སོག་པོ་ནི་རྟ་ཐོག་གི་མི་རིགས་ཤིག་ཡིན་ཞེས་ཁོ་ཚོའི་ལོ་རྒྱུས་ཁྲོད་དུ་འང་གསལ་ཞིང་། རྟ་འཚོ་བ་དང་རྟ་ཤ་བཟའ་བ། རྒོད་མའི་འོ་མ་བཏུང་བ་སོགས་རྟ་རྐྱང་བར་བརྟེན་ནས་འཚོ་བ་རོལ་ཅིང་། རྟ་ཁོ་ནར་བརྟེན་ནས་སྒོ་ཟོག་ཏུ་བྱེད་ཀྱིན་ཡོད། དེ་ནི་སོག་པོ་དག་གི་བཞུད་ཟིན་པའི་མེས་པོའི་རྣམ་ཐར་རེད། དེང་སྐབས་དེ་ལྟར་འཚོ་བ་རོལ་མཁན་གྱི་སོག་པོ་བ་ཧ་ཅང་ཉུང་། དེ་ལ་དེང་རབས་ཀྱི་མཁས་པ་དག་གིས་རྟ་ཐོག་མི་རིགས་ཞེས་གླེང་གིན་ཡོད། སོག་པོ་དང་བསྡུར་ན་ཐུ་བྷོད་བ་དག་ལ་ནོར་ལུག་དང་ར་མ་སོགས་འཚོ་རྟེན་སྣ་ཚོགས་ཤིག་ཡོད། བཟའ་བཏུང་གི་རིགས་ལའང་ཤ་མར་ཐུད་གསུམ་དང་ཞོ་ཆུར་རྩམ་གསུམ་སོགས་ཡོད། སོག་པོ་དང་ཐུ་བྷོད་གང་ཡིན་རུང་བཞུད་ཟིན་པའི་མེས་པོ་དག་གིས་བཞེངས་པའི་ལོ་རྒྱུས་ཀྱི་རྡོ་རིང་མཐོན་པོ་རེད། འོན་ཀྱང་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་གསུངས་བ་བཞིན། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས།མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་ཐུབ་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་སེལ་མི་ཐུབ་པ་དངོས་གནས་རེད།སོག་པོ་དང་ཐུ་བྷོད་གང་ཡིན་ཡང་མཚུངས་ཆོས་ཤིག་ཡོད་པ་ནི་རྟ་ཐོག་ནས་མངའ་ཁོངས་རྒྱ་བསྐྱེད་ཅིང་། རྟ་ཐོག་ནས་སྙན་གྲགས་རྒྱས་པའི་མི་རིགས་གཉིས་ཡིན། ཐུ་བྷོད་བ་དག་ལ་རྒྱའི་ཡིག་ཚང་རྣམས་སུ་ནུབ་ཕྱོགས་ཀྱི་ཕྱུགས་སྐྱོང་བའི་མི་རིགས་ཞེས་ཀྱང་བྲིས་ཡོད། གང་ལྟར་ཁ་སང་དེ་རིང་རྟ་ཐོག་གི་མི་རིགས་འདི་གཉིས་འཇིག་ཉེན་གྱི་འཕྲང་ལམ་དུ་ཚུལ་འདུག འཇིག་ཉེན་གྱི་འཕྲང་ལམ་དུ་ཚུལ་བའི་རྒྱུ་རྐྱེན་གཙོ་བོ་འང་ཕྱོགས་གཅིག་ནས་མེས་པོའི་རྐང་ལམ་གྱི་རྟ་ཐོག་མི་རིགས་ཞེས་པའི་མཚན་སྙན་དེར་ཞེན་དྲག་པ་དང་། ཕྱོགས་གཞན་ཞིག་ནས་བལྟས་ན་རྟ་ཐོག་དུས་རབས་ཀྱི་བསམ་བློ་ཡིས་དེ་རིང་ཁ་སང་གི་དགོས་མཁོ་བསྐང་མ་ཐུབ་པ་རེད།རླངས་འཁོར་གྱི་རྗེས་སུ་གཡག་བཞོན་ནས་བརྒྱུགས་པ་དང་། གནམ་གྲུ་ཡི་རྗེས་སུ་རྟ་བཞོན་ནས་འདུར་བའི་བསམ་བློ་དེ་ལན་པ་རེད། ཁ་སང་དེ་རིང་རྟ་བཞོན་པའི་དུས་རབས་མཇུག་རྫོགས་ཏེ་རླངས་འཁོར་སོགས་འཕྲུལ་ཆས་ཀྱི་རིགས་བྱེད་སྤྱོད་བྱེད་བའི་དུས་རབས་ལ་སླེབས་སོང་།འོན་ཀྱང་ས་གནས་ཁ་ཤས་སུ་ད་དུང་ཡང་རྟ་རྒྱུག་འགྲན་བསྡུར་སྣ་ཚོགས་བྱེད་ཀྱིན་ཡོད།སྟོང་རྒྱུག་དང་ཁྲི་རྒྱུག འབུམ་རྒྱུག་སོགས་བྱེད་ཀྱིན་ཡོད། འདི་ནི་འཚེ་མེད་ཞི་བའི་དགོངས་དོན་དང་མི་མཐུན་ཞིང་།དུས་རབས་ཀྱི་དགོས་མཁོ་དང་མི་འཚམ་པ།རྗེས་ལུས་ཀྱི་རྣམ་པ་མཚོན་པ་སོགས་བསམ་བློ་གཏོང་དགོས་ས་གང་མང་ཞིག་ཡོད། མི་ཁས་ཀྱིས་འདི་ལ་ཤར་ནུབ་རྒྱལ་ཁབ་ཀྱི་བརྙན་འཕྲིན་འཆར་སྟེངས་སུ་འང་རྟ་རྒྱུག་འགྲན་སྡུར་མང་པོ་སྟོན་གྱིན་འདུག་ཟེར་ན།
དེ་ནི་གནས་ཚུལ་གཞན་ཞིག་སྟེ། ཁོ་ཚོས་ནི་འཕེལ་རྒྱས་ཀྱི་ཡང་རྩེ་ནས་སྲོལ་རྒྱུན་དག་ལ་རྩེད་མཚར་བྱེད་ཀྱིན་ཡོད། ཡང་འདི་ལ་མི་ཁ་ཤས་ཀྱིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་ཀྱིན་ཡོད་ཟེར་ན། དེ་ཡང་འདོར་ལེན་མ་ཤེས་པའི་སྐྱོན་ཞིག་སྟེ།རྙིང་བ་ཡོད་ཚད་ལྷ་རུ་བཀུར་བའི་ཕྱོགས་ལྷུང་གི་འཇིག་རྟེན་དུ་འཕྱན་ནོ།།
དུ་དུང་འདི་ལ་ཟུར་དུ་ཞུ་འདོད་པ་ཞིག་ནི། རྟ་རྩལ་འགྲན་པར་དགའ་བའི་གྲོགས་པོ་དག་གི་འདོད་མོས་ལ་རྡོག་བརྫིས་བྱས་པ་མིན་མོད། སོག་པོ་དང་ཐུ་བྷོད་ཟེར་བའི་མི་རིགས་ཆེན་པོ་འདི་གཉིས་ཀྱི་ལོ་རྒྱུས་ཉམས་ཆག་ལ་ཕྱིར་དྲན་ཙམ་བྱས་པ་ཡིན་ནོ།།

