201301041552353073

___ཨ་དཀོན་མཆོག་རྗེས་སུ་དྲན་པ།

ཨ་དཀོན་མཆོག་གྲོངས་ནས་ལོ་གཅིག་འདས་ཟིན་ཨང་།གུས་པར་མཚོན་ན་ཨ་དཀོན་མཆོག་ནི་ཨ་དཀོན་མཆོག་གྲོངས་བའི་ཉིན་དེར་གསར་ལམ་གང་ཞིག་ནས་གསར་དུ་རྙེད་པའི་འོ་སྐོལ་གྱི་རིགས་སུ་འཁྲུངས་ཤིང་འོ་སྐོལ་ལ་ཐུགས་འདང་ཟབ་པའི་དམ་པ་ཞིག་ཡིན།སྐབས་དེར་ཁོང་དང་འབྲེལ་བའི་ཡི་གེ་ཐན་ཐུན་མང་བོ་བཀླགས།མ་ཟད།ཁོང་གི་གནས་ཚུལ་ལམ་མཛད་པའི་སྐོར་ལ་བསམ་གཟས་ཏེ་རྗེས་ལོན་ཉུང་ཙམ་བྱས་པས།ཁོང་དམ་པ་རླངས་པོ་ཆེར་མཐོང་།དམ་པ་ཁོང་དེ་ལྟར་གྲོངས་པར་སེམས་སུ་འགྱོད་གདུང་ཆེན་པོ་སྐྱེས་སོང་།ཉིན་རེ་ཟུང་ལ་རང་གི་གཉེན་ཉེ་བཟང་ཤོས་ཤིག་ཤི་སོང་བ་ལྟར་སེམས་སུ་ནག་ཐིག་ཅིག་གིས་ཉིན་དང་མཚན་དུ་གདུངས།

ད་ནངས་སྔ་མོར་ཡར་ལངས་ཏེ་ཁ་པར་གྱི་སྐད་འཕྲིན་ནང་དུ་བལྟས་ཙ་ན།ཨ་དཀོན་མཆོག་ན་ནིང་གི་དེ་རིང་གྲོངས་བ་གཞི་ནས་ཤེས།ཡིན་ཙང་།ལས་ཀར་སོང་སྟེ་ལས་ཀ་ཙག་ཙིག་ལ་འབད།སེམས་སུ་ཨ་དཀོན་མཆོག་གྲོངས་རྐྱེན་དང་འབྲེལ་བའི་གནད་དོན་མང་བོ་ཞིག་རིམ་བཞིན་ཤར་ཡོང་།མ་ཟད།ལོ་སྔོན་མའི་དེ་རིང་ཨ་དཀོན་མཆོག་གི་གྲོངས་རྐྱེན་ལ་རང་བློས་དཔོག་ཚོད་ཀྱིས་ཡི་གེ་ཞིག་འབྲི་རྩིས་བྱས་པའང་དྲན་བྱུང་།ཉིན་གུང་འབྲི་རྩིས་བྱས་པའི་མཇུག་མེད་པའི་ཡི་གེ་དེ་ཐེངས་གཅིག་བཀླགས་པ་ཡིན།ཡི་གེ་དེ་ནི་དམ་པ་ཁོང་གྲོངས་བ་ནི་བསམ་བཞིན་གྱི་འཆར་གཞི་ཡོད་པའི་ལས་ཤིག་ཡིན་པར་དོགས་པ་སྐྱེས་པ་དང་སྐྱེ་བའི་རྒྱུ་གང་ཞིག་ནས་བརྩམས་ཏེ་བྲིས་འདུག་མོད་མཇུག་བསྡུས་མེད་པར་དེ་ལྟར་ལྷག་འདུག

