(གཅིག)

ཁྲག་ཐིགས།  རྔ་པ།

སྔོན་དུ་བཤད་པ།

གཅིག་ཏུ་ཐོག་མར་ཁོ་བོས་རྩོམ་བྱང་འདི་འདྲ་ཞིག་འདེམ་དགོས་པའི་རྒྱུ་མཚན་ནི།དགོན་སྡེའི་སྲོལ་རྒྱུན་པ་དག་རླུང་ལངས་ཏེ་འཆི་གསོན་གྱི་གདམ་གའི་གནས་སུ་བསྐྱལ་འདོད་པས་ཡིན། གཉིས་སུ་སྐད་ཆའི་ཁ་བཙོག་པོར་བསྒྱུར་ཏེ་བཤད་ན། འབོལ་རྩོམ་གྱིས་ནི་གཞན་ལ་དགྲ་ཤ་ལེན་པ་ལྟ་བུའི་སྒང་ནས་ཕ་རོལ་བོར་ངར་ཤུགས་དང་ཞེ་སྡང་བསླངས་ཏེ་འདུ་ཤེས་ཀྱི་སྒྲིབ་ཡོལ་ནག་པོ་མཐའ་དག་ལ་གཡོ་བསྐྱོམས་གཏང་བ་རྩ་གནད་དུ་འཛིན་པས་ཡིན།གསུམ་དུ་དགོན་སྡེ་ནི་ངེས་འབྱུང་རྙེད་ཅིང་བཙལ་བའི་ཁྱིམ་མེད་གྲྭ་པ་དག་ཁོ་ན་འདུག་གནས་ལས་འཇིག་རྟེན་གྱི་བདེན་དགེ་མཛེས་གསུམ་དང་ཉེ་རིང་ཆགས་སྡང་གཞི་རྩར་འཛིན་པའི་མི་དག་སྡོད་གནས་ལར་མིན་པས་ཡིན།

མི་ལ་ལྷན་སྐྱེས་སུ་འཇིག་རྟེན་གྱི་བདེན་དགེ་མཛེས་གསུམ་ལོངས་སུ་སྤྱོད་པའི་འདོད་ཆགས་ཆེ་ཞིང་།གཉེན་དགའ་དགྲ་སྡང་གི་ཉེ་རིང་མངའ།མ་ཟད།ཁྲག་ལན་ཁྲག་གིས་ལེན་པའི་ཞེ་སྡང་དང་མི་རིགས་དང་ས་ཁོངས།ཁྱིམ་ཚང་དང་ཡུལ་ཕྱོགས་སོགས་ཀྱི་ཕྱོགས་ཞེན་ཡང་ཆེ།འདི་ནི་གཟུགས་ཅན་གྱི་སྲོག་བཅས་ནས་གཟུགས་མེད་བར་གྱི་ཆོས་དང་དངོས་པོ་གང་གིས་ཀྱང་མི་དགེ་བ་”སྡིག་པ་”རུ་བསྒྲུབ་མི་ནུས།དེ་བས།མི་ལ་ལྷན་སྐྱེས་སུ་ཡོད་ཅིང་གཉུག་གཤིས་ཀྱི་དྭངས་ཆར་འབྱར་བའི་ཉེ་རིང་ཆགས་སྡང་གི་གཤིས་དང་ལྡན་པ་ནི་ནང་པའི་མཚན་ཉིད་རིག་པའི་གཞུང་གི་བཤད་ཚུལ་དུ་སྨྲས་ན་མི་ཡི་ཆོས་ཉིད་ཡིན་ཞིང་།ཁོ་བོ་རང་གི་ངག་ཏུ་སྨྲས་ན་འདི་དག་ནི་འཇིག་རྟེན་བཀོད་པ་པོས་བཀོད་པ་དེ་རེད།དེའི་ཕྱིར།མི་ལ་ལྷན་སྐྱེས་སུ་ཡོད་པའི་ཉེ་རིང་ཆགས་སྡང་གི་གཤིས་ཀ་གང་དག་དངོས་ཤུགས་བརྒྱུད་གསུམ་དང་མངོན་ལྐོག་གང་རུང་ནས་སྐབས་དང་སྐབས་སུ་མི་ཡི་འཚོ་བའི་ཁྲོད་ནས་ཕྱི་ལ་མངོན་དགོས་ཤིང་དེ་ནི་མངོན་འོས་པ་ཞིག་ཀྱང་རེད།འོན་ཏེ།དགོན་སྡེ་ནི་མི་ཡི་ལྷན་སྐྱེས་དེ་དག་ལ་གཞོག་གཏུབ་དང་གཏོར་བཅོམ།གཤེགས་པ་དང་འཇོམས་པ་སོགས་ཀྱི་ལས་གཞི་སྤེལ་བའི་ལྟེ་གནས་ཤིག་ཡིན་ན།ཁོ་བོས་དགོན་སྡེ་ནི་”མི་གསོད་”པའི་ལྟེ་གནས་ཤིག་ཏུ་ངོས་འཛིན་པའི་རྒྱུ་མཚན་གཙོ་བོ་ཞིག་ཀྱང་འདི་ཡིན།

