ཉེ་སྔོན་ངས་གླུ་བ་ནམ་མཁའི་པར་ཞིག་མཐོང་བ་ན་དེའི་གམ་དུ་མགོ་བོ་དུལ་དུལ་བྱེད་མཁན་ཚོ་ཁོང་དགོད་དང་བཅས་སྐད་ཆ་ཞིག་བཤད་པ་དེ་རླུང་གིས་སྤུར་ནས་མི་འགའ་རེ་ལ་ཕོག་ཐུགས་བཟོས་ཡོད་ས་རེད། ཡིན་ཙང་ཁྱོད་ཚོས་ཅུང་ཟད་ཧ་མ་གོ་བ་འདྲ། ངས་བཤད་ས་ངོ་མ་བོ་ཅོལ་ཆུང་དེ་ཚོ་ཡིན་པ་ལས་གླུ་བ་མིན་མོད། འགའ་རེས་ཁྱོད་གླུ་བ་མིང་གྲགས་ཅན་ལ་མ་དགའ་བས་ཕྲག་དོག་རེད་ཟེར།

བོད་ཀྱི་རྡུང་ལེན་པ་གྲགས་ཅན་ནམ་མཁའ་ལགས།

བོད་ཀྱི་རྡུང་ལེན་པ་གྲགས་ཅན་ནམ་མཁའ་ལགས།

ད་དུང་མང་བོ་སྒེར་ལ་བསྐུར་ཡོང་གི། བྱས་ཙང་། ལན་སྟབས་བདེ་ཞིག་འདེབས། སྤྱིར་ན་ང་ཚོ་བོད་ཀྱི་དཀྲོལ་ལེན་གྱི་སྟེང་ནས་བཤད་ན་ལོ་རབས་བརྒྱ་ཅུ་བ་ནས་བཟུང་གདུ་བྷེ་ཡིས་ཇ་ཁ་ཆང་ཁ་ནས་སྒྱུ་རྩལ་ཞིག་དང་རིག་གནས་ཤིག་གི་འདུ་ཤེས་མེད་པར་རྩེད་མོ་ཞིག་དང་སྣང་བ་སྐྱིད་ལ་སྐུར་བྱེད་ཀྱི་འདུ་ཤེས་ཙམ་བཟུང་སྟེ་བླངས་ནས་ཡོང་བ་ཡིན་ཙ་ན་སྐུ་ཞབས་བདུད་བྷེས་ཕྱི་རབས་པ་ལ་སྤྲོད་རྒྱུའི་གསར་གཏོད་ཀྱི་ལག་རྗེས་གང་ཡང་མེད་པས་ད་ནི་དཀྲོལ་ལེན་རིག་གནས་ཉམས་རྒུད་ཀྱི་མགོ་བརྩམས་སོང་བ་འདྲ།་གང་ལྟར་བདུད་བྷེའི་དཀྲོལ་ལེན་གྱི་དུས་སྐབས་དང་བསྡོངས་ནས་བོད་ཕྲུག་རེ་རེའི་ལག་ཏུ་ཡང་པི་ཝང་གཅིག་རེ་ཐོགས་ཏེ་ནོར་རྫི་ལུག་རྫི་བྱེད་ཞོར་དཀྲོལ་ཁུལ་བྱས་པ་རེད།དེའི་སྐབས་དེར་ཏག་ཏག་ང་ཚོའི་འབའ་རྫོང་ས་ཁུག་ནས་གླུ་བ་ནམ་མཁས་ཀྱང་ཟོག་ལུག་འཚོ་ཞོར་དང་ལེན་ཞོར་ཡོང་བས་ཅུང་སྐད་གྲགས་ཡོད་པ་ཞིག་ལ་ཆགས་སོང་བ་རེད། ལྷག་པར་དུ་ཨ་མདོའི་ཕོ་རྒོད་དང་བཙན་པོའི་ཕོ་ཉ་བླངས་བ་དེ་འོད་སྡེར་གྱི་རྣམ་པས་ཐོན་པ་ན་བརྙན་རིག་ན་དགོད་རྒྱུ་ཡོང་ནས་བརྒྱལ་ལ་ཁད་བྱེད་པའི་ཆ་ཁ་ཆོ་ཁ་རྩོག་པའི་གླུ་བ་དང་བརྙན་ལེན་སྟངས་སོགས་ད་དུང་ཡང་ཡིད་ལ་དྲན་ཐུབ་ཀི རེད་དེ།རྣ་ལ་ཅུང་སྙན་སོང་བ་བདེན། འོན་ཀྱང་། ལ་རྒྱ་མི་ཤེས་ཀྱང་ལ་རྒྱ་ཟེར་ན་སེམས་དཔང་མཐོ་མཐོ་བྱེད་མཁན་ཚོས་ཁས་བླང་བ་ཙམ་མ་ཟད་ཚད་ལས་བརྒལ་བ་ཡང་བྱས་པ་རེད། དེའི་རྗེས་སུ་སྤྱང་གི་མ་རིག་པའི་ལུ་གུ་དཀར་བོ་ཟེར་བ་ཅི་མ་བདེན། གླུ་བ་ཁོ་ཟླ་གཅིག་ལ་བཙོན་འཇུག་བྱས་ནས་ཕྱིར་ཐོན་དུས་ནས་བཟུང་ཁོའི་ལ་རྒྱའི་གླུ་ཆུང་གཞི་ནས་མཇུག་རྫོགས་སོང་བ་མ་ཟད། ལྟར་སྣང་ལ་ཁོས་ལ་རྒྱ་མི་ལེན་པའི་དམ་བཅའ་ཞིག་ཀྱང་རང་ཉིད་ཀྱི་སེམས་ནང་ལ་ཁ་རོག་གེར་བྱས་སོང་བ་འདྲ། དེའི་རྗེས་ཀྱི་གླུ་བ་ནམ་མཁའ་ནི་བཙན་པོའི་ཕོ་ཉ་མིན་ལ། ཁ་བ་ཅན་གྱི་གླུ་བ་ཙམ་དང་། ལ་རྒྱའི་གླུ་བ་མིན་ལ། ལེན་ཅི་ཐབས་བྱེད་པའི་གླུ་བ་དེ་ཡིན་སོང་བ་རེད། ག་ལེར་མིང་གྲགས་ཇེ་ཆེ་སོང་བ་དང་བསྟུན་ཟ་རོགས་འཐུང་རོགས་བརྗེད་འགྲོ་བའི་གླུ་བ་སྣང་མཐོ་ཞིག་ཡིན་རབས་ཀྱང་གཅིག་མིན་གཉིས་མིན་གྱིས་བཤད་ཡོང་བ་ཨེ་བདེན་འདོད། གང་ལྟར་གདུ་བྷེའི་དཀྲོལ་ལེན་ལ་ཚ་རླབས་འཕྱུར་བ་ནས་བཟུང་གླུ་བ་ནམ་མཁའ་ཡང་མཛོ་མོའི་དྲིན་ན་རྟོལ་ལེ་བརྒྱགས་སོང་བ་རེད། དེ་ནས་བོད་ཕྲུག་གླེན་པ་ཚོས་ཀྱང་རང་ཉིད་ཀྱི་ཕུ་རུང་ས་འདྲུད་གནམ་འདྲུད་བྱེད་ཞོར་རྡུང་ལེན་ཟེར་ནས་འོད་སྡེར་བརྒྱ་ལོ་རེ་དཔར་ཆེད་དུ་གཡག་རྒན་གཅིག་གཉིས་རེ་བཤས་ར་ཕབས་ནས་དེའི་རིན་གྱིས་བསྐྲུན་་ནས་ཡིན་སྣང་དང་ཡག་སྣང་ཤར་ནས་ཡོང་བ་རེད། དེ་ཚོ་ཡང་ཅི་ཁག་སློབ་སྦྱོང་དང་རིག་གནས་མེད་ཀྱང་ཁྲོག་སྒྲ་གྲགས་ཀི་འཇུག་ཤེས་སོང་བས་རེད།

གོང་བཤད་དེ་ནི་ཅུང་ཙམ་འཕྲོས་བཤད་ཅིག་བྱས་པ་འམ་ཡང་ན་ཞར་བྱུང་ཙམ་ཡིན་ནི་བྱོས། ད་བཤད་འདོད་པ་ནི། སྤྱིར་ན་ང་ཚོ་མི་སུ་དང་སུ་ཡིན་ཡང་། གཞན་ཞིག་ལ་དགའ་བ་དང་གཞན་ཞིག་ལ་སྡང་བ་ལ་རྒྱུ་མཚན་ཏན་ཏན་ཡོད་སྲིད་ཀི་རེད། རེད་དེ། དེ་ལ་ཡང་ཚད་ཅིག་ཡོད་རེད། དཔེར་ན་མི་སྐད་གྲགས་ཅན་མང་བོ་འཛམ་བུ་གླིང་གི་སྟེང་ན་ཡོད་རེད། མཚན་ཉིད་རིག་པ་བ་དང་། ཚན་རིག་པ། དངོས་ཁམས་རིག་པ་བ་སོགས་མཐའ་ཡས་སོ། དངོས་གནས་བཤད་ན་ང་ཚོས་མི་སྐད་གྲགས་ཅན་གང་ཞིག་ལ་དགའ་བ་ཚད་མེད་བྱེད་དགོས་ས་དང་མི་དགོས་ས་གཉིས་ཡོད་པ་དབྱེ་བ་ཁོར་དགོས་པ་ཞིག་རེད་འདོད།

