སྤྱི་ལོ་2016ལོའི་སྤྱི་ཟླ་11པའི་ཚེས་5ཉིན་དང་སྤྱི་ལོ་2020ལོའི་སྤྱི་ཟླ་10པའི་ཚེས་24ཉིན་ཡར་ལུང་ཕྱོགས་སུ་གྲོགས་པོ་ཁ་ཤས་དང་ལྷན་ཡུལ་དངོས་རྟོག་ཞིབ་བམ་ཡུལ་སྐོར་སྤྲོ་གསེང་གི་ཚུལ་དུ་སོང་བའི་ལམ་ཞོར་དུ་གཙང་གྲོང་རྡོ་རིང་ཡོད་སར་བཅར་བ་ཡིན་ལ། དེ་ཡང་གཙོ་བོ་རྒན་ཤར་རྒན་དབང་འདུས་ལགས་ཀྱིས་སྤྱི་ལོ་2015ལོར་རྡོ་རིང་བཀབ་བཤུ་བྱ་བཞིན་པ་ལས་དོ་སྣང་བྱུང་བ་དང་ས་འདིར་ཐེངས་དང་པོར་བདེ་བར་འབྱོར་བ་ཡང་རྒན་ཁོང་གི་ལམ་སྟོན་ལ་ཁེན་པ་ཡིན།

ཐེངས་དང་པོ་ཞོགས་པའི་ཆུ་ཚོད་བཅུ་གཅིག་ཡས་མས་སུ་ས་དེར་འབྱོར་མོད། རྡོ་རིང་དང་རྡོ་རིང་གི་ཆག་རོ་ལུས་པ་ཁག་ལ་ཚད་ལེན་དང་པར་འགའ་བཏབ་རྗེས་ས་གཞན་ལ་ཆས་པ་ཡིན་ལ། ལས་བྲེལ་ཡིན་ནམ་ཉི་འོད་རྡོ་རིང་སྟེང་འཕྲོས་སྟངས་སོགས་ཀྱི་རྒྱུ་མཚན་གང་ཡིན་མིན་ཆ་མི་འཚལ་མོད། སྐབས་དེར་རྡོ་རིང་ཡི་གེ་ཁག་བཤུ་བའི་ངལ་བར་བརྟེན་མེད། ཟླ་འདིའི་ཚེས་ཉེར་བཞི་ཉིན་ལྷོ་ཁའི་རྟེན་རྫས་བཤམས་མཛོད་ཁང་ལ་ཉུལ་ཞོར་ཕྱི་དྲོའི་ཆུ་ཚོད་བཞི་པ་ཡོལ་ཙམ་ལ་བསྐྱར་དུ་ས་དེར་འབྱོར་བ་དང་། ཞིབ་བལྟ་བགྱིས་པར་རྡོ་རིང་ཧྲིལ་བོ་དེའི་ཡི་གེ་ཅུང་ཆ་ཚང་བར་བཀླགས་པ་དང་། གཞན་འགྲམ་དུ་བསྡུས་པའི་རྡོ་རིང་གི་ཆག་རོ་ཁག་ལ་ཡང་སྐོར་བསྐྱར་སྐོར་གྱིས་ཞིབ་བལྟ་བྱས་པར། གཅིག་གི་མདུན་རྒྱབ་ངོས་གཉིས་སུ་ལྷ་སྐུའི་ཤུལ་ཡོད་པ་དང་ངོས་གསུམ་དུ་མཚན་བྱང་འཁོད་པ་སོགས་དེ་སྔ་རིག་གཞུང་ཞིབ་འཇུག་པའི་སྡེར་དོ་སྣང་མ་བྱུང་བ་དག་མཐོང་བས་ཡིད་ལ་མཚར་སྣང་ཁྱད་པར་བ་བྱུང་ལ། མཚན་མོ་ཁྱིམ་དུ་འབྱོར་བ་དང་འབྲེལ་ཡོད་ཡིག་ཆ་ཁག་བསྔོག་ཞིབ་ཀྱིས་རྡོ་རིང་འདི་ལས་རྙེད་པའི་ངེས་ཤེས་གསར་བ་དང་དེའི་གནད་དོན་ཁག་ཀློག་པ་པོའི་སྤྱན་ལམ་དུ་སྟར་བ་ལ།

