ཁྲག་ཐིགས། རྔ་པ།

ཁོ་བོར་མཚོན་ན་ནི། ད་སྐབས་དཔེ་ཀློག་མང་ཙམ་བྱས་ཏེ། སྐད་ཆ་བཤད་པ་དང་།རྩོམ་ཡིག་འབྲི་བ།ལྟ་ཚུལ་བཤད་པ་སོགས་ཉུང་ཙམ་བྱེད་པའི་དུས་ཤིག་ཡིན།འོན་ཏེ།ལང་ཚོའི་ངར་ཤུགས་སམ། གཞོན་པའི་སེམས་ཤུགས་ཀྱིས་བསླངས་པའི་གཞན་སུ་ལའང་ཆེར་མི་བསྟུན་པའི་སྤོབས་སེམས་དེས།རང་རེའི་མཁས་པ་རུ་གྲགས་པ་དང་།དཔྱོད་ཤེས་པ་རུ་བཏགས་པའི་རྒན་གཞོན་ཐོས་པ་ཅན་དག་གི་གཏམ་བཤད་དང་འཆད་འཁྲིད། བརྩམས་ཆོས་དང་ཟིན་བྲིས་སོགས་ལ་མཇལ་ཐེངས་རེར་ཁོང་ཅག་གི་ལྟ་བ་དང་གསུངས་ཕྱོགས་ཀྱི་ལྡོག་ཟླར་ལངས་པའི་རང་ལའང་ལྟ་ཚུལ་ཞིག་དང་རང་ཉིད་ལའང་གཞིག་ཚུལ་དང་འདང་རྒྱག་ཚུལ་ཞིག་ཡོད་ན།སྲིད་དོན་པ་འཇམ་ནོར་ལགས་ལ་ཁོ་བོར་ལྟ་ཚུལ་ཐུང་ངུ་ཞིག་ཡོད་པ་དེ་རེད།
(༡)
ཆ་འཕྲིན་སྟབས་བདེ་ཅན་གང་གི་དྲིན་ལས།དེ་རིང་ནི་བྱེས་བཞུགས་སྲིད་དོན་པ་འཇམ་དབྱངས་ནོར་བུ་ལགས་ཀྱིས་བསྒྱུར་སྒྲིག་གནང་པའི་《ཨེ་ཟི་རལ་གྱི་རང་བཙན་འཐབ་རྩོད》ཅེས་པའི་གློག་རྡུལ་འཕྲུལ་དེབ་ཅིག་ལ་བལྟ་བའི་གོ་སྐབས་རག དེ་བས། ལོ་འགའི་ཡར་སྔོན་དུ་འཇམ་ནོར་ལགས་ནི་བོད་ཀྱི་སྲིད་དོན་པ་གྲགས་ཅན་ཞིག་ཡིན་པ་གོ་མྱོང་བ་དང་གཅིག མི་ཁ་བརྒྱུད་དེ་གོ་བའི་ཁོང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་གཉིས། རྔ་པར་ཆེད་བྲིས་ཀྱི་རྩོམ་ཡིག་ཅིག་ཡོད་པར་གོ་བའི་ཞེན་ཕྱོགས་དང་གསུམ་གྱི་རྐྱེན་པས།རང་ཚོད་ཀྱིས་ཁོང་གིས་བསྒྱུར་སྒྲིག་གནང་པའི་འཕྲུལ་དེབ་གང་ལ་གཟབ་ནན་གྱིས་བལྟ་ཁུལ་བྱས་པ་ཡིན་ལ།ཨེ་ཟི་རལ(ཡ་ཧུ་དཱ་པ)ནི་རླབས་ཆེ་བའི་མི་རིགས་ཤིག་ཡིན་པ་སྔར་ནས་གོ་མྱོང་ཡོད་ལ།ཁོང་གིས་བསྒྱུར་སྒྲིག་གནང་པའི་དེབ་གང་ལས་ལྷག་པར་ཨེ་ཟི་རལ་གྱི་མི་རིགས་འདིའི་སེམས་ཤུགས་དང་སྙིང་སྟོབས་སོགས་ལ་སྣོལ་མའི་གོ་བ་ཞིག་ཐོབ་སོང་སྟེ།གཏུམ་དྲག་སྒེར་གཅོད་པ་ཆེན་མོ་ཞི་ཐི་ལིས་དུག་རླངས་སོགས་སྤྱད་ནས་ཨེ་ཟི་རལ་གྱི་མི་རིགས་ས་ཡ་དྲུག་དམར་གསོད་བཏང་ཡང་།ཁོ་ཚོའི་མི་རིགས་འདི་འཇིག་རྟེན་ནས་མེད་པར་གྱུར་མི་འདུག་ལ།མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་དྲང་བཞག་གི་རྒྱབ་སྐྱོར་མ་བྱས་ནའང་།ཁ་ཆེའི་དྲག་པོའི་དམག་དཔུང་དང་འཐམ་པས་རང་སའི་བདག་དབང་དང་རང་བཙན་བླངས་པ་སོགས་ཏེ།རང་གི་རྐང་བ་ཁོ་ན་ལ་བརྟེན་ཏེ་རང་ཉིད་ཀྱི་འཚོ་གནས་མདུན་ལམ་རྙེད་པ་སོགས་གནས་ཚུལ་འགའ་གསར་དུ་ཤེས་ཤིང་རྟོགས་པས་ཡིན།དེ་བས།ལྟོས་བཅས་སུ་རང་ལ་བློ་བསྐྱེད་མི་དམན་པ་ཐོབ་སོང་།འོན་ཏེ།ང་ནི་ཁོང་གི་དགོངས་ཚུལ་གྱི་ཟུར་གཅིག་ལ་རྦད་དེ་མི་འཐད། དགོངས་ཚུལ་གང་ལ་ཞེ་ན།ཁོང་གིས་ཨེ་ཟི་རལ་མི་རིགས་ཀྱིས་མགོན་མེད་སྐྱབས་མེད་ཀྱི་དཀའ་སྡུག་གི་འཚོ་བ་རོལ་རོལ་བའི་མཐའ་མར་ཨེ་ཟི་རལ་མི་རིགས་ལ་རང་བཙན་ཐོབ་པའི་རྐྱེན་གཙོ་བོ་གཉིས་བགྲང་ཡོད་པར་སྣང་ལ།དང་པོ་ལ་ནི་ཁོ་བོའང་འཐད་ཅིང་དེ་ལྟར་ཡིན་ཡང་ཡིན་ཞིང་།ཡིན་འོས་སུའང་སྙམ་སྟེ། རྐྱེན་དང་པོ་ལ་ནང་གི་རྡོག་རྩ་གཅིག་སྒྲིལ་གྱི་སྟོབས་ཤུགས་གང་བགྲང་འདུག་སྟེ།དམག་མིའི་གྲངས་འབོར་གཅིག་པུའི་ཐད་ནས་བཤད་ནའང་།ཨེ་ཟི་རལ་གྱི་དམག་མི་གཅིག་གིས་ཁ་ཆེའི་དམག་མི་ཉི་ཤུ་ལ་ངོ་ཡ་བྱེད་དགོས་འདུག ཡིན་ཡང་།ཁོ་ཚོའི་རྡོག་རྩ་གཅིག་སྒྲིལ་གྱི་སྟོབས་ཤུགས་གང་གིས་ཁ་ཆེ་ཕམ་པར་བྱས་པ་དེ་རེད།འདི་ལ་བརྗོད་མ་ཐག་ལྟར་ཁོ་བོ་ཡང་རབ་ཏུ་འཐད་ཅིང་།ལྟ་ཚུལ་འདི་འདྲ་ནི་ཁྱབ་སྤེལ་བྱ་ཡང་འོས་སོ་ཞེས་བརྗོད་འདོད། འོན་ཏེ། ཨེ་ཟི་རལ་མི་རིགས་ལ་རང་བཙན་ཐོབ་པའི་རྐྱེན་ཕྱི་མ་སྟེ།ཨེ་ཟི་རལ་མི་རིགས་ལ་མི་རིགས་སྤྱི་ཡི་དོན་དུ་སྒེར་བློས་གཏང་ཐུབ་པའི་སྤོབས་སེམས་ཡོད་ཅིང་།སྤྱི་ལ་འཐམ་པའི་རྒྱལ་གཅེས་ཀྱི་སེམས་སོགས