སློབ་གསོ་ནི་དགེ་རྒན་གྱི་མ་ཡིན་ལ་སློབ་མ་ཁོ་ནའི་ཀྱང་མ་ཡིན་པར་སྤྱི་མིའི་རིགས་ཀྱི་རིག་གནས་དང་ལོ་རྒྱུས། ངལ་རྩོལ། འཚོལ་སྙེག་གི་བརྒྱུད་རིམ་ནས་ཐོན་པའི་མིའི་རིན་ཐང་དང་དུས་རབས་ཀྱི་དགོས་མཁོའི་མདོ་རྩ་མ་ཡལ་བའི་ཞི་བདེ་དང་འཆམ་མཐུན། ཕྱུག་འགྱུར། དམངས་གཙོ། འདྲ་མཉམ། ཡ་རབས་སྤྱོད་བཟང་། སྣོད་བཅུད་དོ་མཉམ་གྱིས་མཚོན་པའི་སྤྱི་ཚོགས་དང་རང་བྱུང་གིས་མིའི་རིགས་ལ་རེ་འདུན་གང་བཏོན་པ་དང་གང་འདོན་པ་ལས་བྱུང་བའི་མན་ངག་གམ་བསམ་འཆར། འཆར་འགོད། ཡིག་ཆ་རིགས་ཤིག་དང་། བྱེ་བྲག་དེ་འདྲའི་སྤྱིའི་རྒྱབ་ལྗོངས་དང་འབྲེལ་ལ་རང་ཚན་པའི་རྒྱལ་ཁབ་དང་མི་རིགས་སོ་སོའི་དམིགས་བསལ་བའི་ལོ་རྒྱུས་དང་རིག་གནས། གོམས་གཤིས། དད་མོས། སེམས་ཁམས་ཀྱི་དངོས་ཡོད་གནས་ཚུལ་ནས་ཐོན་པའི་མདུན་བསྐྱོད་ཀྱི་གཞི་རྟེན་རིགས་ཤིག་རེད། དེ་བཞིན་དགེ་རྒན་ནི་སློབ་གསོ་མཁན་དང་སློབ་མ་ནི་སློབ་སྦྱོང་མཁན་ཡིན་པའི་ཐོག་ནས་སློབ་གསོ་ནི“ལེགས་བཟང་བདེ་མཛེས”སུ་གཏོང་བྱེད་ཀྱི་ཐབས་ཤེས་ཤིག་ཡིན་གཤིས་སློབ་གསོ་ནི་ཡུལ་དུས་ཀྱི་འཕེལ་རྒྱས་དང་བསྡོངས་ནས་དར་རྒྱས་འགྲོ་ཞིང་སློབ་གསོའི་སྤུས་ཚད་གོང་འཕེལ་གྱིས་ཡུལ་དུས་ལ་རྣམ་པ་གསར་བའི་མཛེས་སྡུག་སྤྲོས་པ་ཡིན།

སློབ་གསོའི་ཁ་གཏད་ནི་སློབ་མ་ཡིན་ཞིང་སློབ་མའི་བྱ་གཞག་ནི་སློབ་སྦྱོང་ཡིན་པའི་རྩ་དོན་ཐོག་གི་སློབ་མའི་སློབ་སྦྱོང་དེའང་དགེ་རྒན་གྱི་མཛུབ་སྟོན་འོག་སློབ་ཚན་ཀློག་འདོན་བྱེད་རྒྱུ་ཁོ་ན་ཙམ་མམ་ཤེས་བྱའི་དམིགས་ཚད་ཀྱི་རྒྱུགས་ལེན་པའི་སྟེང་གཅིག་པུར་ཤུགས་རྒྱག་དགོས་པའི་ངེས་འཛིན་དེ་ནི་ཡེ་ནས་གཡོན་ཐལ་ཆེ་བའི་ནོར་འཁྲུལ་ཞིག་རེད།

གཅིག སློབ་མར་རང་ཉིད“མི”ཞིག་ཡིན་པའི་འདུ་ཤེས་གཟུགས་པ།

རང་ཉིད་ངེས་ཟིན་པ་ཡོང་རྒྱུ་ནི་མི་ཞིག་མི་འཐུས་ཚང་དུ་འགྱུར་བའི་སྔོན་འགྲོ་ཡིན་གཤིས་དགེ་རྒན་གྱིས་སློབ་མས་རང་ཉིད་དཔྱོད་ཤེས་ཅན་ནམ་སྨྲ་ཞིང་དོན་གོ་བའི་མི་ཞིག་ཡིན་པ་དང་སློབ་མ་ཞིག་ཡིན་པ། མ་འོངས་པའི་རེ་བ་ཞིག་ཡིན་པར་ངེས་ཟིན་ཐོབ་རྒྱུ་ནི་སློབ་མའི་སློབ་སྦྱོང་གི་ཆ་ཤས་ཤིག་ཏུ་བརྩི་འོས།

