ཕྱི་དངོས་པོའི་འཕེལ་རྒྱས་དང་བསྡོངས་ནས་མི་རྣམས་ཀྱི་འདོད་པའི་རྒྱ་ཉིན་རེ་ནས་ཉིན་རེར་ཇེ་ཆེར་འགྲོ་བཞིན་འདུག དུས་ཚོད་འདི་འདྲའི་མཁར་རྫོང་ན་གནས་པའི་ང་ཚོར་དེ་མཚུངས་ཀྱི་རྣམ་རིག་ཅི་ཞིག་དགོས་མཁོ་ཡོད་དམ། གཅིག་དེང་རབས་སློབ་གསོའི་དགོས་མཁོ་དང་གཉིས་ཚན་རིག་ལག་རྩལ་གྱི་དགོས་མཁོ། གསུམ་དུས་བསྟུན་དཔལ་འབྱོར་གྱི་དགོས་མཁོ། བཞི་སྐད་ཀྱི་བརྡ་འཕྲིན་དང་འདྲ་མཉམ་འདུ་འཛོམས་ཀྱི་དགོས་མཁོ་ནི་རྨང་གཞི་ལྟ་བུའི་གལ་ཆེ་བོར་ཆགས་འདུག་ལ་བདག་གིས་གླེང་འདོད་པ་ནི་གསུམ་པར་འབྲེལ་བའི་ཆ་ཞིག་ཡིན།
ཚོང་ལས་ལ་ཐོག་མར་ཞུགས་མཁན་ཞིག་ལ་མཚོན་ན་ཆེས་དཀའ་བ་ནི་གོམ་པ་དང་བོ་སྤོ་རྒྱུ་དང་ཆེས་མི་འདང་བ་བ་ནི་མ་རྩའི་ཡོང་ཁུངས། ཆེས་ཞན་པ་ནི་ཉམས་མྱོང་ཡིན་རེད། དེ་འདྲའི་གནས་བབ་འོག་བློ་རིག་རྣོ་བའི་མི་ལ་འཆར་གཞི་འཛོམས་ཀྱང་སྙིང་སྟོབས་ཀྱིས་མི་འདང་བ་དང་སྙིང་སྟོབས་ཅན་ལ་ཆ་རྐྱེན་འཛོམས་ཀྱང་འཆར་གཞི་ཁ་མི་ཚང་བའི་དཀའ་ཁག་གིས་ལ་ལ་ཞིག་ལམ་ལ་ཞུགས་ཀྱང་མུ་མཐུད་འཕེལ་རྒྱས་ཀྱི་མདུན་ལམ་བོར་འགྲོ་ལ་ལ་ལ་ཞིག་གིས་མ་གཞི་ནས་གོམ་པ་དང་བོའང་སྤོ་མ་ཐུབ་པར་ཚོང་གི་ཞིང་ཁམས་དང་གཏན་དུ་གྱེས་འགྲོ་རེད། དེ་ན་ཡིད་སྐྱོ་བྱེད་ཀྱི་སྣང་ཚུལ་འདི་ཇི་ལྟར་ཡོ་བསྲང་བྱེད་འོས་སམ།
ད་ལྟའི་འུ་ཅག་གི་ཚོང་ལས་སྤྱིའི་རྣམ་པར་བལྟས་ཡོང་ན་ཚོང་བ་ཕལ་མོ་ཆེ་ནི་རང་མོས་རང་འཐད་ཀྱིས་ཚོང་ལས་ལ་ཞུགས་པ་ཤ་སྟག་ཡིན་ཏེ། སོ་སོ་གནས་སའི་ཡུལ་ཁམས་ཀྱི་བྱེ་བྲག་པའི་འདུ་ཤེས་འཛིན་སྟངས་མི་འདྲ་བ་དང་སོ་སོའི་ཁྱིམ་ཚང་གི་དབུལ་ཕྱུག