དང་པོ། རྡོ་རིང་ཁག་གི་ད་ལྟའི་གནས་སྟངས།

རྡོ་རིང་འདི་ལྷོ་ཁ་གྲྭ་ནང་རྫོང་ནས་ཤར་དུ་ཡར་ལུང་གཙང་འགྲམ་གྱི་སྣུམ་ལམ་བརྒྱུད་དེ་སྤྱི་ལེ་ལྔ་ཙམ་གྱི་སར་གྲྭ་ཕྱི་གཙང་འགྲམ་གྲོང་ཚོར་འདུག་ཅིང་། དེང་ལྷ་ཁང་སྒོ་ར་ཅན་ཞིག་གི་ནང་དུ་གནས་ཡོད་ལ། སྒོ་རའི་ལྷས་དཀྱིལ་དུ་རྡོ་རིང་སྟེང་དུ་ཏོག་དང་ཆར་ཁེབས། གཤམ་ཏུ་རུས་སྦལ་གྱི་ཞབས་ར་ཡོད་པ་ཅན་གཅིག་དང་། འགྲམ་དུ་ཆགས་གྲུམ་ཤོར་བ་གཉིས་དང་ཀ་གདུང་གི་དབྱིབས་བཟོས་པ་གཅིག་བཅས་གས་རོ་གསུམ་འདུག(པར་དང་པོ) རྡོ་རིང་ཁ་ཚང་དེའི་ཞབས་ཀྱི་རུས་སྦལ་ཁ་ཤར་དུ་ཕྱོགས་ཡོད་པ་དང་། སྤྱིའི་མཐོ་ཚད་ལ་རྨིད་2.7 དང་། དེའི་ཡང་སྟེང་གི་ཏོག་ནི་མཆོད་རྟེན་ཟུར་བརྒྱད་བང་རིམ་སྤུངས་པའི་དབྱིབས་སཱ་ཚ་དང་འདྲ་བར་མཐོ་ཞེང་ལ་རིམ་པར་རྨིད་0.56དང་0.43ཡོད་པ་དང་། འོག་གི་ཆར་ཁེབས་ཟུར་བཞི་སྒལ་འཁྱིལ་མའི་དབྱིབས་ལ་རིང་ཚད་དང་ཞེང་ཚད། མཐུག་ཚད་གསུམ་ལ་རིམ་པར་རྨིད་0.73དང་0.55། 0.30བཅས་འདུག རྡོ་རིང་དངོས་གཞི་གྲུ་བཞི་ནར་མོའི་དབྱིབས་ལ་མཐོ་ཞེང་མཐུག་ཚད་གསུམ་ལ་རིམ་པར་རྨིད་1.45དང་0.37། 0.27བཅས་དང་། ཞབས་ཀྱི་རུས་སྦལ་གྱི་མགོ་རྔའི་རིང་ཚད་དང་ཞེང་ཚད། མཐོ་ཚད་གསུམ་ལ་རིམ་པར་རྨིད་0.89དང་0.50།0.39བཅས་ཡོད། རྡོ་རིང་བྱང་ངོས་སུ་དབུ་མི་ཚང་བར་སྣང་ཡང་དེང་མཐོང་དུ་ཡོད་པའི་ཡི་གེ་ཐིག་ཕྲེང་བཅུ་གཉིས་ཚེགས་མེད་དུ་ཀློག་ཐུབ་པ་ནི།

མ་ཡིག…རྒེ་འདུན་ཉམ/ས་ན་སྔགས་པས/བགྱི་འཚལ་ལོ།།/སྔགས་པ་ཉམས་/ན་ཡོན་དག་དད་/པ་ཅན་གྱིས་/བགྱི་འཚལ་ལོ།/གེར་ཙེས་བྲིས།/༄།།རྡོ་མཁན་/རྒྱ་གར་མེ་/ཏོག་གིས/བྱས་སོ།(པར་གཉིས་པ)

ཆག་རོ་དང་པོ་དེའི་མཐོ་ཞེང་མཐུག་ཚད་བཅས་ལ་རིམ་པར་རྨིད་0.60དང་0.26། 0.16ཡོད་ལ། བྱང་ཤར་ངོས་གཉིས་སྔ་མོའི་རྡོ་རིང་གི་ངོས་རང་འཇགས་ཡིན་ལ་སྟེང་དུ་ཡི་གེ་ཡོད་པ་དང་། ལྷོ་ནུབ་གཉིས་གས་ཆག་ཏུ་ཤོར་ཡོད། ཆག་རོ་འདི་རྡོ་རིང་གི་མདུན་སྣེར་གཏོགས་ལ།སྔ་ཕྱི་རིམ་པར་ཐིག་ཕྲེང་དྲུག་མཆིས།(པར་གསུམ་པ)