ན་གཞོན་ཡང་མི་ཡིན་ལ་བྱིས་པའང་མི་ཡིན། མིར་སྐྱེས་པ་ཡོད་ཚད་མིའི་ཡོངས་ཁྱབ་རང་གཤིས་དང་མཉམ་དུ་འཚར་ལོངས་འབྱུང་ཞིང་སྤྱི་ཚོགས་ཐོག་འཚོ་གནས་བྱེད་པ་རེད་དེ། སློབ་གསོ་མཁན་ཞིག་ཡིན་ཐོག་ཕྱོགས་གཅིག་ནས་སློབ་མའི་འདུ་ཤེས་དེ་སྔོག་འདོན་བྱེད་དགོས་པ་དང་ཕྱོགས་གཞན་ཞིག་ནས་འདུ་ཤེས་དེ་གཞིར་བཟུང་ནས་འགྲན་རྩོད་གནས་ཤིང་རང་རྟོན་བདོག་པ། བསམ་གཞིག་དང་གསར་གཏོད་ལ་དགའ་བ། ཕན་སེམས་ཅན། མིག་རྒྱང་རིང་བ། རང་ཚུགས་བརྟན་པ། བློ་ཁ་དྲང་བ། རྒྱུ་འབྲས་བརྩི་བ། ཀུན་སྤྱོད་མཛེས་པ། སྲི་ཞུ་མཆིས་པའི་མི་ཡ་རབས་ཤིག་ལ་སྐྱེད་སྲིང་བྱེད་དགོས་འདུག ལ་ལ་ཞིག་གིས་མི་ལ་དེ་ལས་ལྡོག་ཕྱོགས་ཀྱི་གཤིས་ཀའང་ཡོད་པས་སློབ་མས་རང་ཉིད་མི་ཡིན་པར་ངེས་ཟིན་པ་དེས་རྔོ་ཅང་ཐོགས་པར་མི་འགྱུར་རོ་འདོད་ན་ནི་སློབ་གསོ་མཁན་ཞིག་ཡིན་ཐོག་གཅན་གཟན་གྱི་ཆ་བྱད་སྣང་བའི་མིའི་སྤྱོད་པ་ནི་གདོད་མའི་མིའི་གཤིས་ལ་ཡོད་པ་ཞིག་ཡིན་ངེས་ཀྱང་དེང་གི་མི་ལ་དེ་ནི་སྤང་བྱ་སྟེ་སློབ་གསོས་ནི་རྣམ་དག་གི་མི་ཞིག་བཞེངས་བསྐྲུན་བྱེད་དགོས་པར་རྒྱུས་ལོན་ཡོད་ཅིང་དེ་ནི་སློབ་མའི་སློབ་སྦྱོང་གི་སྔོན་འགྲོའི་ཆ་ཤས་ཤིག་ཡིན་པར་གདེང་འཇོག་ཐོབ་འོས།

ཡང་གཅིག་བཤད་ན། སློབ་གསོའི་ལས་དོན་ཡང་ན་སློབ་མའི་སློབ་སྦྱོང་ནི་མ་གཞི་ནས་མི་རྨང་གཞིར་བྱས་པའི་ཚན་རིག་ཅིག་ཡིན་སྟབས་མི་དང་ཁ་བྲལ་ནས་སློབ་གསོ་དང་སློབ་སྦྱོང་བྱེད་ཐབས་ཤིག་གདོད་ནས་མི་འགྲུབ་པ་ཡིན།

གཉིས། “སློབ་སྦྱོང”ལ་ཕྱོགས་ཡོངས་ཀྱི་ནང་དོན་འཛོམས།

ཤེས་བྱ་དང་ལུས་རྩལ། མཛེས་རྩལ། ཀུན་སྤྱོད། ངལ་རྩོལ་སོགས་ནི་སློབ་མའི་སློབ་སྦྱོང་གི་དམིགས་ཚད་གཙོ་ཤོས་ཡིན་ཞིང་སློབ་གསོའི་ལས་དོན་ནང་ངེས་པར་ཚང་དགོས་པའི་ཁ་ཕྱོགས་གཙོ་བོ་ཡང་ཡིན། དེ་དག་ཀྱང་སློབ་གསོ་མཁན་གྱིས་ཐད་ཀར་དང་ཐད་ཀར་མ་ཡིན་པའི་མངོན་ཤུགས་གང་རུང་སྒོས་སློབ་མའི་སློབ་སྦྱོང་གི་འཚོ་བའི་ནང་ཟབ་ཞུགས་བྱེད་དགོས་ལ་དེ་ལྟས་རང་རེའི“ཐོས་བསམ”གྱི་བླང་བྱའང་དང་ལེན་བྱེད་ཐུབ་ཡོད་པ་རེད།

