དོལ་པོ་ནི་ད་ལྟའི་སྲིད་འཛིན་གྱི་དབྱེ་ཕྱོགས་ལྟར་ན་བལ་ཡུལ་ནུབ་བྱང་ཕྱོགས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་ཡོད་ལ་སྔར་སྲོལ་གྱི་ས་མིང་འདོགས་ལུགས་ལྟར་ན་དོལ་ཕྱོགས་གྲུ་བཞི་ཚོ་ཕྱེད་རང་བཅུ་གཅིག་ཏུའང་འབོད།  དེ་ཡང་ས་མིང་བགོ་ལུགས་འདི་ནི་དུས་རབས༡༣པར་ས་སྐྱ་བས་དབང་བསྒྱུར་སྐབས་སུ་དཔྱ་ཁྲལ་འབུལ་ཆེད་བགོས་ནས་ཐོགས་པ་ཞིག་རེད།[i]  དོལ་པོ་ཞེས་པའི་ཐ་སྙད་དེ་དུས་རབས་༡༡པའི་དུས་དཀྱིལ་དུ་བྲིས་བའི་ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་དུ་ལོ་ཙཱ་བ་ཁོང་གི་སློབ་མ་ཀ་བཞི་གདུང་བརྒྱད་དུ་གྲགས་པའི་ཀ་བ་བཞིའི་ནང་གསེས་སུ་དོལ་པོ་བ་བྱང་ཆུབ་སྙིང་བོ་བགྲངས་འདུག[ii]   ལོ་རྒྱུས་ཀྱི་བདེན་དཔང་གསལ་ཐག་ཆོད་པ་ཞིག་མེད་མོད་དུས་རབས་༧ནས་༨་པར་ཡར་ལུང་རྒྱལ་རྒྱུད་དུ་མ་འདུས་གོང་ལ་དོལ་པོའི་ཡུལ་ལུང་འདི་ཞང་ཞུང་རྒྱལ་རབས་ཀྱི་དབང་འོག་ཏུ་ཡོད་ཚུལ་ལ་མཁས་པ་ཕལ་ཆེ་བས་ཡིད་ཆེས་བྱེད་ཀྱིན་ཡོད།[iii]  བོད་སིལ་བུར་ཐོར་བ་ནས་དུས་རབས་༡༤བར་དུ་དོལ་ཕྱོགས་ཀྱི་ཡུལ་ཁམས་འདི་མངའ་རིས་སྤུ་རངས་རྒྱལ་རྒྱུད་ཀྱི་དབང་འོག་ཏུ་འདུ་ལ་དེའི་རྗེས་སུ་དུས་རབས་༡༤ནས་༡༩བར་དུ་གློ་རྒྱལ་ཁམས་ཀྱི་དབང་འོག་ཏུ་བཅུག།   སྤྱི་ལོ་༡༨༧༩ནས་གློ་རྒྱལ་ཁམས་གོར་ཁའི་མངའ་འོག་ཏུ་ཚུད་པ་ནས་བཟུང་དོལ་ཕྱོགས་གྲུ་བཞིའི་ཡུལ་ཁམས་འདི་ཡང་ད་ལྟའི་བལ་ཡུལ་གྱི་དབང་འོག་ཏུ་ཤོར།[iv] ད་ལྟའི་སྲིད་འཛིན་བགོ་ལུགས་ཀྱིས་སྔར་སྲོལ་གྱི་ཡུལ་ཁམས་ངོས་འཛིན་ལུགས་ཀྱི་ཚབ་བྱས་ནས་དོལ་པོ་ཡང་དོལ་པ་ཞེས་པའི་མི་སྡེ་སྣ་མང་ཡིན་པའི་སྲིད་འཛིན་གྱི་ཁུལ་འོག་ཏུ་བསྡུས།  དོལ་པོའི་ཡུལ་ཁམས་འདི་མདོར་བསྡུས་ཀྱིས་ངོ་སྤྲོད་བྱས་རྗེས་ས་ཕྱོགས་འདི་གའི་སློབ་གསོའི་ལོ་རྒྱུས་དང་གནས་བབ་བགྲོ་གླེང་བྱ་རྩིས་ཡིན།

༡༩༦༠ལོའི་ཡར་སྔོན་གྱི་དོལ་ཕྱོགས་གྲུ་བཞིའི་སློབ་གསོ་ནི་ཁྱིམ་རྒྱུད་མན་ངག་དང་དགོན་སྡེའི་ལམ་ལུགས་བརྒྱུད་ནས་མུ་རུ་བསྐྱངས་བ་ཡིན་འདུག་ལ་དོལ་པོ་བ་མང་ཤོས་ཤིག་བསླབ་པ་སློབ་གཉེར་གྱི་དོན་དུ་རང་ཡུལ་ལས་ཁ་གྱེས་ནས་སློབ་གཉེར་ལམ་ལུགས་འཐུས་ཚང་ཅན་གྱི་དགོན་སྡེ་ཁག་ལ་བསྐྱོད་དེ་བན་བོན་གྱི་ཆོ་ག་རིམ་གྲོ་དང་གཞུང་ལུགས་ཀྱི་པོ་ཏི་རྒྱ་མཚོ་ལ་བ་ལས་འོ་མ་བཞིན་དུ་དོན་དུ་གཉེར། དཔེར་ན། དུས་རབས་༡༤པའི་མཁས་པ་ཀུན་མཁྱེན་དོལ་པོ་སངས་རྒྱས་སམ་གཞན་སྟོང་པ་དོལ་པོ་བ་ཤེས་རབ་རྒྱལ་མཚན་ལྟ་བུར་མཚོན་ན་གཙང་ཕྱོགས་སུ་བསླབ་པ་སློབ་གཉེར་མཛད་དེ་མཁས་པའི་སྙན་པ་ཕྱོགས་བཞིར་མཆེད། དེར་མ་ཟད་དོལ་ཕྱོགས་གྲུ་བཞིའི་ཡུལ་ཁམས་འདི་དུས་རབས་༡༥ནས་༢༠བར་དུ་གློ་རྒྱལ་ཁམས་ཀྱི་མངའ་འོག་ཏུ་ཡོད་ལ་རྒྱལ་སྲིད་གང་གི་དབང་འཛིན་པ་དག་གིས་ས་ཕྱོགས་འདིའི་སློབ་གཉེར་བ་དག་དོལ་པོ་དང་ལྷོ་ཡུལ། ད་དུང་དབུས་གཙང་བཅས་ཀྱི་དགོན་སྡེ་དམིགས་བསལ་བ་ཁག་ཏུ་གཅིག་གྱུར་གྱིས་སློབ་གཉེར་བྱེད་དགོས་པའི་བཀའ་བབས་རྐྱེན་དོལ་ཕྱོགས་གྲུ་བཞིའི་ཡུལ་ཁམས་འདིའི་སློབ་གཉེར་བ་ཕལ་ཆེ་བ་དག་གིས་དབུས་གཙང་ཕྱོགས་ཀྱི་ས་སྐྱའི་དགོན་ཆེན་དག་ཏུ་བསྟན་པའི་གླེགས་བམ་གྱི་ཕོན་པོ་ལ་བརྩོན་འགྲུས་ཀྱི་གོ་ཆ་བགོས། ཉེ་བའི་ཆར་དབུས་གཙང་ཕྱོགས་ལ་སློབ་གཉེར་བྱེད་མཁན་གྱི་རྒྱུན་ཆད་མོད།  གཙང་གི་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་ལྟ་བུར་མཚོན་ན་དོལ་པོའི་ཁང་ཚན་ཞིག་ཡོད་པ་ད་ལྟ་ཡང་མ་ཉམས་པར་ཡོད་སྐད། དེང་གི་དུས་ལ་དགོན་སྡེ་སློབ་གསོ་འཚོལ་སྙེག་གི་དོད་དུ་དོལ་པོ་བ་སྤྱི་ནས་བུ་ཕྲུག་དག་རྒྱ་གར་དང་བལ་ཡུལ་ལ་གཞིས་ཆགས་པའི་དགོན་པ་དག་ཏུ་བསྐྱེལ་བཞིན་འདུག དོལ་ཕྲུག་མང་པོ་ཞིག་གིས་རྒྱ་གར་དང་བལ་ཡུལ་ལ་གནས་པའི་བོད་པའི་གཞུང་བཙུགས་སློབ་གྲྭ་ཁག་ཏུ་སློབ་གཉེར་བྱེད་བཞིན་གདའ།

དེར་མ་ཟད་བོད་ཁམས་ཀྱི་མཁས་པ་དང་རྟོགས་ལྡན་པ་མང་པོ་ཡང་དོལ་ཕྱོགས་གྲུ་བཞིའི་ཡུལ་ཁམས་འདིར་ཞབས་ཀྱིས་བཅགས་ནས་ཡུལ་གང་གི་ཐོས་པའི་བྱ་བ་ལ་མངོན་ཤུགས་གང་རུང་ནས་མཛད་པ་བསྐྱངས། སྦས་ཡུལ་དུ་གྲགས་པའི་ཡུལ་ཁམས་ཀྱི་བཀོད་པ་འདི་དུས་སྐབས་སོ་སོའི་སྲིད་དབང་གི་བཙན་ཤུགས་ལ་སྦས་ཆེད་ཡུལ་གྱར་བ་གང་མང་ཞིག་གི་གནས་སྤོ་ཡུལ་དུ་གྱུར་ལ་དེ་ལས་ཆོས་པ་རྣལ་འབྱོར་བ་མང་པོའི་ཉམས་ལེན་གྱི་བསྟི་གནས་སུ་ཡང་གྱུར། དེ་ཡང་དོལ་པོའི་ཡུལ་ཁམས་སུ་ཡུལ་གྱར་དུ་སྤོས་པ་སྔ་གྲས་ནི་དུས་རབས་༧པ་ནས་༩བའི་སྐབས་སུ་བོད་བཙན་པོའི་རྒྱལ་རབས་ཀྱི་དབང་ཤུགས་ལ་གཡོལ་ཆེད་དབུས་ཕྱོགས་ནས་ཧི་མ་ལ་ཡའི་རི་རྒྱུད་དུ་ནུབ་བསྐྱོད་བྱས་པ་དེ་ཡིན་ལ་དོལ་ཕྱོགས་གྲུ་བཞི་ཡང་ནུབ་བསྐྱོད་པ་མང་པོའི་དམིགས་སོར་གྱུར།