མ་ཡིག×ན×…/×ཨ་པ་…/འདི་མ…/××མ…/ར…/…

པར་གཉིས་པ། རྡོ་རིང་ཀ་བའི་སྟེང་གི་ཡི་གེ

ཤར་ངོས་ངོས་ཞེང་ཆུང་ལ་རྡོ་རིང་མཐའ་སྣེར་གཏོགས་ཤིང་སྔ་ཕྱི་རིམ་པར་ཐིག་རྐང་དྲུག་མཆིས།

མ་ཡིག…༄།/…ཁང་/…གསོ་/…/…རྟེན་/…/…གྱིས/…ཆེར།

ཆག་རོ་གཉིས་པ་དེའི་མཐོ་ཞེང་མཐུག་ཚད་བཅས་ལ་རིམ་པར་རྨིད་0.54དང་0.22། 0.13དང་།ཤར་དང་ནུབ། བྱང་ངོས་བཅས་སྔ་མོའི་རྡོ་རིང་གི་ངོས་རང་འཇགས་ཡིན་ལ་ལྷོ་ངོས་ཆག་རོར་ལུས་ཡོད། ཤར་ནུབ་གཉིས་ཀྱི་སྟེང་དུ་ལྷ་སྐུའི་འོད་གོར་དང་རྒྱབ་ཡོལ་གྱི་རི་མོའི་ཟུར་ཡོད་པ་དང་། བྱང་ངོས་སུ་ཡི་གེ་ཐིག་ཕྲེང་དྲུག་ཡོད(པར་བཞི་བ)།

མ་ཡིག ཆོས་ཀོར་/དང་ཆོས་/ཀོར་ལ་རྟེན་/པ་རྣམས་ལ/གནོད་མ་བྱེ/ད་པར་བགྱི/…

པར་གསུམ་པ། རྡོ་རིང་ཆག་རོ་དང་པོ་དང་སྟེང་གི་ཡི་གེ

ཀ་གདུང་དབྱིབས་ཀྱི་རྡོ་ནར་མོ་དེའི་མཐོ་ཚད་དང་དཀྱིལ་ཞེང་ལ་རིམ་པར་རྨིད་0.80དང་0.22འདུག་ལ། ལྷོ་ངོས་ཀྱི་དཀྱིལ་དང་རྒྱབ་ཏུ་རིམ་པར་སྐབས་དེ་ཤེད་ལ་ཡི་གེ་བརྐོས་པའི་ཡིག་འབྲུ་རེ་གཉིས་མཐོང་ནུས་པར་མ་ཟད། རྡོའི་རྒྱུ་ཆ་དང་སྲབ་མཐུག་སོགས་ཀྱི་ཆ་ནས་ཀྱང་ཆག་གྲུམ་ཤོར་བའི་རྡོ་རིང་གི་ཆ་ཡིན་པར་ཤེས་སླ།