ལོ་ཡི་འཁོར་ལོ་གཅིག་འཁོར་སོང་།  བདག་ནི་ཇི་འདྲའི་སྒྱིད་ལུག་ཅིག་ཨང་།

བདག་ནི་དེ་ལྟར་སྒྱིད་ལུག་གིས་བདག་གིར་བྱས་ཀྱང་།མི་མང་བོ་ཞིག་གིས་དམ་པ་ཁོང་སེམས་ནས་བརྗེད་ཀྱིན་མི་འདུག  དེ་ནི་དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་མཛད་པ་ཡིས་བསྐྱེད་པ་ཐག་ཆོད།ཁོང་ནི་ཇི་འདྲའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཨང་།རེད་དེ།དམ་པ་རྣམ་ནི་ལུས་དང་ལྷན་དུ་གྲོངས་འགྲོ་བ་ཞིག་མ་ཡིན་པར་ལོ་ཁྲི་སྟོང་མང་བོའི་རྗེས་སུའང་མི་རྣམས་ཀྱི་སེམས་སུ་བརྗིད་ལྷག་གེར་གནས་པ་ཞིག་ལོས་ཡིན།ཁོང་ལྟ་བུའི་བྱམས་བརྩེའི་བདག་ཉིད་ཆེན་པོ་ཞིག་མི་རྣམས་ཀྱིས་ག་ལ་བརྗེད་སྲིད། བརྗེད་མི་སྲིད་དེ།ཁོང་ནི་མི་ཚེ་གང་བོར་གཞན་བདེའི་ཕྱིར་དུ་འཚོས་པའི་དམ་པ་ཞིག་ཡིན་པས་སོ།

ཨ་དཀོན་མཆོག་གྲོངས་ནས་ལོ་གཅིག་འདས་ཟིན་ཨང་། འཇིག་རྟེན་འདིར་མི་མང་བོ་སྐྱེས་ཏེ་ཤི་སོང་།དེ་དག་སྐྱེས་པར་ཡིད་མི་སྨོན་ལ་ཤི་བར་དེ་ལས་ཀྱང་ཡིད་མི་གདུངས།ཡིད་གདུང་བ་ནི་རང་ཉིད་ཀྱི་ཆེད་གསོན་པ་མ་ཡིན་པར་གཞན་གྱི་ཆེད་གསོན་པའི་དམ་པ་དེ་དག་གྲོངས་སོང་བ་དེ་རེད།འཇིག་རྟེན་འདིར་གཞན་གྱི་ཆེད་དུ་གསོན་པའི་སྐྱེས་བུ་ག་ཙམ་ཡོད།དེ་ལས་ཀྱང་བྱམས་བརྩེའི་ཐུགས་རྒྱུད་གཏམས་ཤིང་གཞན་ཕན་གྱི་ལས་ཀར་བརྩོན་པའི་དམ་པ་ག་ཙམ་ཡོད།དམ་པ་ཁོང་འཇིག་རྟེན་དང་གྱེས་པ་ནི་དམ་པ་ཁོང་གི་བྱམས་བརྩེའི་ཉིན་བྱེད་ཀྱི་འོད་ཟེར་ལས་འཚོ་བའི་སྐྱེ་བོ་དག་གི་གྱོང་གུད་ཅིག་མ་ཡིན་ལ།འགྲོ་བ་མིའི་རིགས་ཀྱི་གྱོང་གུད་ཅིག་གོ།རྒྱུ་མཚན་ནི་གཞན་དོན་ཁུར་དུ་བཞེས་པའི་དམ་པ་ཁོང་ལྟ་བུ་ཧ་ཅང་ཉུང་ཕྱིར་རོ།

ཨ་དཀོན་མཆོག་གྲོངས་ནས་ལོ་གཅིག་འདས་ཟིན་ཨང་།ལོ་གཅིག་པོ་འདིའི་རྗེས་ཀྱི་ལོ་གཅིག་པོ་ལ།ཡང་ན་དེ་ལས་ཀྱང་འཕྱི་བའི་ལོ་མང་བོར།ཨ་དཀོན་མཆོག་མི་རྣམས་ཀྱི་སེམས་སུ་བརྗིད་ལྷག་གེར་གནས་ངེས་ཡིན།གྲོངས་བའི་རྗེས་སུའང་མི་རྣམས་ཀྱི་སེམས་སུ་བརྗིད་ལྷག་གེར་གསོན་པ་ནི་དམ་པ་རྣམ་དམ་པ་ཡིན་སྟབས་ཡིན།

 

སྤྱི་ཟླ་བཅུ་བའི་ཚེས་བརྒྱད་ཉིན་གཙང་མིང་བས་དམ་པ་ཁོང་རྗེས་དྲན་གྱི་ཚུལ་དུ་བྲིས་པ་དགེའོ།