ཁྱོད་ཀྱི་དྲི་བ་དེར་ངས་འདི་ལྟར་ལན་འདེབས་པར་འདོད།

ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་
ངས་ཁྱོད་ལ་བཤད་དོ།
ནམ་མཁའི་ཞབས་ཕྱི་བ་ལགས། རང་རེ་བོད་ལ་བྱས་རྗེས་ཆེ་བའི་བཀའ་དྲིན་བླ་མེད་ཀྱི་དམ་པ་དེ་ཚོའི་ཚེ་སྲོག་ཇི་ལྟར་ཤོར་སོང་བ་ཨེ་ཤེས་ཞེས་ཅོ་འདྲི་ཁུལ་བྱེད་པ་དེ་ནི།
ཨ་རེ་མཚར། ཡི་རེ་མུག དེ་འདྲའི་སྐྱེས་བུ་ས་གནམ་ཀྱིས་མི་ཐེག་པ་དེ་དག་གི་ཚེ་སྲོག་ནི་འདི་ལྟར་རྫོགས་སོང་བ་རེད།རྗེ་བཙུན་མི་ལས་གསུང་བ་ལྟར།
ཁྲམ་པ་ཡི་དམ་ལྷ་བཞིན་བཀུར། ཆོས་པ་ལམ་ཁའི་རྡོ་བཞིན་བསྐྱུར་ཟེར་བ་ལྟར་ཁྱོད་དང་ཁྱོད་ལྟ་བའི་མིག་ངོར་རབ་རིབ་ཀྱི་སྐྲ་ཤད་སྣང་བའི་བླུན་པོ་ཚོས་མ་རིག་མ་མཐོང་བར་ཁྲམ་པ་བཀུར་ནས་དམ་པ་དག་བརླགས་སོང་བ་རེད།
ཁ་བཤད་དོན་མེད་ཀྱི་གླུ་བ་ངོ་ཤོར། ཁྱོད་ཀྱིས་དམ་པ་དེ་ཚོ་ལ་བསྡུར་བ་ནི་ཅི་འདྲའི་དགོད་སྤྲོ་བ་ཞིག་རེད། གླུ་བ་ནམ་མཁའ་སྔོན་བྱོན་དམ་པ་དེ་དག་གི་ཚེ་སྲོག་གི་རིན་ཐང་དང་འགྲན་སློང་བ་ནི་སྲིན་བུ་མེ་འཁྱེར་ལས་མ་འདས་མོད། ཁག་མེད་དེ། ཞབས་ཕྱི་བ་ཁྱོད། ཨ་ཕའི་ཁ་ཕོར་ལ་གཙང་ཞེན་ཟེར་བ་དེ་རེད་འདུག་གོ།། སྙིང་རྗེ། ད་དུང་ཁྱོད་ཀྱིས་རང་ཉིད་མཐོང་རྒྱ་ཆེ་མདོག་གིས་མཁས་དབང་དེ་དག་གི་དཔེ་དེབ་ཀློག་ཨེ་མྱོང་ཟེར་བ་ལ་ནི། བདག་གིས་ཞལ་འཛུམ་པ་དང་བཅས་ཏེ་ཁྱོད་ལ་འདི་སྐད་དུ་ངའི་ཆེད་ལས་ནི་མི་ཚེ་གང་བོར་སྐྱེས་བུ་དེ་དག་གི་གསུང་རྩོམ་ཀློག་རྒྱུ་དེ་ཡིན་ཞེས་སྨྲ་སྲིད།

ད་དུང་ཁྱོད་ཀྱིས་ང་ལྟ་བུ་དག་གིས་གཞན་གྱི་སྙན་གྲགས་རྒྱས་ན་མི་དགའ་རབས་བཤད་མོད། འོ་ན་ཁྱོད་དང་ཁྱོད་ལྟ་བུ་ཚོ་གཞན་གྱི་སྙན་གྲགས་རྒྱས་ན་དགའ་ཟེར་འདོད་པ་ཨེ་ཡིན། དེ་འདྲའི་ཕྱི་ནང་མི་མཚུངས་བའི་སྐད་ཆ་བཤད་པ་ཁག་མེད་དོ།།རིགས་ཀྱི་བུ། ཨ་མའི་བུ། གླུ་བའི་ཞབས་ཕྱི་བ་ལགས།སེམས་ནང་ལ་ག་ལེར་འདང་རྒྱོབས་དང་ནམ་མཁས་ཁྱོད་ལ་ངོ་མདོག་ཅི་ཞིག་བསྟན་སོང་བས་དབང་གིས་རང་གི་ཕྱི་ནང་མ་མཚུངས་བ་ཉིད་དུ་བུད་སོང་བ་ཤེས་སྲིད།