༼ཚིག་འགྲེལ།༽

༡༼ནུབ་ཕྱོགས་ཀྱི་ཕྱུགས་སྐྱོང་བའི་མི་རིགས་༽ཞེས་པ་ནི་ཐང་ཡིག་གསར་རྙིང་སོགས་རྒྱའི་ཡིག་ཚང་དག་ཏུ་བོད་ལ་དེ་ལྟར་བྲིས་ཡོད་ཅིང་།དེའི་རྒྱུ་མཚན་ནི་ཐུ་བྷོད་དག་ཁྲང་ཨན་ནུབ་ཕྱོགས་སུ་གནས་ཤིང་། ཕྱུགས་སྐྱོང་བའི་མི་རིགས་ཡིན་ཟེར།
༢༼རྟ་ཐོག་གི་མི་རིགས་༽ཞེས་པ་ནི་སོག་པོ་རང་ཉིད་ཀྱི་ལོ་རྒྱུས་སུ་དེ་ལྟར་བྲིས་ཞིང་། འཛམ་གླིང་གི་མི་རིགས་ཆེན་པོ་དག་གིས་ཀྱང་སོག་པོ་ལ་དེ་ལྟར་འབོད།
༣༼ཐུ་བྷོད་༽ནི་བོད་ཀྱི་གནའ་བོའི་མིང་ངམ་བརྡ་རྙིང་ཞིག་ཡིན་ལ། རྒྱ་ནག་གིས་(吐播)ཞེས་བྲིས་ཡོད།

2014 6 21ཉིན་ཕིན་ཨན་དུ།