གཉིས་པ། སྔ་མོའི་བརྟག་དཔྱད་ཞིབ་འཇུག་གི་གནས་ཚུལ་ངོ་སྤྲོད་པ།

པར་བཞི་བ། རྡོ་རིང་ཆགས་རོ་གཉིས་པ་དང་སྟེང་གི་རི་མོ་དང་ཡི་གེ

རྡོ་རིང་འདི་ཐོག་མར་རིག་གཞུང་ཞིབ་འཇུག་པའི་སྡེར་དབྱིན་ཇི་བ་རས་ཆར་རྡི་སིང་(Richardson)གིས་ངོ་སྤྲད་པ་ཡིན་ལ། ཁོང་གི་སྤྱི་ལོ་1985ལོར་དཔར་བའི་བོད་ཀྱི་རྡོ་རིང་ཞིབ་འཇུག་ཏུ་རྡོ་རིང་འདིའི་སྐོར་འཁོད་ཡོད་པ་དང་། ཁོང་གིས་རྡོ་རིང་འདིར་ཞིབ་འཇུག་གནང་བ་ཡང་དབྱིན་ཇི་བ་ཆར་ལིས་སི་སྤེའོ་(Charles Bell)ལགས་ཀྱིས་སྤྱི་ལོ་1935ལོར་ས་དེ་ག་ནས་བརྒྱབ་ཅིང་ཕྱིས་སུ་དབྱིན་ཇིའི་རྒྱ་གར་ཡིག་ཚགས་ལས་ཁུངས་(India Office Library)སུ་ཉར་བའི་པར་གཉིས་དང་ཡིག་ཆར་བརྟེན་པ་ཞིག་ལས་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་ཞིག་མ་རེད། གལ་སྲིད་མཁས་དབང་ཁོང་ཡུལ་དངོས་སུ་ཕྱིན་ཡོད་ན་དེ་རིང་རྩོམ་འདི་འབྲི་དགོས་པའི་ངལ་བ་ཡང་རྟེན་དགོས་པ་མི་འདུག་སྟེ། ཁོང་གི་ཞིབ་འཇུག་ལ་ཆེད་ལས་རང་བཞིན་དང་ཞིབ་ཚགས་རང་བཞིན་གང་འཚམ་ལྡན་པས་ཡིན། ཁོང་གི་རྩོམ་དུ་འཁོད་པ་པར་གཉིས་ཡོད་པ་དང་།(པར་ལྔ་པ་དང་དྲུག་པ) པར་དང་པོའི་སྟེང་དུ་ཆར་ལིས་སི་སྤེའོ་འགྱིང་བའི་གཡོན་ཕྱོགས་དང་ཐག་ཉེ་བར་དེང་གི་རྡོ་རིང་ཆ་ཚང་བ་འདི་ཡོད་པ་དང་དེང་ཡང་སྤྱིའི་ཆ་ནས་འགྱུར་བ་ཆེར་བྱུང་མི་འདུག གཡས་ཕྱོགས་སུ་ཐག་ཅུང་རིང་བར་རྣམ་སྣང་རྡོ་བརྐོས་ཅན་མཆིས། ཁོང་གི་ཆེད་དེབ་དུ་འཁོད་པ་དང་འགྲེལ་བརྗོད་བྱས་པ་ཡང་རྣམ་སྣང་རྡོ་བརྐོས་ཅན་ནམ་པར་གཉིས་པ་དེའི་ངོས་སུ་གསལ་བའི་མཚན་བྱང་ཐིག་ཕྲེང་ལྔ་བོ་དེ་ཡིན(སྐབས་དེའི་གནས་སྟངས་ནས་བྱང་ངོས་ཡིན་པར་བསྟན་འདུག།)།

མ་ཡིག་ནི། བདག་རོག་བཅུ་/ན་ལྷ[1]་བཟོས་རྐོན་/མཆོག་མྱི་ནུབ་/པའི་རྟེན་དུ་ཤར་/ནུབ་གཉིས་སུ་ག…

གཞན་ཁོང་གིས་རྡོ་རིང་གི་གཤམ་ས་ནང་དུ་འཐིམས་ཡོད་པ་དང་ནུབ་ཟུར་དུ་བོད་ཡིག་གི་རྟེན་འབྲེལ་སྙིང་པོའི་གཟུངས་སྔགས་འཁོད་ཡོད་པ་བྲིས་འདུག གཞན་ཁོང་གིས་གཡོན་ཕྱོགས་ཀྱི་རྡོ་རིང་དེའི་ངོས་སུ་ཡི་གེ་འཁོད་ཡོད་ས་མ་རེད་ཅེས་དང་། ལོ་ཚིགས་ཐད་རྡོ་རིང་གཉིས་དུས་གཅིག་ཡིན་མིན་ཆ་མི་འཚལ་བ། རྣམ་སྣང་རྡོ་བརྐོས་མར་བོད་ཀྱི་སྔ་མོའི་རྡོ་བརྐོས་ཕལ་ཆེ་བར་རྒྱུགས་ཆེ་བའི་ད་དྲག་དང་གུ་གི་ལོག་པའི་ཆ་མེད་པ་དང་། རོགས་ལ་རོག་དང་དཀོན་ལ་རྐོན་བྲིས་པའི་ཆ་ནས་བརྡ་དག་གི་ཁྲིམས་དམ་པོ་མིན་པའི་ཁོར་ཡུག་ཅིག་ནས་བྱུང་བའམ། རྟེན་འབྲེལ་སྙིང་པོའི་སྔགས་བོད་ཡིག་གིས་བྲིས་པ་མཐོང་དཀོན་པ།རྣ མ་སྣང་གི་སྐུ་འདྲ་ལ་ཡང་སྔ་མོའི་ཆ་བྱད་ཡོད་པ་སོགས་ཀྱིས་དུས་ཅུང་སྔ་བའི་ཆ་ཡང་ཡོད་པར་བསྟན་ཡོད་མོད། དངོས་གཞིའི་དུས་རབས་གཏན་འཁེལ་གནང་མི་འདུག