དྲི་བ་གཉིས་པའི་ལན། གདུ་བྷེས་བོད་ཀྱི་དཀྲོལ་ལེན་ཐད་ལ་ལག་རྗེས་མ་ཞོག་ཅེས་ཁྱོའི་རྣ་ནང་ལ་འདྲེ་སུ་ཞིག་གིས་ཁ་རོག་གེར་ལབ་པ་ཡིན། མ་གོ་ན་གོ་ཁུལ་མ་བྱེད།
ལག་རྗེས་མ་ཞོག་ཟེར་བ་ནི་གསར་གཏོད་ཀྱི་ཆ་ནས་ལག་རྗེས་མ་ཞོག་ཟེར་བ་ལས་ཟོག་རྫི་ལུག་རྫི་ཚོའི་རྣ་ནང་ལ་ཁྲོག་སྒྲ་གྲགས་ཀི་བཅུགས་པའི་ལག་རྗེས་དེ་ཙམ་ཡང་མེད་ཟེར་བ་མིན་འགྲོ། ཚིག་ལ་ཞིབ་ཆ་དགོས་རེད། མཁས་དབང་ཁྱོད་ཀྱིས་བོད་ཀྱི་གཏན་ཚིགས་རིགས་པ་བསླབས་མྱོང་ཡོད་རྒྱུ་རེད་པ། གདུ་བྷེས་ད་ལྟའི་བར་དུ་དཀྲོལ་ལེན་རིགས་གནས་ཀྱི་ཚེ་སྲོག་རྒྱུན་བསྲིངས་ནས་ཡོང་བ་རེད་ཟེར་བ་ནི། བདེན་ན་ཐང་། དེ་ནི་ངས་གང་ལ་ངོས་འཛིན་གྱིན་ཡོད་ཟེར་ན་ཇ་ཁ་ཆང་ཁ་ནས་རིག་གནས་དང་སྒྱུ་རྩལ་གྱི་འདུ་ཤེས་མེད་པ་དང་ཡར་རྒྱས་ལ་གཏོང་བའི་འགན་ཁྲིའི་འདུ་ཤེས་མེད་པར་ཡོང་བ་དེ་ལ་ངོས་འཛིན་གྱིན་ཡོད་ལགས།་དེ་ཡང་རིག་པ་དང་ལྡན་པ་སུ་ཞིག་གིས་དེ་ལྟར་མི་འདོད། དེ་མ་རེད་འདོད་ན་སྐུ་ཞབས་འཇམ་བྷེ་ཡིས་དེའི་ཐད་ལ་གོ་རྒྱུ་ཅན་ཞིག་བཤད་ཡོད་པས་དེར་གཟིགས་པར་ཞུ། མདོར་དྲིལ་ན་གདུ་བྷེས་དཀྲོལ་ལེན་ད་ལྟའི་བར་དུ་བྱས་པ་ནི་ཆང་འཐུང་ཞོར་རྩེད་མོ་རྩེད་བ་ལས་སྒྱུ་རྩལ་འཁྲབ་པ་མ་རེད་ཟེར་འདོད།