མི་ནི་ཨ་མའི་མངལ་ནས་ལྷུང་མ་ཐག་ནས་སྐྱོན་ཡོན་གཉིས་དང་ལྡན་པའི་སྲོག་བཅས་གཞི་གྲུབ་ཀྱི་འདུས་བྱས་ཤིག་ཏུ་ངེས་ཤིང་།དེ་ཡང་མི་ཡི་ལྷན་སྐྱེས་རེད།ལྷན་སྐྱེས་གང་ལ་འབད་པ་ཅི་ཙམ་བསགས་ཀྱང་རྔུལ་ཆུ་ཅི་ཙམ་བཏོན་ཡང་རྩད་ནས་བཅོས་ཤིང་བསྒྱུར་བ་ནི་རབ་ཏུ་དཀའ་ཞིང་དེ་ནི་མི་སྲིད་པ་ཞིག་རེད།མ་ཟད།ལྷན་སྐྱེས་གང་ལ་བཟོ་བཅོས་བརྒྱབ་སྟེ་མི་ནི་ཡོན་ཏན་ཁོ་ནས་བརྒྱན་པ་ཞིག་དང་སྐྱོན་གཅིག་པུས་ཁེབས་པ་ཞིག་ཏུ་བསྒྱུར་བ་ནི་མངོན་རྗེས་གང་གི་རིགས་པས་ཀྱང་གཞར་ཡང་བསྒྲུབ་ཐུབ་པ་མ་ཡིན།དེ་བས།མི་ནི་དཀར་པོ་ཆིག་རྐྱང་ཞིག་ཏུ་བསྒྱུར་ཐུབ་པའི་གཞུང་ལུགས་དང་ལྟ་བ་གང་ལ་མཚོན་ཡང་སྐྱག་རྫུན་འབའ་ཞིག་རེད་ལ།གཞུང་ལུགས་དང་ལྟ་བ་གང་དག་ཁས་ལེན་པའི་མི་དག་ནི་རང་གི་རིགས་ཤེས་ཀྱིས་གཞལ་མི་སྤོབས་པར་ནམ་ཡང་གཞན་རྗེས་ཁོ་ནར་འབྲངས་པའི་”བླུན་པོ་ཆུ་སྣ་གར་ཁྲིད་”ཀྱི་རིགས་དང་།རྨོངས་དད་ནག་པོའི་དུད་སྤྲིན་གྱིས་གཡོགས་པའི་ཤེས་རབ་མེད་པའི་མི་དག་གི་རིགས་ཁོ་ན་རེད།རེད་དེ།དགོན་སྡེ་ནི་དངོས་ཡོད་ཀྱི་བདེན་དཔང་ཏིལ་ཙམ་ཡང་བསྟན་རྒྱུ་མེད་པར་མི་ནི་དཀར་པོ་ཆིག་རྐྱང་དུ་བསྒྱུར་ཐུབ་པའི་སྐྱག་རྫུན་གྱི་གཞུང་ལུགས་དང་ལྟ་བ་གང་དག་ཁྱབ་སྤེལ་དང་སྒྲོག་སྦྱང་བྱེད་པའི་ལྟེ་གནས་ཤིག་ཡིན་ན།ཁོ་བོས་དགོན་སྡེ་ནི་”མི་གསོད་”པའི་ལྟེ་གནས་སུ་སྨྲ་བའི་རྒྱུ་མཚན་གྱི་ཟུར་གཅིག་འདི་ཡང་ཡིན།

མི་ནི་དཀར་པོ་ཆིག་རྐྱང་ཞིག་ཏུ་གཏན་བཟོ་མི་ཐུབ་ཅིང་།བརྒྱ་ལ་བཟོ་ཐུབ་པའི་དབང་དུ་བཏང་ཡང་།དཀར་པོ་ཆིག་རྐྱང་གིས་གྲུབ་པའི་ཆོས་གང་ནི་མི་རུ་ལར་ངོས་འཛིན་ཐབས་མེད།     རེད་དེ།མདོར་བསྡུས་ན།དགོན་སྡེ་ནི་མི་ཡི་ལྷན་སྐྱེ་སུ་ཡོད་ཅིང་ཡོད་པར་འོས་པའི་ཉེ་རིང་ཆགས་སྡང་གི་གཤིས་ཀ་དག་གཏུབ་ཅིང་གཞོག་པ།གཤེགས་ཤིང་བཅོམ་པའི་ལས་གཞི་ཁོ་ནར་འབད་ཡུལ་ཞིག་སྟེ།མི་ཡི་ལྷན་སྐྱེས་གང་དག་མི་དགེ་བ་དང་སྡིག་པ་རུ་བསྒྲུབ་པའི་ཡུལ་ཞིག་ཡིན།དེ་ཡང་།ལྷན་སྐྱེས་གང་དག་གཞོག་གཏུབ་བཅོམ་གསུམ་བྱས་ཏེ་ཕྱིའི་ཀུན་སྤྱོད་ཀྱི་ཆ་ནས་”ཚུལ་འཆོས”གཙོ་བོར་འཛིན་ཞིང་།ལྟ་བ་དང་ཕུགས་བསམ་སོགས་ཀྱི་ཐད་ནས་མི་ནི་”དཀར་པོ་ཆིག་རྐྱང་”དུ་བསྒྱུར་བའི་སེམས་ཁམས་གཙོ་བོར་འཛིན་པའི་ཡུལ་ཞིག་རེད།དེ་བས།དགོན་སྡེ་ནི་མཐར་དེད་ན་”མི་གསོད་”པའི་ལྟེ་གནས་འཇིགས་སུ་རུང་བ་དེའོ།།

༢༠༡༤/༩/༦ལ་རྩོམ་ཐུང་འདི་ནི་ནུབ་བྱང་ཚང་གི་སྒོ་འགྲམ་ཞིག་ཏུ་ཁྲག་ཐིགས་སུ་འབོད་པ་དེས་དེང་རབས་ཀྱི་ཀུ་ཤུ་ཁ་པར་དུ་སྦྱར་བ་དགེའོ།།