དེང་སྐབས་ཆེ་སར་གྲོང་ཁྱེར་དང་ཆུང་ས་རི་ཁུད་ཡན་ཆད་ནས་ཕོ་མོ་འདྲ་མཉམ་ཟེར་བའི་མིང་བརྡ་འདི་འུར་མཁན་ཤིན་ཏུ་མང་། ཐ་ན་འཇིག་རྟེན་ལ་བློ་ཁ་ལོག་ཡིན་མོལ་མཁན་གྱི་བཙུན་པ་ཆོས་གོས་ཅན་རེ་ཟུང་གིས་ཀྱང་ཉིན་མཚན་མང་པོ་ཞིག་དང་ལོ་ཟླ་གྲངས་མང་ཞིག་ལ་བུད་མེད་ཀྱི་ཐོབ་ཐང་ངམ་ཕོ་མོ་འདྲ་མཉམ་སོགས་ཆོས་རའི་རྡོ་གཅལ་སྟེང་ཡན་ཆད་དུ་རྩོད་ཀྱིན་ཡོད་སྐད་འདུག

སྤྱིར་འདྲ་མཉམ་དང་ཐོབ་ཐང་ངོས་ཟིན་ནས་དེ་ལ་རྩོད་ལན་བྱེད་རྒྱུ་ནི་དགའ་འོས་པའི་དོན་ཆེན་དང་ཡི་རང་ཞུ་དགོས་པའི་གནས་ཚུལ་བཟང་པོ་ཞིག་ཀྱང་ལོས་ཡིན། ཡིན་ན་ཡང་། ཡིད་སྐྱོ་བ་ཞིག་ལ་འདྲ་མཉམ་དང་ཐོབ་ཐང་གླེང་མཁན་མང་ཆེ་བ་ཞིག་ལ་འདྲ་མཉམ་དང་ཐོབ་ཐང་གི་གོ་རྟོགས་སད་མེད་པར་མ་ཟད་དེ་དག་གི་རྒྱུན་ཤེས་རགས་པ་ཙམ་ཡང་མེད་སྐད་འདུག

སློབ་སྦྱོང་གི་བརྒྱུད་རིམ་དང་སྤྱི་ཚོགས་ཀྱི་གོ་རྟོགས་སོགས་གང་ཐད་ནས་རང་རྐྱ་ཐུབ་མཁན་གྱི་སྐྱེས་མ་བུད་མེད་ཀྱི་ཐོབ་ཐང་གླེང་མཁན་དག་གིས་ཀྱང་ཡུལ་སྡེ་ཕྱོགས་རེ་བའི་དཀའ་ཁག་ཡོད་པའི་མོ་དུད་རེ་འགའི་དཀའ་ཁག་གླེང་བ་ལས་གནད་ཀྱི་རྩ་བ་བོད་ཀྱི་བུད་མེད་རྣམས་ཀྱི་ཞན་ཆ་བུད་མེད་ཀྱི་རང་སྟེང་ན་ཡོད་པའི་ནུས་ཤུགས་མི་འདང་ས་དང་ནུས་ཤུགས་གོང་འཕེལ་ཇི་ལྟར་གཏོང་ཚུལ་སོགས་གླེང་གིན་མི་འདུག

འདྲ་མཉམ་དང་ཐོབ་ཐང་ནི་ནུས་ཤུགས་ཀྱི་སྟེང་ནས་ཡོང་དགོས་པ་ཞིག་ལས་སྐད་ཅོར་མང་པོ་རྒྱག་པ་ཙམ་གྱིས་རེག་ཡོང་རྒྱུ་ཞིག་དང་སྡུག་སྨྲེ་མང་པོ་བཏོན་པས་འགྲུབ་ཡོང་རྒྱུ་ཞིག་མེད་པ་ཧ་ཅང་གསལ། ཆེས་གལ་ཆེ་བ་ལ་སྔོན་ཆད་ལྷ་སྒྲུང་ནང་དུ་རྟོག་བཏགས་ཀྱི་སྐྱེས་མ་རླབས་ཆེན་འགའ་བྱུང་ཡོད་ཚུལ་དང་སྐྱེས་མ་མེད་ཚེ་མི་རིགས་དང་དམ་པའི་སྐྱེས་ཆེན་འབྱུང་སྲོལ་མེད་ཚུལ་སོགས་མོལ་ནས་ཐོབ་ཐང་གོ་ལོག་ཉི་ཚེ་བ་འགའ་བརྩད་ནས་འུར་སྒྲོག་བྱེད་པ་ལས་ནུས་ཤུགས་མཐོར་འདེགས་བྱས་ནས་རང་ཉིད་འགྱེལ་ས་ནས་ཡར་ལངས་རྒྱུའི་ཕྱོགས་ལ་གོམ་པ་སྤོ་ན་མི་ལེགས་སམ།