འོ་ན་དགོས་ས་གང་རེད་ཟེར་ན། མི་སྐད་གྲགས་ཅན་ཞིག་ཡིན་པའི་དབང་དུ་བྱས་ན། དེ་ནི་རང་ཉིད་ལ་བཀའ་དྲིན་ཆེ་བ་ནི་རང་ཉིད་ཀྱི་མི་ཚེ་འདི་དང་ཡང་ན་ཚེ་ཕྱི་མ་ཕན་ཆོད་ལ་ཕན་ཐོགས་ཤར་སྟག་གི་མི་ཞིག་ཡིན་ན་དེ་ལ་བརྩི་བཀུར་དང་ཕྱག་མཆོད་ཀྱང་བྱ་འོས། ད་དུང་སྐད་གྲགས་ཅན་ཞིག་མིན་ཡང་རང་ལ་དྲིན་ཆེ་བའི་ཕ་མ་དང་དགེ་རྒན་ད་དུང་གྲོགས་པོ་བཟང་བོ་ལ་གུས་བཀུར་དང་བསྙེན་་བཀུར་བགྱི་བ་ནི་རླབས་ཆེན་གྱི་བྱ་བ་ཞིག་ཅི་ལ་མིན། ཡིན་ཙང་། ཅོལ་ཆུང་ཁྱོད་ཚོས་ཇ་ཁ་ཆང་ཁ་ནས་གླུ་གཞས་ཐན་ཐུན་རེ་བླང་ན་ངག་བདེ་བའི་གླུ་བ་ཟོག་པོ་ཚོ་གུས་གུས་ཞུམ་ཞུམ་བྱེད་པ་དེ་འདྲ་རང་གི་ཕ་མ་དང་དགེ་རྒན་ལ་བྱེད་ཨེ་མྱོང་།

སྐད་གྲགས་ཅུང་ཡོད་པ་ཞིག་རིག་ན་རང་ཉིད་ཀྱིས་དེ་ཡི་འཕོང་མགོ་བལྡགས་དགོས་ཀྱང་མི་འཛེམ་པ་ཁྱོད་ཚོ་སྙིང་རེ་རྗེ། གླུ་བ་ནམ་མཁའ་ཟེར་བ་སྐད་གྲགས་དེ་འདྲ་ཆེ་བ་ཞིག་གང་ནས་ཡིན་ནི་རེད། བོད་འདི་འདྲ་ཉུང་ཉུང་ཞིག་གི་ནང་ནས་མདོ་དབུས་ཁམས་གསུམ་སོ་སོར་བསྒར་ན་ཨ་མདོའི་ས་ཁུག་ལུང་ཁུག་ལ་གྲགས་པ་ཙམ་དང་དེ་ཡང་ད་དུང་རྫོང་ཁག་དང་སྡེ་བ་འགའ་རེ་ཡིས་ཁས་མི་ལེན་པ་བཤད་ན་ཁ་མཚང་སྣ་མཚང་བྲུས་པ་ཡང་རྫོགས་ཤིག་མེད་འདུག ཧི་ཧི། ཅུང་ཐལ་ཆེ་སོང་ཡོད་ན་དགོངས་དག་ཞུ།

འདི་ལྟར་བཤད་དོན། འཛམ་གླིང་ཉི་མའི་བུ་རྒྱུད་ཟེར་བཞིན་ཡོད་ལ། འཛམ་གླིང་ལ་ཁྱབ་ཡོད་པ་ཉི་མ་ཡིན་པ་བདེན་མོད། ནམ་མཁའ་ཡིན་ཟེར་ན་འུད་བརྗོད་ལ་དགའ་བའི་ང་ཚོ་བོད་མི་ཚོའི་ཡོང་རྒྱུ་འབབ་རྒྱུ་མེད་པའི་ཚིག་སྐམ་རྐྱང་བ་ཞིག་ཡིན་པ་ལས་གཞན་ཅི། རེད་ཡ་འཁྱུག་འགྲོས་གཅིག་གིས་བཤད་ནས་འདི་ལ་ཐོན་དུས་དབུགས་ངལ་ཞིག་ཀྱང་གསོ་འདོད་སོང་། མདོར་དྲིལ་ན་ཨ་རིའི་ཨོ་བྷ་མ་ཡིན་ཡང་ཨ་རི་བ་ཚོས་ལམ་སྲང་ཐུག་ན་མ་རིག་ཁུལ་གྱིས་འགྲོ་བ་དེ་འདྲ་མཐོང་ན། ང་ཚོ་བོད་མི་བླ་ཡངས་འགའ་རེ་ཅུང་ཟད་མཐོ་ས་དང་ཆེ་ས་ཞིག་རིག་ན་རང་གི་རང་ཚུགས་ཟེར་བ་དེ་རྩི་ཤིང་ལས་ཀྱང་མི་བརྟན་པ་ཞིག་ཡིན་ཚར་བ་གཞི་ནས་ཧ་གོ་སོང་ཟེར་བ་ཡིན།

གཏེར་སྣང་བྱེད་ཀྱིས།