤིག་གི་སྣང་བརྙན་རབ་རིབ་ཞིག་མཐོང་ཐུབ། འདི་ནས་ང་ཚོས་ཡུལ་འདིའི་ཆེས་གནའ་བོའི་ལྗོངས་བཀོད་དང་དེ་ན་འཚོ་བའི་མི་དག་གི་འཚོ་བ་ལ་རྒྱུས་ལོན་ཅུང་ཙམ་བྱེད་ཐུབ། ཅེས་གཡུལ་ཐང་གིས་སྤྱི་ལོ་ཉེས་སྟོང་ཉི་ཤུ་ལོའི་ཟླ་དགུ་བའི་ཚེས་ཉེར་གཉིས་ལ་བྲིས་སོ།