དེ་ལྟར་བསྟན་པ་ཕྱི་དར་གྱི་སྐབས་ཏེ་དུས་རབས་༡༡པ་ནས་ཆོས་པ་དང་ཉམས་ལེན་པ་མང་པོ་ཞིག་སྟོད་མངའ་རིས་སྐོར་གསུམ་ནས་དགོན་སྡེའི་བར་གྱི་ཆབ་སྲིད་ཀྱི་འགལ་ཟླ་དང་དབང་ཤུགས་ཀྱི་བཙན་ཁྲལ་ལས་གཡོལ་ཆེད་དོལ་ཕྱོགས་གྲུ་བཞིའི་ས་ཕྱོགས་སུ་བྲོས། ས་གནས་འདི་གའི་ལོ་རྒྱུས་ལྟར་ན་དུས་རབས་༡༢་པ་ནས་ཡུལ་ཁམས་འདིར་སྡེ་བ་དང་ཚོ་བ་ཁ་ཤས་ཆགས་པའི་དབུ་ཚུགས། དེར་མ་ཟད་བླ་མ་གྲགས་པ་ཅན་ཁ་ཤས་ཏེ། གྲུབ་ཐོབ་སེང་གེ་ཡེ་ཤེས་དང་ཕ་རྒོད་རྟོགས་ལྡན་རྒྱལ་བོ་ལྟ་བུས་ཡུལ་འདིར་དགོན་པ་བཏབ་པ་དང་གནས་སྒོ་ཕྱེ་བ་གསུང་ཆོས་གནངས་བ་སོགས་ཀྱི་འཕྲིན་ལས་བསྐྱངས། གནས་སྤོ་ཡི་ལས་རིམ་གསུམ་པ་ནི་བོད་ལ་དུས་འགྱུར་བྱུང་བའི་སྐབས་དང་རྗེས་སུ་བོད་མི་སྟོང་ཕྲག་མང་པོ་མདོ་དབུས་ཁམས་གསུམ་ནས་རྒྱ་གར་ཡུལ་ཕྱོགས་སུ་སྤོ་དུས་མང་པོ་ཞིག་དོལ་ཕྱོགས་གྲུ་བཞིར་གཞིས་སྡོད་བྱས་ལ་བོད་ཀྱི་བླ་སྤྲུལ་དང་སྨན་པ་ཁ་ཤས་ཀྱིས་ཡུལ་འདིའི་མི་དམངས་ལ་འགྲོ་དོན་མཛད།

མདོར་ན།  ༡༩༦༠ཡར་སྔོན་དུ་ཆོས་ཀྱི་བསླབ་པ་ནི་དོལ་པོའི་ཡུལ་ཁམས་ཀྱི་སློབ་གསོའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་གལ་ཆེའི་གོ་གནས་བཟུང་ཡོད།  བྱིས་པ་ཆུང་དུས་ནས་ཕྱི་ཡི་དགོན་པར་བསྐྱལ་བའམ་དེང་སྐབས་སློབ་གྲྭར་ཡང་བསྐྱལ་བའི་གནས་སྟངས་འདི་ནི་འདས་དོན་ཙམ་མ་ཡིན་པར་ད་ལྟ་ཡང་གནས་ཡོད་པའི་སྣང་ཚུལ་ཆེན་པོ་ཞིག་རེད། དགོན་སྡེའི་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ནི་ཆོས་ཀྱི་རང་བཞིན་མངོན་དུ་འགྱུར་བའམ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ཡིན་མོད།  དངོས་ཡོད་ཀྱི་ལག་ལེན་ཁྲོད་དུ་དེས་ཟང་ཟིང་དང་སྤྱི་ཚོགས་ཀྱི་རྙེད་པ་ལ་ཡང་དོན་གཉེར་གྱི་མཐུན་རྐྱེན་བསྐྲུན་ཐུབ།  དགོན་སྡེའི་སློབ་གསོ་རུ་ཆོས་ལུགས་ཀྱི་ཆོ་ག་དང་རིམ་གྲོ་འདུ་ལ་དེས་སློབ་གཉེར་བ་གང་དེར་སྤྱི་ཚོགས་ཀྱི་ཐོབ་དང་གོ་ས་བསྐྲུན་ཐུབ་པར་མ་ཟད། ཟང་ཟིང་གི་སྦྱིན་པའི་མཐུན་རྐྱེན་ཡང་བསྐྲུན་ཐུབ།