པར་ལྔ་བ། རྡོ་རིང་གཉིས་ཀྱི་སྔ་མོའི་པར།

དེ་ལ་རྒྱལ་ནང་དུ་སྤྱི་ལོ་2011ལོར་དཔར་བའི་རྒན་པ་སངས་དབང་འདུས་ཀྱི་རྡོ་རིང་སྐོར་གྱི་ཆེད་དེབ་དུ་གཙང་གྲོང་གི་རྡོ་རིང་ཡི་གེ་ཞེས་རིས་ཆར་རྡི་སིང་གི་མ་ཡིག་གཞིར་བཞག་གིས་སྤེལ་ཡོད་པ་དང་། རྣམ་སྣང་རྡོ་བརྐོས་མ་རིག་གསར་སྐབས་འཕྲོ་བརླག་ཕྱིན་ཡོད་ཚུལ་དང་དེང་སང་རོ་མ་ཁ་ཤས་ཤུལ་དུ་ལུས་ཡོད་པ། དུས་རབས་བཅུ་གཅིག་པར་གཏོགས་པར་གཏན་འཁེལ་གནང་ཡོད་ལ། རྡོ་རིང་གཞན་དེར་ཡི་གེ་མཆིས་ཀྱང་མི་གསལ་བས་ཕབ་ཐབས་བྲལ་ཞེས་དེང་གི་གནས་སྟངས་ངོ་སྤྲོད་ཁ་གསལ་གོ་བདེ་ཞིག་གནང་འདུག དེ་བཞིན་སྤྱི་ལོ་2012ལོའི་རྒན་ཆབ་འགག་གི་རྡོ་རིང་སྐོར་གྱི་ཆེད་དེབ་དུ་གྲ་ཕྱི་གཙང་འགྲམ་གྱི་རྡོ་རིང་ཞེས་རས་ཆར་རྡི་སིང་གི་མ་ཡིག་གཞི་བཞག་ནས་རྣམ་སྣང་རྡོ་བརྐོས་མ་ངོ་སྤྲོད་གནང་འདུག

པར་དྲུག་པ། རྡོ་རིང་ཁ་པའམ་རྣམ་སྣང་རྡོ་བརྐོས་མའི་པར།

རས་ཆར་རྡི་སོང་གི་ཆེད་དེབ་དུ་རྣམ་སྣང་རྡོ་བརྐོས་མའི་མ་ཡིག་གི་ནང་དོན་དགེ་བ་བཅུ་ལ་ཕྱོགས་པ་དང་དམ་པ་གང་དེར་ཡིད་ཆེས་མི་འགྱུར་བ་ལྟ་བུའི་(as a symbol that by fixing one’s views on the ten saving virtues the most excellent (trinity) will not be eclipsed. In the east and the west)དོན་བསྒྱུར་བྱས་ཡོད་ཀྱང་དོན་རིང་འགྲེལ་གྱི་ཆ་ཅུང་མཆིས།

གསུམ་པ། ངོས་ཟིན་དང་གནད་དོན་སྐོར།

གཅིག གཙང་འགྲམ་དུ་དེ་སྔ་ནས་རྡོ་རིང་ཀ་པ་དང་ཁ་པ་གཡས་གཡོན་གཉིས་ཡོད་པ་དང་། དེང་རྡོ་རིང་ཁག་གི་དཔེ་དེབ་དུ་བསྡུས་ཡོད་པ་དེ་རྣམ་སྣང་རྡོ་བརྐོས་མའམ་རྡོ་རིང་ཁ་པ་ཡིན། ཡིན་ཡང་མཚམས་རེར་རྡོ་རིང་གཉིས་ཀྱི་འབྲེལ་བ་མ་གཏོགས་པར་དེ་གཉིས་གཅིག་ལ་ངོས་འཛིན་བྱས་པའི་སྣང་ཚུལ་ཡང་མཆིས། གཞན་རིག་གཞུང་ཞིབ་འཇུག་པའི་སྡེ་རུ་རྡོ་རིང་ཀ་པར་དོ་སྣང་ཆེན་པོ་བྱུང་མི་འདུག་ཅིང་། དེང་ཧ་ལམ་སྐྱོན་མེད་ལྷུན་ཆགས་སུ་གནས་པ་དེ་ཀ་པ་ཡིན་ལ། དེའི་སྟེང་ཡང་ཡིག་རྙིང་ཐིག་ཕྲེང་བཅུ་གཉིས་ཡོད་པ་དང་ནང་དོན་གྱི་ཆ་ནས་གནས་དང་རྟེན་ག་གེ་མོར་བདག་པོ་དོ་དམ་བྱ་དགོས་པ་དམིགས་སུ་གདམས་ཡོད་། ལྷག་པར་ཡི་གེ་འབྲི་མཁན་པ་གེར་ཙེ་དང་རྡོ་མཁན་རྒྱ་གར་མེ་ཏོག་གཉིས་ཆ་གང་ལ་གཞིགས་ཀྱང་མཚན་དམིགས་གསལ་བ་ཞིག་དང་སྐབས་འདིར་རྒྱ་གར་གྱི་རྡོ་བཟོ་མཁན་པོ་བོད་ལ་རྒྱུགས་ཆེ་བའི་སྣང་ཚུལ་ཞིག་ཀྱང་བསྟན་ཡོད་པ་གལ་ཆེན་པོར་མཐོང་ལ། འདི་ལས་བསྟན་པ་ཕྱི་དར་གྱི་མགོ་ལ་བོད་དུ་རྒྱ་གར་ཤར་མའི་ལུགས་ཀྱི་རྡོ་སྐུ་ཇི་སྙེད་ཅིག་འབྱུང་བཞིན་པ་དང་བཟོ་དེ་བོད་ལ་ཇི་ལྟར་དར་ཚུལ་སྐོར་ལ་རྒྱུ་ཆ་གསོན་པོ་ཞིག་སྤྲད་ཡོད་པར་འདོད།

གཉིས། རྡོ་རིང་ཆག་རོ་གསུམ་ལ་རྟོག་ཞིབ་བརྒྱུད་གསར་དུ་རྟོགས་པ་ནི་དེ་ཚོ་གསུམ་ཀ་དེ་སྔའི་རྡོ་རིང་ཁ་པའམ་རྣམ་སྣང་རྡོ་བརྐོས་མའི་ཆ་ཤས་ཡིན་ལ། ཆག་རོ་དང་པོ་དང་ཀ་བ་གདུང་མའི་དབྱིབས་ཀྱི་ངོས་གཉིས་སུ་ཡི་གེ་ཡོད་ལ། ལྷག་པར་ཆག་རོ་གཉིས་པའི་མདུན་རྒྱབ་གཉིས་སུ་དབུའི་འོད་གོར་དང་རྒྱབ་ཡོལ་གྱི་ཟུར་ལྷག་ཡོད་པ་དང་ཟུར་དུ་ཡང་ཡི་གེ་ཡོད་ལ། དེ་ལས་ངོས་གཅིག་གི་རི་མོ་དང་རས་ཆར་རྡི་སིང་གིས་སྤེལ་བའི་རྣམ་སྣང་རྡོ་བརྐོས་མའི་བྱང་ངོས་ཀྱི་གཡས་སྟེང་གི་རི་མོ་གཉིས་ཆུ་ལ་ཆུ་བཞག་གི་དཔེར་འགྲོ་བས། དང་པོའི་རྣམ་སྣང་རྡོ་བརྐོས་མར་མདུན་ཙམ་མ་ཟད་རྒྱབ་དུ་ཡང་ལྷ་སྐུ་བརྐོས་ཡོད་ལ། ད་ལྟ་མཐོང་དུ་ཡོད་པའི་ཡི་གེ་ངོས་གསུམ་དང་། རས་ཆར་རྡི་སིང་ལྟར་ན་ཟུར་ངོས་ནུབ་མར་རྟེན་འབྲེལ་སྙིང་པོའི་གཟུངས་སྔགས་ཀྱང་བརྐོས་ཡོད་པར་གཞིགས་ན་རྡོ་རིང་ཁ་པའི་ཕྱོགས་བཞི་བོར་ཡི་གེ་བརྐོས་ཡོད་པ་ཞིག་ཡིན་ལ། གོང་དུ་བཤུས་པའི་ཡི་གེ་ཐོ་རེ་བ་དེ་ཚོ་ཡང་རྡོ་རིང་དེའི་ཆ་ཤས་ཡིན།