བྱ་དངོས་གང་ཡང་རང་སྐྱ་ཐུབ་པར་གནས་མེད་ལ་གནས་ཀྱང་མི་ཐུབ་པས་ན་དམིགས་ཚད་གཙོ་བོ་དེའང་སློབ་གསོ་སློབ་ཁྲིད་ཀྱི་ཁྲོད་ནས་མངོན་དགོས་ཤིང་ལག་ལེན་དུ་གདབ་དགོས་ཕྱིར་སོ་སོ་ཡན་གར་ཤ་སྟག་ཏུ་འགེར་བ་ནི་ནོར་ཚབས་ཆེ་སྟེ། ཤེས་བྱ་ནི་རྨང་གཞི་དང་ལུས་རྩལ་ནི་ཕྱིའི་ཆ་རྐྱེན། མཛེས་རྩལ་ནི་མཛེས་པའི་ཚོར་འདུ། ངལ་རྩོལ་ནི་ལག་ལེན། ཀུན་སྤྱོད་ནི་དེ་དག་གི་རིན་ཐང་དུ་གྲུབ། དེ་ལྟ་བས་ན་རྒྱུགས་སྤྲོད་ལམ་ལུགས་ནི་སློབ་གསོ་ལས་དོན་སྟེང་གི་ཐབས་རྡུགས་ཀྱི་གནས་ཚུལ་ཞིག་དང་ཡང་སྔོན་ཐོན་གྱི་ཐབས་ཤེས་ཤིག་ཏུ་སྣང་བ་ནི་སློབ་གསོ་མཁན་དང་སློབ་སྦྱོང་མཁན་གཉིས་ཀྱི་བསམ་བློ་འཁོར་ཕྱོགས་ལ་གཡོན་ཐལ་ཆེ་དང་ཆུང་བའི་བར་ཁྱད་ཀྱིས་བྱུང་བ་སྟེ་གོང་མས་རྒྱུགས་འབྲས་ཁོ་ན་ལས་གཞན་པར་ཁ་ཡ་མ་བྱས་སྟབས་ཤེས་པ་མང་ལ་ནུས་པ་ཞན་པའི་མི་བུ་བེད་མེད་མང་བོ་སྐྱེད་སྲིང་བྱས་པ་དང་རྗེས་མས་རྒྱུགས་འབྲས་སྣང་མེད་བྱས་པའང་མ་ཡིན། གཙོ་བོ་སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་གསོ་སྐྱོང་བྱས་སྟབས་སྤྱི་ཚོགས་སྟེང་ནུས་ལྡན་གྱི་མི་བུ་མང་བོ་སྐྱེད་སྲིང་བྱེད་ཐུབ་བྱུང་བ་རེད།

མིའི་ཤེས་ནུས་ནི་མ་གཞི་ནས་ཕྱོགས་ཡོངས་ཀྱི་ལེགས་ཆ་འདུས་པ་ལས་བྱུང་བ་ཞིག་ལས་སྣེ་ཆིག་རྐྱང་བ་ཅིག་གིས་གྲུབ་པ་ནི་མིན།