༡༩༦༣ལོར་བལ་ཡུལ་གཞུང་གིས་ཐེངས་དང་པོར་དོལ་ཡུལ་ལ་སློབ་གྲྭ་བཙུགས།  ཡིན་ནའང་སློབ་གྲྭ་འདི་དག་གི་སློབ་གསོའི་སྒྲིག་འཛུགས་ཞན་ལ་འཆར་གཞི་ལྷོད་རྐྱེན་ཡུན་རིང་མ་འགོར་བར་རྒྱུན་བསྐྱངས་མ་ཐུབ།  སྲིད་གཞུང་གིས་དོལ་པོ་བར་སློབ་གསོ་སྤེལ་བའི་གྲས་སྔ་ཤོས་ཀྱི་རྟགས་ལ་དོལ་ཡུལ་ནས་བྱིས་པ་བཅུ་ཕྲག་འགའ་བསྡུས་ནས་དེ་དུས་དོལ་ཕྱོགས་གྲུ་བཞིའི་དཔྱ་ཁྲལ་འབུལ་ཡུལ་དུ་གྱུར་པའི་སྲིད་འཛིན་ལྟེ་གནས་སྦག་ལུང་ལ་ཁྲིད་དེ་སློབ་གསོ་སྤྲད།  ཧྥ་རན་སིའི་མི་རིགས་རྩད་ཞིབ་རིག་པ་བ་ཁོར་ནེལ་ཅེ་སུ་ཡིས་༡༩༦༣ལོར་བཏབ་པའི་ཟིན་བྲིས་སུ་མདོ་རྟ་རབ་ཡུལ་ལུང་གི་ཆོས་ཀྱི་བདག་པོ་གེ་དཀར་རིན་པོ་ཆེ་ཡིས་སློབ་གྲྭ་གསར་བར་བསུ་མ་བྱས་ལ་ཞོར་དུ་ཡུལ་ལུང་དེ་གའི་མ་འོངས་པའི་སྤྱི་ཚོགས་ཀྱི་འགྱུར་བ་དང་ཆོས་ལུགས་སློབ་གསོའི་ཉམས་རྒུད་ལ་གཟབ་དགོས་པའི་སྔོན་བརྡ་བཏང་ཡོད།   

དེང་སྐབས་དོལ་པོའི་ཡུལ་ལུང་དུ་དགོན་སྡེ་སློབ་གསོ་དང་དེང་རབས་སློབ་གསོ་གཉིས་མཉམ་གནས་ཀྱི་ཚུལ་དུ་ཡོད།   ༡༩༦༠ ལོ་ནས་བཟུང་སྟེ་བྱེས་གྱར་སྤྱི་ཚོགས་ཀྱི་རྐྱེན་གྱིས་བལ་ཡུལ་དང་རྒྱ་གར་དུ་དགོན་པ་དང་སློབ་གྲྭ་མང་པོ་བཏབས་པ་དང་དེར་དོལ་ཕྱོགས་གྲུ་བཞིའི་སློབ་ཕྲུག་རྣམས་ཀྱང་སློབ་ཞུགས་བྱས་དང་བྱེད་བཞིན་ཡོད་ལ་སློབ་ཞུགས་བྱེད་ཚད་༢༠༠༨ནས་བཟུང་གཞི་རྒྱ་ཆེ་རུ་འཕེལ།   བོད་ནས་ཡོང་མཁན་གྱི་སློབ་ཕྲུག་གི་རྒྱུན་ཆད་པས་བོད་པའི་སློབ་གྲྭ་དང་སློབ་ཁང་གི་སྟོང་ཆའི་དགོས་མཁོ་སོགས་ཀྱིས་ཀྱང་ཡིན།  གོང་དུ་ཞུས་པའི་དགོན་སྡེའི་སློབ་གསོ་སྔོན་འགྲོར་སོང་བའི་རྗེས་ལ་གཤམ་ནས་དམིགས་ཀྱིས་༡༩༩༠ནས་བཟུང་བའི་དེང་རབས་སློབ་གསོའི་གནས་བབ་གླེང་གི་ཡིན།     

བལ་གཞུང་གིས་སློབ་གསོ་བརྒྱུད་དེ་དོལ་པོ་བ་རྒྱལ་སྲིད་ཀྱི་དབང་འོག་ཏུ་ཚུད་ཆེད་༡༩༦༣ལོར་གཞུང་བཙུགས་སློབ་གྲྭ་དང་པོ་མེ་རྟ་ལྟར་དུ་གསོས་མོད།  རྒྱུན་སྐྱོང་བྱེད་མ་ཐུབ་པར་མ་ཟད་ས་གནས་ཡུལ་མིར་བག་ཆགས་ཙམ་ཡང་འཇོག་མ་ནུས་པར་ལུས།   བལ་ཡུལ་གྱི་རྒྱལ་པོ་བྷི་རན་དྲ་དོལ་ཕྱོགས་གྲུ་བཞིའི་མི་སྡེ་ཁ་ཤས་ལ་གཟིགས་བསྐྱོད་དུ་ཕེབས་རྗེས།  ༡༩༧༥ལོར་བལ་ཡུལ་རྒྱལ་གཞུང་གིས་ཡུལ་ཕྱོགས་འདིར་སློབ་གྲྭ་ཁ་ཤས་བཙུགས་ལ་དེ་ཡང་རྒྱལ་པོའི་དགོངས་པ་ལ་བལ་ཡུལ་གྲུ་སོ་སོར་གནས་པའི་བྱིས་པ་སུ་ལའང་གཞི་རྩའི་སློབ་གསོ་མྱོང་དགོས་པའི་བསམ་ཚུལ་གྱི་འབྲས་བུ་ལས་འཁྲུངས། ཡིན་ནའང་གཞུང་བཙུགས་སློབ་གྲྭ་དེ་དག་མིང་ཙམ་དང་ཡིག་ངོས་ཙམ་དུ་གནས་པ་ལས་༡༩༧༥ ལོ་ནས་ད་ལྟའི་བར་དུ་ཐ་ན་ཟླ་བ་གཅིག་ལའང་སློབ་ཁྲིད་ཆ་ཚང་ཞིག་སྤེལ་མྱོང་མེད།   ས་གནས་ཡུལ་མི་མིན་པའི་དགེ་རྒན་དག་གཞུང་ཞབས་པའི་ཡིག་ཚད་ལ་བརྟེན་ནས་དོལ་ཕྱོགས་གྲུ་བཞིའི་ཡུལ་ལུང་སོ་སོར་དགེ་རྒན་དུ་བསྐོས་མོད། དོན་དངོས་སུ་ཁོ་ཚོ་ལས་གཉེར་བྱེད་སར་གཏན་དུ་མི་ཡོང་བའམ་སླེབས་པའི་དབང་དུ་བཏང་རུང་མ་མཐའ་ཡང་བདུན་ཕྲག་ཁ་ཤས་ཙམ་ལས་མི་སྡོད་པར་ཆས་འགྲོ། གཞུང་ཞབས་དགེ་རྒན་དག་གི་ལས་བྱོལ་ལ་སློབ་གྲྭ་ཞིག་གཞི་རྩའི་ཆ་ནས་བེད་ཡོད་དུ་མཁོ་བའི་འཛུགས་བསྐྲུན་ཞན་པས་ཀྱང་ཆ་རྐྱེན་ངེས་ཅན་ཞིག་བསྐྲུན་ཡོད་དེ་སློབ་ཁང་དང་སློབ་དེབ་ད་དུང་སློབ་སྦྱོང་ཡོ་ཆས་སོགས་ཀྱི་ཆ་རྐྱེན་ཅི་ཡང་མི་འཛོམས་པས་སོ། ཉེ་བའི་ཆར་ས་གནས་སྲིད་གཞུང་གིས་སློབ་གསོ་ལ་བཟུང་བའི་རེ་བ་དང་ཕྱི་རོལ་དམངས་ཕན་ཐེབས་རྩ་ཚོགས་པ་མ་འདྲ་བས་ཡུལ་ལུང་མ་འདྲ་བར་བྱས་པའི་རམ་འདེགས་སོགས་ཀྱི་རྐྱེན་གྱིས་སློབ་གསོའི་གནས་བབས་ལ་འགྱུར་བ་བྱུང་དང་འབྱུང་མུས་སུ་མཆིས་མོད།   གཞུང་གཉེར་སློབ་གྲྭ་དག་གི་གནས་བབ་ནི་ད་དུང་ཡང་ཡིད་སྐྱོ་བའི་གནས་སུ་གྱུར་ཡོད།  གཞུང་ཞབས་དགེ་རྒན་དག་ད་ལྟའི་ཆར་ཡང་ལོ་གཅིག་ལས་སློབ་ཟླ་དྲུག་ཡོད་པའི་ནང་གི་ཕྱེད་ཀར་ཡང་ས་གནས་སོ་སོའི་སློབ་གྲྭར་བསྡད་ནས་ལས་གཉེར་བྱེད་ཀྱིན་མེད།

ཡིན་ནའང་།  ༡༩༩༠ ལོ་ནས་བཟུང་དོལ་ཕྱོགས་གྲུ་བཞིའི་སློབ་གསོའི་འཛུགས་སྐྲུན་ལ་གཞུང་གཉེར་མ་ཡིན་པའི་ཀུན་ཕན་ཐེབས་རྩ་ཚོགས་པའི་རོགས་རམ་ལ་བརྟེན་ནས་འགྱུར་བ་བླ་ལྷག་ཐེབས་ཡོད། ཐེབས་རྩ་ཚོགས་པ་མ་འདྲ་བར་སློབ་གསོའི་དམིགས་ཡུལ་ཡང་མ་འདྲ་བ་ཡོད་མོད།   གཞི་རྩའི་ཆ་ནས་ཀུན་མཐུན་གྱི་ལྟ་བ་གཅིག་ཡོད་པ་ནི་དོལ་པོ་བ་ཀུན་གྱིས་ཕྱི་ཡུལ་ནས་དར་བའི་དེང་རབས་རིག་གནས་ནང་འདྲེན་བྱེད་དུས་བཙན་འགེལ་དང་གཡམ་རྒྱུགས་མེད་པར་མི་རབས་ནས་བརྒྱུད་པའི་སྲོལ་རྒྱུན་རིག་གནས་དང་མཉམ་གནས་སམ་གཅིག་ཕན་གཅིག་གྲོགས་ཀྱིས་སྙིགས་དོར་བཅུད་ལེན་བྱེད་དགོས་པ་དེ་རེད། ༡༩༩༤ལོར་ཧྥ་རན་སིའི་ཀུན་ཕན་ཐེབས་རྩ་ཚོགས་པ་དོལ་པོས་ལག་བསྟར་ཞེས་པས་མདོ་རྟ་རབ་ལུང་པར་ཤེལ་རི་གངས་ལྗོངས་སློབ་གྲྭ་ཞེས་པ་བཙུགས་ལ་དེ་ནི་ཡུལ་ཁམས་དེའི་དོན་མཐུན་གྱི་སློབ་གྲྭ་དང་པོ་ཡིན།   ཤེལ་རི་གངས་ལྗོངས་སློབ་གྲྭས་བལ་ཡུལ་རྒྱལ་གཞུང་གི་གཅིག་གྱུར་གྱི་བསླབ་ཚན་སློབ་སྦྱོང་གི་དམིགས་བྱར་བདམས་པར་མ་ཟད་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་ད་དུང་རིག་གཞུང་སོགས་ཀྱང་སློབ་ཁྲིད་བྱེད་བཞིན་ཡོད།         ཀུན་ཕན་ཐེབས་རྩ་ཚོགས་པ་གཞན་མང་པོས་ཀྱང་དོལ་པོའི་ཡུལ་ཕྱོགས་མི་འདྲ་བར་སློབ་གྲྭ་འཛུགས་སྐྲུན་དང་སློབ་གསོའི་སྒྲིག་གཞི་འདྲ་མིན་ལག་བསྟར་བྱས་ཏེ་ཡུལ་ཕྱོགས་འདིའི་སློབ་གསོའི་ལས་དོན་ལ་མཐུན་རྐྱེན་སྐྲུན།  དེ་བས་ཀུན་ཕན་ཐེབས་རྩ་ཚོགས་པ་དག་གིས་ཡིག་ཐོག་ཙམ་དུ་གནས་བའི་སྔར་བྱུང་གི་གཞུང་བཙུགས་སློབ་གྲྭ་དག་དང་དེའི་སློབ་གསོའི་སྒྲོམ་གཞི་ལ་རྨང་གཞི་བྱས་པའམ་རྒྱ་བསྐྱེད་ཀྱིས་དོལ་ཕྱོགས་གྲུ་བཞིའི་ས་ཁུལ་སོ་སོར་འཛུགས་སྐྲུན་དང་དོ་དམ། དཔལ་འབྱོར་དང་མི་ལུས་འཇོན་ནུས་སོགས་ཀྱིས་རྒྱབ་སྐྱོར་དང་མཐུན་རྐྱེན་བསྐྲུན།  ད་ལྟའི་བར་དུ་དོལ་པོའི་ཡུལ་ཕྱོགས་སོ་སོར་ཁྱོན་བསྡོམས་སློབ་གྲྭ་༡༥ཙམ་འཛུགས་སྐྲུན་བྱས་ཡོད་ལ་དེ་དག་གི་གཞི་ཁྱོན་དང་ཆ་རྐྱེན་གཅིག་གྱུར་དང་འདྲ་མཚུངས་མིན་པར་ཁ་ཁ་རེད།  ཀུན་ཕན་ཐེབས་རྩ་ཚོགས་པ་འདི་དག་གིས་སློབ་གྲྭའི་ཞོར་དུ་བདེ་ཐང་དང་ཡུལ་སྡེ་མི་དམངས་ཀྱི་འཕེལ་འགྱུར་སྐོར་གྱི་ལས་གཞི་སྟེ། དཔེར་ན། ཞིང་ལས་དྲོད་ཁང་འཛུགས་སྐྲུན་དང་སྨན་པའི་བོད་སྨན་གྱི་ལག་ལེན་སྐོར་ལ་རྒྱབ་སྐྱོར་སོགས་ཀྱི་མཐུན་རྐྱེན་བསྐྲུན།  ཀུན་ཕན་ཐེབས་རྩ་ཚོགས་པ་མ་འདྲ་བའི་ཡན་ལག་ཚོགས་པ་མ་འདྲ་བ་ཡང་ཡུལ་ཕྱོགས་སོ་སོ་ནས་སླེབས་ཤིང་ཁ་ཐི་མན་དོ་རུ་མཐོ་རིམ་སློབ་གསོ་གཉེར་བཞིན་པའི་སློབ་ཕྲུག་གི་ཚོགས་སྡེ་རུ་ལས་གཉེར་བྱེད་པ་མང་།

དོལ་པོའི་ཡུལ་ཕྱོགས་ཀྱི་སློབ་ཕྲུག་མང་པོ་ཞིག་གིས་རིམ་བཞིན་མཐོ་འབྲིང་སློབ་མཐར་ཕྱིན་པ་དང་བརྟེན་ནས་སོ་སོའི་ཡུལ་ཕྱོགས་མི་འདྲ་བར་དགེ་རྒན་དང་སྨན་པ། མགོ་ཁྲིད་དང་ཁེ་ལས་སོགས་ཀྱི་ལས་ལ་གཞོལ་བཞིན་ཡོད་མོད།   མཐོ་འབྲིང་གི་མཐར་ཕྱིན་སློབ་མ་མང་ཆེ་ཤོས་མཐོ་རིམ་སློབ་གྲྭར་མི་ཚུད་པའམ་ལས་ཞུགས་བྱེད་མི་ཐུབ་པའི་གནད་དོན་མང་པོ་ཡོད།  གྲངས་ཚད་ཧ་ཅང་ཉུང་བའི་མཐར་ཕྱིན་སློབ་མ་ཁ་ཤས་ཤིག་བལ་ཡུལ་དང་བལ་ཡུལ་ལས་འདས་པའི་སློབ་ཆེན་ཁག་ཏུ་མཐོ་རིམ་སློབ་གསོ་གཉེར་དང་གཉེར་བཞིན་ཡོད། སྔོན་དུ་གླེང་ཟིན་པ་ལྟར།  མཐར་ཕྱིན་སློབ་ཕྲུག་ཁ་ཤས་ཀྱིས་ཡུལ་སྡེ་སོ་སོར་དགེ་རྒན་སོགས་ཀྱི་ལས་ལ་བརྩོན་བཞིན་ཡོད་མོད། ལས་ཞུགས་ཀྱི་གོ་སྐབས་ནི་ཧ་ཅང་ཉག་ཕྲ་བ་ཡིན་པས་ལས་ཀ་མ་རེག་པའི་སློབ་ཕྲུག་མང་པོ་ཞིག་སྔར་བཞིན་ཕ་ཡུལ་ལ་ལོག་ནས་ཞིང་ལས་དང་ཕྱུག་ལས་ད་དུང་ཚོང་ལས་སོགས་ཀྱི་ལས་ལ་ཞུགས་བཞིན་ཡོད།  དོལ་ཕྱོགས་གྲུ་བཞིར་གཞུང་ཞབས་པའི་ལས་ཀའམ་སྤྱི་ཚོགས་ཞབས་ཞུའི་དགོས་མཁོ་ཧ་ཅང་ཆེ་ན་ཡང་། དོལ་པོའི་ཡུལ་ཕྱོགས་ཀྱི་ན་གཞོན་དག་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་ལས་ཀར་ཞུགས་པའི་ཚད་ནི་ཧ་ཅང་ཆུང་སྟེ།    ༢༠༢༠ལོར་དོལ་པོར་གཞུང་ཞབས་པའི་ལས་ཀ་གཉེར་མཁན་གྱི་དོལ་པོ་བ་མི་གཉིས་མ་གཏོགས་མི་འདུག །དེ་ཡང་གཞུང་ཞབས་པའི་ལས་ཞུགས་ཀྱི་ཡིག་རྒྱུགས་ནི་ནེ་པ་ལེའི་སྐད་ཡིག་གི་བྱང་ཚད་ལ་བརྟེན་དགོས་པས་དོལ་པོ་བ་དག་སྒྲིག་གཞི་རང་བཞིན་གྱིས་གཞུང་ཞབས་ཀྱི་ལས་ཀ་བའི་བས་མཐའ་བར་གྱུར།   ལས་ཞུགས་ཀྱི་གོ་སྐབས་དབེན་པ་དང་སྲིད་གཞུང་གི་ལས་ཀ་མ་ཡིན་པའི་ལས་ཀར་བློས་འགེལ་བྱེད་ཁག་པ།  ད་དུང་མཐོ་རིམ་སློབ་གསོའི་སློབ་ཞུགས་ཀྱི་གྲངས་ཚད་ཞན་པ་སོགས་ཀྱིས་མ་འོངས་པའི་ན་གཞོན་དག་ལ་སློབ་གསོ་དང་དམ་དུ་འབྲེལ་བའི་གོ་སྐབས་ཀྱི་ཚད་བཀག་བཟོས།    

ཕྱི་རྒྱལ་གྱི་རོགས་སྐྱོར་ལ་བརྟེན་ཞིང་༡༩༩༠ཚུན་ལ་དར་བའི་དེང་རབས་སློབ་གསོས་འབྲོག་ལས་ཀྱི་འཚོ་བ་ལ་འགྱུར་བ་ཆེན་པོ་ཞིག་ཐེབས།  སྤྱི་ཚོགས་ཀྱི་འཕོ་འགྱུར་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ་ལས་གཞན་ཁྱིམ་ཚང་གི་རྒྱུན་སྲོལ་གྱི་བཀོད་སྒྲིག་དང་ས་གནས་ཀྱི་དཔལ་འབྱོར་ལའང་ཁ་ཕྱོགས་གསར་དུ་བསྒྱུར།     བྱིས་པ་སློབ་གྲྭར་བསྐྱལ་བས་གཅིག་ནས་ཁྱིམ་ཚང་གི་ཡོང་སྒོ་དང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱུན་སྲོལ་གྱི་ཁྱིམ་ཚང་ཞིག་གི་ལུས་ཤུགས་བཀོལ་སྒྲིག་བྱེད་སྟངས་ལ་བསམ་བློ་གསར་བ་གཏོང་དགོས་པར་མ་ཟད། འགྱུར་ལྡོག་རྒོད་པའི་དུས་རབས་འདིར་མི་ཚེའི་གདམས་ཀ་དང་འབྲེལ་བའི་དོན་སྙིང་འཚོལ་སྟངས་ལའང་འགྱུར་བ་གསར་བ་ཞིག་ཐེབས། དེང་རབས་སློབ་གསོའི་འཚོལ་སྙེག་གི་འདུན་མ་སྟེ་རྒྱལ་སྲིད་དང་མ་རྩ་རིང་ལུགས་ཀྱི་ལས་མཁན་ཞིག་ཏུ་འགྱུར་རྒྱུ་ནི་དགོན་སྡེ་སློབ་གསོ་དང་སྲོལ་རྒྱུན་གྱི་འབྲོག་ལས་འཚོ་སྟངས་ལས་རིན་ཆེ་བར་བརྩི།   