ཡང་ན་མི་སྒེར་སོ་སོའི་དགའ་ཁ་འཁྱེར་ཕྱོགས་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ལ་ལ་ཞིག་ཚོང་ལམ་དུ་མི་ཞུགས་ཐབས་མེད་དུ་གྱུར་ནས་རང་ཐོག་ནས་མ་རྩ་ཆེ་ཆུང་ཅི་རིགས་ཕུལ་ནས་ཞུགས་པ་དང་ལ་ལ་ཞིག་གིས་ཕུགས་བསམ་དང་འདུན་པ་རླབས་ཆེ་ཆུང་གང་རིགས་བསྣམས་ནས་ཚོང་ལམ་དུ་ཞུགས་པ་སོགས་རང་ཉིད་ཀྱི་སྟོབས་ཤུགས་འབའ་ཞིག་ལ་བརྟེན་ནས་སོ་སོའི་ཐད་དུ་ཚོང་གི་དཔལ་འབྱོར་གྱི་བྱ་བ་བསྒྲུབ་ཀྱིན་ཡོད་རེད། ཡང་ཁྱབ་རྒྱའི་ཐད་ནས་རོང་འབྲོག་མང་ཚོགས་ནས་སློབ་མ་དང་འཇོན་མིའི་མི་ཚོགས་བར་ལེབས་བལྟས་ཀྱིས་ཁྱབ་ཅུང་ཆེ་མོད། བོད་མི་སྤྱི་ལ་ཚོང་ལས་ཀྱི་ཤེས་བྱའི་ཆུ་ཚད་ཞན་པ་དང་དཔལ་འབྱོར་ལ་དེ་འདྲའི་ལྟ་ཚུལ་ཡང་དག་པའམ་བཟང་བོ་ཞིག་ཆགས་མེད་གཤིས་སྤྱིའི་ཆ་ནས་སྔར་བཞིན་ཚོང་ལས་དཔལ་འབྱོར་གྱིས་མཚོན་པའི་དཔལ་འབྱོར་གྱི་བྱ་བར་འཐུས་ཤོར་ཚབས་ཆེན་འབྱུང་གིན་ཡོད་རེད། དཔེར་ན་མི་ལ་མ་གཞི་ནས་ཕྱུག་འགྱུར་གྱི་མདུན་པ་འགོག་དུ་མེད་པ་ཞིག་ཡོད་པ་དེའི་སྟེང་བོད་ལ་ཚོང་ལས་ལྟ་བུའི་དཔལ་འབྱོར་སྒྲུབ་སྟངས་དང་དཔལ་འབྱོར་དོ་དམ་གྱི་ཤེས་བྱ་ཁྱབ་ཆེ་ལ་ཡང་དག་པའི་རྨང་གཞིའི་ཆུ་ཚད་ཅིག་ཆགས་མེད་གཤིས་རོང་བས་རྐུ་བྱེད་པ་དང་འབྲོག་པས་རྒྱལ་ལྐུགས་པ། སློབ་མ་དང་འཇོན་མིས་མགོ་བསྐོར་བསླུ་བྲིད་བཏང་ནས་ཚོང་གི་ཁེ་ཕོགས་ལེན་པ་ལྟ་བུའི་ཡིད་སྐྱོ་བའི་གནས་ཚུལ་མང་བོ་འབྱུང་གིན་པ་ལྟ་བུ་རེད་དེ་དེ་དག་ཐམས་ཅད་མདོར་དེད་ན་མི་སྤུས་ཞན་པ་དང་སེམས་ལ་གདོན་ཞུགས་པ་འབའ་ཞིག་མིན་པར་དཔལ་འབྱོར་རྒྱུན་ཤེས་ཀྱིས་མ་འདང་བ་ལྟ་བུའི་མི་འདང་བ་སྣ་ཚོགས་ཀྱི་གནས་བབ་འོག་གི་ཕྱུག་འགྱུར་དང་ལེན་ནམ་འབད་ཤུགས་ནོར་འཁྲུལ་བས