མ་གཞི་ནས་འདྲ་མཉམ་དང་ཐོབ་ཐང་ནི་རང་ཉིད་ཀྱི་ནུས་ཤུགས་མཐོར་འདེགས་བྱས་ནས་ད་གཟོད་ཡོང་རྒྱུ་ཞིག་ཡིན་པ་ལས་རང་ཉིད་ཀྱི་གནས་བབ་སྐྱ་བོ་དག་གླེང་ནས་དབུལ་པོས་ཟས་ལྷག་སློང་བ་བཞིན་འདྲ་མཉམ་དང་ཐོབ་ཐང་ནི་བསླངས་ནས་རེག་རྒྱུ་ཞིག་མེད་སྐད་འདུག ལར་འདྲ་མཉམ་དང་ཐོབ་ཐང་མེད་པའི་སྤྱི་ཚོགས་ན་དཀའ་སྡུག་དང་མནར་གཅོད་ལ་མགོ་བོ་མི་སྒུར་བའི་དམ་པའི་སྐྱེས་བུ་བྲག་རི་འདྲ་བ་འགའ་བྱུང་མྱོང་ཡོད་མོད། འདྲ་མཉམ་དང་ཐོབ་ཐང་མེད་པའི་འུ་ཚོའི་བོད་ཀྱི་བུད་མེད་ཚོའི་ནང་དུ་ལྷ་སྒྲུང་དང་རྟོག་བཏགས་ཀྱི་ལོ་རྒྱུས་ནང་སྐྱེས་མ་ཡ་མཚན་རེ་འགའ་ལས་བྱུང་མྱོང་མེད་པ་འདི་ཡང་འདྲ་མཉམ་གྱི་གོ་རྟོགས་དང་རྒྱུན་ཤེས་སོགས་ལ་ཤེས་རྟོགས་མེད་པའམ་གོ་ལོག་བྱུང་བས་ལན་པ་ལོས་ཡིན་སྙམ།

ད་ལོ་ཡང་འཇིགས་སྣང་དང་ཡི་མུག རེ་སྙེག་ཟད་ས་ཕོ་མོ་འདྲ་མཉམ་གྱི་གནས་བབ་སྐྱོ་སའི་པཱ་ཀི་སི་ཐན་གྱི་ལྷོ་བྱང་གྱི་མན་གྷོ་ར་ཞེས་པའི་རི་ཁུད་ཆུང་ཆུང་ཞིག་ནས་ལོ་ན ༡༧ ཡིན་པའི་མཱ་ལཱ་ལཱ་ཟེར་བའི་བུ་མོ་ཆུང་ཆུང་ཞིག་གིས་ང་ཚོས་དེབ་དང་སྨྱུ་གུ་ལག་ཏུ་འཁྱེར་དགོས། དེ་དག་ནི་སྟོབས་ཤུགས་ཆེ་ཤོས་ཀྱི་མཚོན་ཆ་ཡིན། དེབ་གཅིག་གིས་འཛམ་གླིང་ལ་འགྱུར་ལྡོག་གཏོང་ཐུབ།་ཟེར་ཞོར་འདི་ལོའི་ནོ་བྷེ་ཞི་བདེའི་གཟེངས་རྟགས་ཁྱེར་ནས་བུད་སོང་།

ང་ཚོས་མ་འོངས་པའི་རེ་བ་བྱེད་ས་བོད་ཀྱི་བུད་མེད་སློབ་གཉེར་བའི་ཁྲོད་དུ་བསླབ་དེབ་མ་ཡིན་པའི་དཔེ་དེབ་ལེགས་པོ་བཅུ་ཙམ་ཞིབ་ཚགས་ངང་བཀླགས་མྱོང་མཁན་ག་ཚོད་ཡོད་དམ། རྩོམ་དེབ་ལེགས་པོ་གཅིག་ཙམ་འཁྱོངས་ཡོད་མཁན་ཅི་ཙམ་ཡོད་དམ། དེ་དག་ལ་ཡང་བསམ་གཞིག་ནན་མོ་རེ་བྱོས་དང་། སྐབས་ལན་རེ་དེ་དག་གིས་ཀྱང་གནས་ལུགས་ཆུང་ཆུང་མདུན་དུ་འཁྱེར་ཡོང་། མདོར་ན། ངས་བཤད་འདོད་པ་ནི། རོགས་བྱེད་ནས་འདྲ་མཉམ་ཡོང་རྒྱུ་ཡོད་རེད་སྙམ་མཁན་དང་། ཡང་ཁ་ཅིག་གིས་རང་ཉིད་ཀྱི་གནས་བབ་སྐྱ་བོ་གླེང་ནས་ཐོབ་ཐང་སློང་རྒྱུའི་ཟོལ་འདྲ་སྟོན་མཁན་དག་གིས་ཐབས་ལམ་ནོར་འདུག་ཟེར་རྒྱུ་དེ་དང་། གལ་སྲིད་འུར་འདྲོགས་ཙམ་མ་ཡིན་པའི་ཁ་མིན་སེམས་ཀྱི་གཏིང་ནས་འདྲ་མཉམ་དང་ཐོབ་ཐང་ལ་དགའ་མོས་ཡོད་ན་བུད་མེད་རྣམས་ཀྱིས་རང་ངོ་ཟིན་རྒྱུ་དང་རང་ཉིད་ནས་མགོ་བརྩམ་རྒྱུ། འདྲ་མཉམ་དང་ཐོབ་ཐང་སོགས་ཀྱི་གོ་རྟོགས་རགས་ཙམ་རེ་སད་རྒྱུ་དང་དེ་དག་གི་རྒྱུན་ཤེས་ཕྲན་ཙམ་རེ་ཨེ་ཤེས་ལ་འབད་རྒྱུ་ནི་འདྲ་མཉམ་དང་ཐོབ་ཐང་སོགས་ཀྱི་རྨང་གཞི་ལྟ་བུ་རེད་འདུག་པས་ཚང་མས་ལམ་གྱི་འཇུག་ལྡོག་ཤེས་རྒྱུ་གལ་ཆེ་སྙམ། ལྷག་ཏུ་བུད་མེད་རྣམས་ཀྱིས་རང་སྟེང་གི་ཞན་ཆ་དག་དོར་ནས་རང་ཉིད་ཀྱི་ནུས་ཤུགས་གོང་འཕེལ་གཏོང་རྒྱུ་ལས་གལ་ཆེ་བ་ཞིག་མེད་སྙམ་མོ།།