ལྷག་པར་དུ་བྱིས་པ་རང་གི་ཕ་ས་ཕ་ཡུལ་ནས་རྒྱང་ཐག་རིང་པོའི་སློབ་གྲྭར་བཏང་བ་ལས་བྱུང་བའི་ཕ་མ་དང་བུ་ཕྲུག་གི་དུས་ཡུན་རིང་པོའི་བྲལ་བ་དང་།  ཆབ་སྲིད་དང་དཔལ་འབྱོར་གྱི་བཀག་རྒྱ་ལས་བསྐྱེད་པའི་སྲིད་གཞུང་གི་སྒྲིག་གཞི་དང་མཐོ་རིམ་སློབ་གསོར་སྙེག་ཐབས་དབེན་པའི་དཀའ་ངལ་སོགས་ཀྱི་གནད་དོན་ད་དུང་ཡང་མ་གླེང་བར་ལུས་པའི་བརྗོད་གཞི་གལ་ཆེན་ཞིག་ཡིན།  དེར་མ་ཟད།  སློབ་གསོའི་ཐབས་ལམ་སྙེག་སྟངས་ནི་ད་དུང་ཡང་སྣ་མང་རང་བཞིན་དང་ཚད་བཀག་མེད་པའི་རང་བཞིན་ཏེ་དོལ་པོའི་ཡུལ་ཕྱོགས་སུ་ཕ་མ་ཁ་ཤས་ཀྱིས་སོ་སོའི་བུ་ཕྲུག་སློབ་གྲྭ་ལས་དགོན་པར་གཏོང་གིན་ཡོད་པ་དེ་ཡང་ཆོས་དང་ཐར་བ་དོན་གཉེར་གྱི་དམིགས་ཡུལ་ལས་གཞན་ཟང་ཟིང་དང་སྤྱི་ཚོགས་ཀྱི་གོ་ཐོབ་ཀྱི་ཆེད་དུ་ཡང་ཡིན།


[i] Hazod, Guntram. 1996. “The yul lha gsol of mTsho yul: On the relation between the mountain and the lake in the context of the ‘land god ritual’ of Phoksumdo (Northwestern Nepal).” (p. 93). In Blondeau, A.M., E. Steinkellner, eds. Reflections of the Mountain: Essays on the history and social meaning of the mountain cult in Tibet and the Himalaya, 91-111. Vienna: Verlag der Osterreichischen Akademie der Wissenschaften.

[ii] Heller, Amy. 2009. Hidden Treasures of the Himalayas: Tibetan Manuscripts, Paintings and Sculptures of Dolpo. Oxford: Serindia Publications (p. 19).

[iii] Choekhortshang, Nyima Woser. 2017.The Genealogy of Ya-ngal Family of Dolpo, Ph.D. dissertation, Charles University, Prague, Czech Republic.

[iv] Bauer, Kenneth. 2004. High frontiers: Dolpo and the changing world of Himalayan pastoralists. New York: Columbia University Press. (pp. 60–72)