གསུམ། རས་ཆར་རྡི་སིང་གི་ངོ་སྤྲོད་ལ་གཞིགས་ན། རྣམ་སྣང་རྡོ་བརྐོས་མ་ཁ་བྱང་དུ་ཕྱོགས་པ་ལས་རྡོ་རིང་གཉིས་ཀྱི་སྤྱིའི་འཁོར་ཕྱོགས་གསལ་བོར་བསྟན་ཡོད་ཅིང་། དེས་ན་དེ་སྔ་རྡོ་རིང་ཀ་བའི་རུས་སྦལ་གྱི་ཁ་ནུབ་ཏུ་ཕྱོགས་ཡོད་ཅིང་། དེ་ལ་བརྟེན་ན་རྡོ་རིང་ཀ་བའི་གནས་ཡུལ་ལ་ཕྱིས་སུ་འགྱུར་བ་ཐེབས་ཡོད་པ་ཐག་བཅད་ཆོག་ལ། རུས་སྦལ་གྱི་སྒལ་སྟེང་དུ་ཨར་འདམ་བྱུགས་ནས་ཉམས་གསོ་བྱས་པའི་ཤུལ་གྱིས་ཀྱང་རྡོ་རིང་འདིར་གང་ལ་གང་འཚམ་གྱི་འགྱུར་བ་ཐེབས་པ་རྟོགས་ནུས་ལ། ཀ་གདུང་དབྱིབས་ཀྱི་རྡོ་ནར་མོ་དེ་སྔ་མ་གྲུ་བཞི་ལེབ་མོའི་དབྱིབས་ལ་གཟོང་བཏབ་ནས་སྒོར་མོའི་དབྱིབས་ལེགས་པར་བཟོས་པ་ལས་རྡོ་རིང་ཀ་བ་ཇི་ལྟར་འཕྲོ་བརླག་ཕྱིན་པའི་ཚུལ་ལ་ཡང་ངེས་ཤེས་ཅུང་འདྲོང་ནུས།

བཞི། རྡོ་རིང་ཀ་པ་ཞབས་རུས་སྦལ་དང་སྟེང་དུ་སྰ་ཚའི་དབྱིབས་ཀྱི་ཆར་ཁེབས་ཡོད་ལ། རིག་གནས་ཀྱི་རྒྱབ་ལྗོངས་ནས་བལྟས་ཚེ་སྔ་མ་དེ་རྒྱ་ནག་རིག་གནས་ཀྱི་ཤུགས་རྐྱེན་ཞིག་ཏེ། བཙན་པོའི་སྐབས་ཀྱི་རྡོ་རིང་མང་ཆེ་བའི་ཞབས་རར་བེད་སྤྱོད་གནང་མྱོང་ཡོད་པ་དང་དེའི་ཕྱིས་སུ་རུས་སྦལ་རྡོ་རིང་ཞབས་རར་བཞག་པ་མི་འདུག དེ་བཞིན་རྡོ་རིང་སྟེང་གི་ཆར་ཁེབས་ཀྱི་སྰ་ཚའི་ཏོག་ལ་མཚོན་ན་བོད་དུ་དཔེ་གཞི་འདི་མ་གཏོགས་མེད་ལ། རིག་གནས་ཀྱི་རྒྱབ་ལྗོངས་ནས་བལྟས་ཚེ་ནང་བསྟན་དར་བ་ནས་བོད་དུ་སླེབས་ལ། ལྷ་རྩེའི་ཁྲོམ་ཆེན་རྡོ་རིང་ཡི་གེ་དང་ཏུན་ཧོང་ཡིག་རྙིང་P.T.1134གཙོ་བྱས་བཙན་པོའི་རྒྱལ་རབས་ཀྱི་སྨད་ཙམ་ལ་ལྷ་རིས་ཀྱི་རྒྱུ་ཆ་གཙོ་བོ་ཞིག་ཡིན་པའི་ཆ་ནས་བོད་དུ་རྒྱུགས་ཆེ་ཡང་།ཡིག་རྙིང་གི་འགྲོ་སྟངས་ལ་མངོན་གསལ་དོད་པའི་ཁྱད་ཆོས་བྱུང་མི་འདུག་པས་ལོ་ཚིགས་ཇི་ལྟར་ཐག་གཅོད་དགོས་མིན་ནི་གནད་དོན་གཙོ་བོ་ཡིན་ལ། ལོ་ཚིགས་གཏན་འཁེལ་གནང་རྗེས་ད་གཟོད་དེ་དང་འབྲེལ་ཡོད་ཀྱི་སྣང་ཚུལ་ཁག་ཅིག་ལ་དབྱེ་ཞིབ་བྱས་ཆོག་པ་ཞིག་རེད།