་ཡོད་པས་རེད་ཟེར།ཨེ་ཟི་རལ་མི་རིགས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་འཕངས་ན་དེ་ལྟར་ཡིན་ཡང་སྲིད་མོད།དེ་ལྟའི་ལྟ་ཚུལ་ཁྱབ་སྤེལ་བྱས་པ་ལ་ནི།ཁོ་བོ་ལར་འཐད་པ་མེད་དེ།ཁོང་གི་དགོངས་ཚུལ་ལྟར་ན།མི་བུ་སྒེར་ནི་ཐབས་དང་ཡན་ལག་ཏུ་བལྟ་ཞིང་།རྒྱལ་ཁབ་དང་མི་རིགས་སོགས་ནི་རྩ་བ་དང་དམིགས་ཡུལ་བྱེད་པ་དེ་རེད། དེ་བས།ང་ནི་ཁོང་གི་དགོངས་ཚུལ་གང་ལ་མི་འཐད་དེ།ཁོ་བོ་ནི་ཡོངས་ཁྱབ་རིན་ཐང་ལ་བསླབ་པ་ལམ་དུ་ཆས་བཞིན་པའི་སྐབས་ཤིག་ཡིན་མོད།ཡོངས་ཁྱབ་རིན་ཐང་གིས་ནི་མི་བུ་སྒེར་དམིགས་ཡུལ་དང་རྩ་བ་རུ་འཛིན་ཞིང་།རྒྱལ་ཁབ་དང་མི་རིགས་སོགས་ཏེ་སྤྱི་བམ་པོ་དག་ནི་ཡན་ལག་དང་ཐབས་སུ་བལྟ་ཞིང་འཛིན་པ་དེ་རེད།ལྷག་དོན།མི་རིགས་དང་རྒྱལ་ཁབ་སོགས་རྩ་བ་དང་དམིགས་ཡུལ་དུ་འཛིན་པ་ནི་ཉེན་ཁ་ཞིག་སྟེ།སྤྱི་བམ་པོ་གང་དག་ཁ་ལ་བཟུང་སྟེ།སྒེར་གཅོད་བྱེད་སླ་སྟེ།སྒེར་གཅོད་དབང་འཛིན་པ་སུ་ཞིག་གིས་རང་གི་ལྡོག་ཕྱོགས་སུ་ལངས་པའི་མི་ཡི་ཤེས་ནུས་འཇོན་གསུམ་དང་།གནས་ལུགས་སོགས་ལ་མ་དོ་ན།དེས་ནི་ཕ་རོལ་གང་དེ་ལ་ཞྭ་སྟབས་བདེ་ཞིག་བཟོ་བ་སྟེ།རྒྱལ་ཁབ་གཏོར་བརླག་པ་དང་།མི་རིགས་གཡོ་བཙོང་བ་སོགས་ཀྱི་ཉེས་མིང་གིས་བསྙད་དེ།ཕ་རོལ་གསོད་སླ་བ་མ་ཡིན་ནམ།དེ་བས།མི་རིགས་དང་རྒྱལ་ཁབ་རྩ་བར་འཛིན་པའི་སློབ་གསོ་ནི་ཉེན་ཁ་དང་འཇིགས་སུ་རུང་བ་ཞིག་མ་ཡིན་ནམ། མདོར་ན།ནུས་པ་ཅན་གྱི་མི་དག་གིས་དགོངས་ཚུལ་ལོག་པའི་རིགས་ཁྱབ་སྤེལ་བྱ་བ་ནི།མི་རིགས་སམ་ཚོགས་སྤྱི་དེའི་འཚོ་གནས་མདུན་ལམ་ལ་འབྲེལ་བ་དམ་ཟབ་ཡོད་པས།མི་ཆེན་དག་གིས་མི་རིགས་དང་ཚོགས་པ་ཞིག་ལ་མཚོན་ན།གང་ཞིག་ཡན་ལག་དང་གང་ཞིག་རྩ་བ་རུ་འཛིན་དགོས་མིན་སྐོར་ལ་བློ་ཞིབ་མོས་དཔྱད་ཅིང་རིགས་པ་ཕྲ་མོས་དཔྱད་པ་ནི་ཅི་བས་ཀྱང་གལ་ཆེའོ།།
2014/2/5