་བསྐྲུན་པ་རེད། དེ་ན་ད་ལྟ་འུ་ཅག་གི་མདུན་དུ་ལྷག་པའི་དཔལ་འབྱོར་ཐད་ཀྱི་གནད་དོན་གལ་ཆེ་བ་ཞིག་ནི་གཅིག་ནས་སྤྲོ་བ་ཡོད་པ་གཞིར་བཞག་རང་སྟེང་དུ་ཚོང་ལས་ལྟ་བུའི་དཔལ་འབྱོར་གྱི་རྒྱུན་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང་གཉིས་ནས་རྒྱུ་ནོམ་དོ་དམ་དང་དཔལ་འབྱོར་སྒྲུབ་སྟངས་མི་ཤེས་པའི་རོང་འབྲོག་མང་ཚོགས་ལ་ཀུན་སློང་གཙང་མས་དཔལ་འབྱོར་རྒྱུན་ཤེས་ཁྱབ་གདལ་དང་ཚོང་གི་གོ་སྐབས་གང་གནས་གོ་བརྡ་སྤྲད་དེ་སྤྱིའི་ཆ་ནས་བོད་མིར་དཔལ་འབྱོར་ལྟ་བ་ལྟ་བུའི་དཔལ་འབྱོར་གྱི་སྙིང་སྟོབས་ཞན་པའི་དོན་དངོས་ཀྱི་རང་གོན་ཞྭ་མོ་ཕུད་ཐབས་བྱེད་རྒྱུ་དང་བྱེ་བྲག་བོད་མིའི་དཔལ་འབྱོར་གྱི་ཚུ་ཚད་ཡར་རྒྱས་དོན་ལྡན་དུ་གཏོང་རྒྱུ་ལས་གཞན་ཚོང་ལས་ལ་སྤྲོ་བ་ཡོད་པའི་མི་སྣར་དགའ་བསུ་དང་བསམ་བློ་བརྗེ་རེས་ཡོད་པ་བྱས་ཏེ་སྙིང་སྟོབས་མེད་པར་སྙིང་སྟོབས་བསྐྲུན་ནས་གོམ་པ་དང་བོ་བདེ་བླག་ངང་སྤོ་ཐུབ་པར་རམ་འདེགས་བྱེད་རྒྱུ་དང་འཆར་གཞི་མི་གསལ་བའི་མི་ལ་བསམ་འཆར་བརྗོད་དེ་ཁ་ཕྱོགས་གསལ་ལ་མདུན་ལམ་ཡོད་པའི་ཕྱོགས་ལ་ལམ་འཇུག་བྱེད་རྒྱུ་གལ་ཆེན་པོ་རེད།
དཔལ་འབྱོར་གྱི་འགྲོ་ལུགས་ཕྲན་ཙམ་རྟོགས་པའི་ཚོང་ལ་ཐོག་མར་ཞུགས་མཁན་ཞིག་ཡིན་ཚེ་ཐོག་མར་སོ་སོའི་འཆར་གཞི་ལ་མཁོ་བའི་ཕྱོགས་ཡར་མར་གྱི་བརྡ་འཕྲིན་བསྡུ་ལེན་བྱེད་རྒྱུ་དང་དེ་ནས་དམིགས་པ་ངེས་ཅན་ཞིག་གི་ཐོག་གོམ་གང་མདུན་སྤོས་ཀྱི་འཆར་གཞི་བཟོ་རྒྱུ། གསུམ་ཚོང་ལམ་དེ་དང་འབྲེལ་བ་མཆིས་པའི་མི་སྣར་ཚོང་གི་གྲོས་ཁ་ལྷོད་པ། བཞི་རང་ཐད་ནས་དངོས་ཡོད་དང་རང་གི་འདུན་པ། ཆ་རྐྱེན་ཟུང་དུ་འབྲེལ་བའི་ཐོག་ཚོང་གི་མདུན་ལམ་ལ་ཚོད་དཔག་གི་དབྱེ་ཞིབ་བྱེད་པ། བཞི་མ་རྩ་བསྡུ་སྒྲིག་བྱེད་པ། མཇུག་གི་ཐག་གཅོད་དེ་དངོས་སུ་ཚོང་ལམ་དེར་ཞུགས་རྒྱུ་ནི་ཚོང་ལ་ཐོག་མར་ཞུགས་མཁན་ལ་ཡོད་དགོས་པའི་བརྒྱུད་རིམ་ཞིག་དང་ཡང་དོན་དག་གང་ལའང་ཐོག་མ་དེས་ནི་རྗེས་ཀྱི་འགྲོ་ལམ་ལ་ཤུགས་རྐྱེན་ངེས་ཅན་ཐེབས་གཤིས་སོ་སོའི་འཆར་གཞིའི་ནང་དུ་འགོ་བཀྲ་འགྲིག་པ་ཞིག་གིས་རྩོམ་རྒྱུ་དེ་ཡོད་དགོས་པ་ཟད། ཐོག་མ་ནས་སོ་སོས་ཚོང་ལས་གཉེར་སའི་གྲོང་ཁྱེར་དེའི་མིའི་དགའ་ཕྱོགས་དང་མི་གྲངས། གནམ་གཤིས། འདུ་འཛོམས། མཁོ་ཚད་ཀྱིས་ཐེགས་པའི་གནས་བབ་ཅིག་གི་ཐོག་མ་རྩ་གཏོང་རྒྱུ་དང་དངོས་ཡོད་དེའི་ཐོག་རང་ལ་དབབ་བྱའི་ཁེ་སྤགས་དེར་ཚོད་དཔག་བྱེད་པ་ལས་གྲོང་ཁྱེར་གཞན་པ་ཞིག་གི་ཚོང་གི་གནས་ཚུལ་གྱིས་རང་སྡོད་སའི་གྲོང་ཁྱེར་དེར་ཡང་དེ་མཚུངས་ཀྱི་སྔོན་དཔག་བྱེད་པ་ནི་གྱོང་རེག་པའི་འགོང་བོ་ཞིག་ཏུ་འགྱུར་ངེས་ལ་བརྒྱ་ལ་ལམ་དུ་སོང་ཡང་སྔོན་འགྲོའི་བྱ་བ་མང་བོ་ཞིག་བརྒྱུད་དགོས་པས་ཚོང་བ་ཉམས་མྱོང་མེད་པ་ཞིག་ལ་དེ་ནི་འཚམ་པོ་དཀའ་བ་ཡིན།
ཚོང་ལ་སྤྲོ་བའི་མི་མང་བོ་ཞིག་ལ་ཚོང་དངོས་སུ་ལག་ལེན་མ་བྱས་པའི་སྔ་རོལ་དུ་མ་རྩ་ཆུང་ཆུང་དང་ཉིན་མ་ཉུང་ཉུང་གི་ནང་ཁེ་སྤོགས་ཆེ་ཆེ་ལ་མང་མང་བོ་ལེན་རྒྱུའི་སྟོང་བསམ་སྙིང་རྗེ་བོ་ཞིག་ཡོད་པ་དེའི་དབང་གིས་ཚོང་ལ་གསར་དུ་ཞུགས་པའི་མི་ལ་ལ་ཞིག་གིས་དོན་དངོས་ཀྱི་གནོན་ཤུགས་མ་ཐེགས་པར་ཚོང་གི་གཡུལ་ས་ལ་ཐོན་མ་ནས་ཕྱིར་འཐེན་བྱེད་པ་དང་ལ་ལ་ཞིག་གིས་འཛད་སྤྱོད་པར་མགོ་བསྐོར་གཏོང་བའམ་ཁྲིམས་འགལ་གྱི་ལྐོག་ཚོང་རྒྱག་པ་ལྟ་བུའི་དམིགས་དབེན་ནམ་མདུན་ལམ་ལ་གནོད་པའི་ཐབས་རྡུགས་ཀྱི་ལས་ཀ་བྱེད་མཁན་འབྱུང་གིན་ཡོད། དེ་ན་ཁོ་བོའི་བསམ་པར་ཚོང་ལམ་དུ་གོམ་པ་དང་བོ་སྤོ་བྱེད་ནི་མ་རྩ་ཆུང་ལ་མདུན་ལམ་ཡོད་པའི་ཚོང་ཆུང་འབྲིང་གང་རུང་ཞིག་ཡིན་ན་འགྲིག་པར་སྙམ།
མི་སྒེར་དང་ཁྱིམ་ཚང་། ཤག་འབྲེལ་གྱི་མ་རྩ་གཏོང་སྟངས་གང་ཞིག་ཡིན་ཡང་འཆར་གཞི་དང་སྙིང་སྟོབས་ནི་ཚོང་ལམ་དུ་ཞུགས་པར་འགོ་འདྲེན་དུ་ཡོད་དགོས་པ་ཞིག་
ཡིན་པའི་ཐོག་མ་རྩ་ནི་གཞན་ལ་བསྐྱི་གཡར་བྱས་ནས་ཡོང་བ་ཞིག་ཡིན་ན་འགྲིག་པར་སྙམ་སྟེ་དེ་ལྟའི་མ་རྩའི་ཐོག་གི་ཚོང་ལ་ཚད་ངེས་ཅན་གྱི་གནོན་ཤུགས་ཤིག་འབྱུང་ལ་གནོན་ཤུགས་དེས་ནི་ཚོང་བ་དེ་ཚོང་རའི་ཁྲོད་དུ་འགྲན་རྩོད་དང་རྒྱུན་སྐྱོང་གི་གཤིས་ཀ་བཟང་བོ་ཞིག་གོམས་ཐུབ་པར་སྐུལ་འདེད་གཏོང་བ་ཡིན། དེ་མིན་ན་རོང་འབྲོག་དང་ལས་བྱེད་པའི་ཟླ་ཕོགས་གང་རུང་གི་དཔལ་འབྱོར་ཡོང་ཁུངས་ཏོག་ཙམ་ཡོད་པའི་གསར་ཞུགས་ཚོང་ལས་བ་ཚོར་ཕྱོགས་གཅིག་ན་མུ་མཐུད་འཕེལ་རྒྱས་སུ་གཏོང་བའི་ཕྱི་ལག་ལེན་དང་ནང་བསམ་བློའི་འགྲན་རྩོད་མཐུ་ཆེན་ཞིག་མེད་པ་དང་ཕྱོགས་གཉིས་ན〝བཟང་ན་འབད། ངན་ན་བསྐྱུར〞གྱི་ཚོང་བ་ཞིག་ལ་ཡོད་མི་འོས་པའི་གཤིས་ཀ་སྟེ་རྒྱུན་སྐྱོང་མི་ཐུབ་པའམ་ཚོང་ལས་ཀྱི་ཕྱོགས་ལ་རྒྱུན་སྐྱོང་མི་ཐུབ་པ་དེས་མི་དེའི་ཚོང་ལས་དང་ཚོང་ལས་ཐོག་གི་མདུན་ལམ་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་པ་རེད། དེ་བས་ན་ཚོང་ལམ་དུ་ཞུགས་ཕྱིན་ཚོང་ལས་གང་གཉེར་ལ་འགྱུར་བ་ཡོད་ཆོག་ཅིང་འོས་སྲིད་པ་ལས་ཚོང་ལས་མི་གཉེར་བའི་གདམ་ཀ་དང་འཆར་གཞི་ཡོད་མི་འོས་པ་ཤེས་པར་བྱ་བའི་གནས་ཤིག་རེད།
༢༠༡༤་༡༠་༢—༦ཉིན།