ལྔ། རྡོ་རིང་ཁ་པའམ་རྣམ་སྣང་རྡོ་བརྐོས་མའི་ལོ་ཚིགས་ཐད་རྒན་པ་སངས་དབང་འདུས་ནས་དུས་རབས་བཅུ་གཅིག་པར་བཞག་ཡོད་ན་བསྟན་པ་ཕྱི་དར་གྱི་ཐོག་མའི་གནས་སྐབས་ཡིན་ལ། རྡོ་བརྐོས་འདི་དག་གིས་མཚོན་བར་སྐབས་འདིར་ས་འདི་བོད་ནས་ཆོས་ལུགས་ཀྱི་བྱེད་སྒོའི་ཐད་གོ་གནས་དམིགས་གསལ་བ་བཟུང་ཡོད་པ་རྟོགས་ནུས་ལ། དེ་དང་མཐུན་པར་དུས་རབས་བཅུ་གཅིག་པར་ལྷ་བླ་མ་ཡེ་ཤེས་འོད་ཡབ་སྲས་ཀྱིས་བསླངས་པའི་རྣམ་སྣང་དབུར་བརྐོས་པའི་རྡོ་རིང་ཞིག་ད་ལྟ་སྤྱི་ཏིའི་དཀོར་ས་ཆར་ཡང་ཡོད། ཡིན་ཡང་རྡོ་རིང་ཁ་པའམ་རྣམ་སྣང་རྡོ་བརྐོས་མའི་ངོས་བྱང་དུ་བདག་རོག་བཅུ་ན་ལྷ་བཟོས་རྐོན་མཆོག་མྱི་ནུབ་པའི་རྟེན་དུ་ཤར་ནུབ་གཉིས་སུ་ཞེས་པ་འམ། ཤར་ཟུར་ངོས་སུ་ཆོས་ཀོར་དང་ཆོས་ཀོར་ལ་རྟེན་པ་རྣམས་ལ་གནོད་མ་བྱེད་པར་བགྱི་ཞེས་པ་སོགས་དམ་པའི་ཆོས་མི་ནུབ་པ་དང་དར་བའི་ཆེད་དུ་རྡོ་བརྐོས་མཛད་པའི་ཚུལ་གསུངས་ཡོད་ལ། དེ་བཞིན་རྡོ་རིང་ཀ་པར་དམ་པའི་ཆོས་དང་རྟེན་ག་གེ་མོ་མི་ནུབ་པ་སོགས་ཀྱི་ཚིག་ཟིན་ལ་བརྟག་ན་རྡོ་རིང་གཉིས་པོའི་བར་ཐུན་མོང་གི་བསྟན་དོན་ཡོད་པ་དང་། རྡོ་རིང་ཀ་པར་དགེ་འདུན་ལ་རྒེ་འདུན་བྲིས་པ་དང་། རྡོ་རིང་ཁ་པས་དཀོན་མཆོག་ལ་རྐོན་མཆོག ཆོས་འཁོར་ལ་ཆོས་ཀོར་བྲིས་པའི་ཆ་ནས་ཡང་ཕན་ཚུན་ནང་འབྲེལ་ཅུང་མེད་དམ་སྙམ་མོད། ཡིན་ཡང་འབྲེལ་ཡོད་ཡིག་ཚང་ཁ་གསལ་མ་མཐོང་བས་རྡོ་རིང་གཉིས་པོའི་འབྲེལ་བ་ཡང་སྙིང་ག་རེ་ཡིན་པ་དང་ཁོར་ཡུག་ཅི་འདྲ་ཞིག་གི་འོག་ནས་གནས་འདིར་བརྐོས་པ་སོགས་གནད་དོན་མི་ཉུང་བ་ཞིག་ལྷག་ཡོད་པས་ཕྱོགས་འདིར་ཐུགས་མོས་ཡོད་མཁན་གྱིས་མུ་མཐུད་དུ་བརྟག་དཔྱད་ཞིབ་འཇུག་གནང་རྒྱུ་གལ་ཆེ་བར་འདོད་དོ།

ཟུར་བལྟའི་དཔྱད་གཞི།

1.H.E.Richardson,A corpus of early Tibetan inscriptions, Royal Asiatic Society,1985.

2. པ་སངས་དབང་འདུས།སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དངས་སང་གངས་ཆུ།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2011 ལོ་དཔར།

3.ཆབ་འགག་རྟ་མགྲིན།བོད་ཡིག་རྡོ་རིང་ཞིང་འཇུགབོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2012ལོ་དཔར།

ཤ་བོ་མཁའ་བྱམས་ནས་སྤྱི་ལོ་2020ལོའི་ཟླ་10བའི་ཚེས་25ཉིན་ཟིན་ཐོའི་ཚུལ་དུ་སྤེལ་བ་དགེའོ།།


[1]ཡི་གེ་འདི་རས་ཆར་རྡི་སིང་ནས་ལའམ་ཡང་ན་ལྟ་ཞེས་ཕབ་ཡོད་མོད། དོན་དུ་ལྷ་ཡིན་པར་གསལ།