གསུམ། སློབ་མའི་སྤུས་ཚད་ནི་སློབ་གསོའི་སྤུས་ཚད་ཀྱི་དངོས་སྣང་ཡིན།

གཞུང་ལུགས་དང་འཛིན་སྟངས། སྐད་ཆ་ཅི་འདྲའི་ཡག་ཅིང་སྙན་པ་ཞིག་ཡིན་རུང་དེར་དངོས་ཡོད་ལ་གདོང་གཏོད་པའི་རིན་ཐང་མ་ཡོད་ཚེ་དེ་ནི་ལངས་གཟུགས་ཀྱི་བེམ་པོ་དང་འདྲ་བ་ནང་བཞིན་སློབ་གསོ་དང་སློབ་གསོ་མཁན་གྱི་བྱེད་ལས་ལ་ཅི་འདྲ་འཇོ་སྒེག་ལྡན་ཡང་དེས་སློབ་སྦྱོང་མཁན་ལ་ཚད་ངེས་ཅན་གྱི་སྒུལ་ཤུགས་ཐེབས་ཀྱིན་མེད་པ་ཡིན་ཚེ་དེ་ནི་ཏག་ཏག་ལོང་བའི་ས་བཤད་དང་གཉིས་སུ་མི་འདུག སློབ་གསོ་མཁན་ཞིག་ཡིན་ཐོག་རང་ཉིད་ཀྱིས་ཇི་ལྟར་འགོ་རྩོམ་པ་དང་མཇུག་བསྡུ་བའི་དོན་དེ་ཁོ་ན་བསམ་པས་མི་ཆོག་པར་སློབ་མར་ཇི་ལྟར་སྦྱོར་དངོས་རྗེས་གསུམ་གྱི་བཤད་པ་ལྷུར་བླངས་ན་དམིགས་ཚད་དང་མཐུན་པའི་ཡར་སྐྱེད་བཟོ་ཐུབ་མིན་གྱི་སྐོར་ལ་བསམ་གཞིག་བྱེད་དགོས།

དགེ་རྒན་དང་སློབ་མའི་ཁྱབ་ཁོངས་ལ་ཐོན་ཚེ་དགེ་རྒན་ནི་སློབ་མའི་འགན་འཁུར་བ་ཡིན་ལ་སློབ་མ་ནི་སློབ་སྦྱོང་གི་འགན་འཁུར་བ་ཡིན། འགན་འཁུར་བའང་དྲིལ་བསྒྲགས་ཀྱི་འབོད་ཚིག་ཁོ་ན་ཞིག་མ་ཡིན་པར་དགེ་རྒན་གྱིས་སློབ་མའི་ཤེས་བྱ་དང་ཀུན་སྤྱོད་ཀྱིས་མཚོན་པའི་བདེ་འཇགས་དང་འཕྲོད་རྟེན། སེམས་ཁམས་ཀུན་ལ་ཁ་ཡ་བྱེད་དགོས་པ་མ་ཟད་ལྷག་པར་མི་སྤུས་མཐོར་འདེགས་གཏོང་དགོས། མི་སྤུས་དང་སློབ་སྦྱོང་གི་སྤྲོ་སྣང་བཟང་བོ་ཞིག་ཆགས་ཚེ་སློབ་སྦྱོང་གི་གྲུབ་འབྲས་ཇེ་མཐོར་འགྲོ་ཐུབ། དེ་ཙམ་མ་ཟད་དགེ་རྒན་རང་ཉིད་ཀྱིས་རང་གི་མི་སྤུས་དང་དགའ་སྐྱོ་ཆགས་སྡང་། ཀུན་སྤྱོད། ཡོན་ཚད་ལ་དོ་སྣང་དང་མཐོར་འདེགས་གཏོང་དགོས། སློབ་གསོའི་ལས་དོན་ཁྲོད་དགེ་སློབ་ལ་གཙོ་ཆེ་ཆུང་མེད་དེ་དགེ་རྒན་ནི་སློབ་མའི་རམ་འདེགས་པ་ཡིན་པ་དེས་དགེ་རྒན་ལྷོད་ཡངས་སུ་བསྡད་ཆོག་པའི་གནས་ལུགས་ཤིག་རྩ་ནས་བརྗོད་མེད་ལ་སློབ་མ་ཚོ་བག་མེད་དུ་སྡོད་ཆོག་པའི་རང་དབང་ཤིག་ཀྱང་ཡེ་ནས་བྱིན་མེད།

མི་ཚེ་ནི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་སྟེ་རང་གཤིས། ཁྱིམ་ཚང་དང་སློབ་གྲྭ སྤྱི་ཚོགས་ཀྱི་ལས་གནས་ཐོག་ནས་སྲོག་ཆགས་གང་གིས་ཀྱང་རྟག་ཏུ་མཁའ་དབུགས་གསར་བ་འབྱིན་རྔུབ་བྱེད་དགོས་པ་ནང་བཞིན་མི་དང་མིའི་བར་གྱི་འབྲེལ་བ། བྱ་བའི་དགོས་མཁོ། འཚོ་གནས་ཀྱི་གནོན་ཤུགས་དབང་གིས་ཤེས་ནུས་གསར་བ་ངེས་པར་བསྡུ་ལེན་བྱེད་དགོས་པ་ཡིན།

༢༠༡༤ལོའི་ཟླ༥ཚེས༢༧ཉིན་གྱི་དགོང་མོར་འབོས་སློབ་ཆུང་ནས་ཤར་མར་སྦྱར།