གསུམ་པ།
གླུ་བ་ཚོས་ཕུ་རུང་ས་འདྲུད་གནམ་འདྲུད་བྱས་པའི་སྐབས་དེ་ཕྱིར་དྲན་བྱེད་དགོས་སོང་བ་ནི།
འོད་སྡེར་གྱི་རྒྱུ་སྤུས་དང་བརྙན་ལེན་གྱི་ལག་རྩལ་དེ་འདྲ་མེད་བཞིན་དུ་ང་ཚོ་ལ་སུ་ཞིག་གིས་སྦྲིན་སྨན་བླུད་པ་ལྟར།
སྨྱོ་འཁྲབ་བྱེད་པའི་རྣམ་པ་དེ་ལྟ་བུ་ཞིག་ཆགས་སོང་བ་ཅི་ཞིག་མ་ཉན་པ་རེད་ཅེས་དོགས་འདྲི་ཞིག་བྱས་པ་ཡིན།
ངས་མྱི་ཡི་ཡག་རྩོག་བཤད་ཀྱིན་མེད་ལ།ངས་སྐབས་དེའི་སྒྱུ་རྩལ་མི་ཤེས་པ་དང་། སྐབས་དེའི་ཧོལ་རྒྱུགས་ལ་དགའ་བའི་ཅོལ་ཆུང་ཚོའི་རྣམ་པ་བཤད་བཞིན་ཡོད། དེ་ཡག་པོ་རེད་དམ། རྩོག་པོ་རེད། འདང་རྒྱོབས། བསམ་བློ་ཐོངས།
ཁྱོད་ཀྱིས་ང་ཚོ་ལ་བརྙན་ལེན་པའི་ལག་རྩལ་མེད་པའི་རྐྱེན་རེད་ཟེར་བ་ནི། ཅི་འདྲའི་འགན་ཁུར་མེད་པའི་སྐད་ཆ་ཞིག་རེད། ངས་ཁྱོད་ལ་དཔེ་ཞིག་འཇོག གནའ་ཞིག་ལ་རྒད་པོ་ཞིག་གྲོང་ཁྱེར་ལ་སོང་ནས་ཕོ་མོའི་ཆབ་ཁང་གི་དབྱེ་བ་མ་ཁོར་བས། དོར་མའི་ནང་ལ་བཏང་སོང་བ་རེད།
ཕྱིར་ཡོང་བ་ན་སྡེ་བས་དེ་གོ་སོང་བས། ཁྱོད་ཅི་མ་ཉན་ནི་རེད་ཅེས་བཤད་དུས། ངས་ཡི་གེ་མ་ཤེས་པས་རེད་ཅེས་ཁག་འགེལ་ས་ཞིག་རྙེད་སོང་བ་རེད། ང་ཚོས་བོད་ཀྱི་རིག་གནས་ཀྱང་འདི་ལྟར་ཁག་འགེལ་ས་མང་བོ་བཙལ་ནས་མིག་རྫོད་བྱེད་པ་རེད། ཁྱོད་ཀྱིས་ཀྱང་ཁག་འགེལ་ས་གཡར་ནས་སྐབས་དེའི་དཀྲོལ་ལེན་གྱི་མིག་རྫོད་རྣམ་པ་དང་ལྷག་པར་དུ་ནམ་མཁས་བཏང་བའི་མི་གཙང་བ་འགེབས་འདོད་པ་ཡིན་སྲིད། ཡིན་ཙང་། ངས་ཁྱོད་ལ་མང་བོ་རྩོད་མི་འདོད། རང་གིས་ཅི་འདོད་ན་དེ་ལྟར་བྱོས།

ད་དུང་ཁྱོད་ཀྱིས་གཅིག་གོ་མི་འདུག
གང་ཞེ་ན། བོད་ཀྱི་གླུ་བ་ནམ་མཁས་ལ་རྒྱ་མི་ཤེས་ཟེར་ཞེས་ཁ་གསལ་གཏིང་གསལ་ཞིག་གོ་མདོག་བྱས་ཡོད་མོད།
འདི་ཁྱོད་ཀྱིས་གླུ་བ་ནམ་མཁར་བཤད་འདོད་པའི་ལྐོག་གི་གསང་བ་དམར་དམར་བོ་དེ་ཡིན་ནི་མིན་ན། ངས་དེ་ལྟར་མ་བཤད། འོ་ན་ཇི་ལྟར་བཤད་ཟེར་ན། སྐབས་དེ་ཡི་ལ་རྒྱ་ཟེར་ན་ཟ་རྒྱུ་ཞིག་དང་བལྡག་རྒྱུ་ཞིག་གང་ཡིན་མི་གོ་བའི་ནམ་མཁར་དད་པ་བྱེད་མཁན་དེ་ཚོར་ཟེར་བ་ཡིན་མོད།དེ་ལྟར་གོ་བ་མ་བླངས་ན་ཡང་ཆོག་གོ།།

དེ་ནས་ཁྱོད་ཀྱིས་ངར་ངར་བྱས་ནས། འོ་ན་ཁྱོད་ཀྱིས་ལ་རྒྱ་ཤེས་ན། བོད་ཀྱི་ལ་རྒྱ་ཡང་དག་པ་དེ་བོད་ཁམས་ཡོང་ལ་མི་བསྒྲགས་པ་ཅི་ཡིན་ཞེས་འབྲེལ་མེད་ཀྱི་སྐད་ཆ་ཞིག་ཀྱང་སྨྲས་མོད། ང་དང་ང་ལྟ་བུ་དག་གིས་རང་གི་རིག་གནས་ལ་ཤི་འཐམ་རོ་འཐམ་བྱས་ནས་དུས་རབས་འདི་ཡི་སྔུན་ན་ཉམ་ང་ཉག་ཕྲ་ཡི་གནས་སུ་ལྷུང་ཡོད་ཀྱང་། ཡིད་མ་ཆད། ཁོ་མ་ཆད་པར་བསྡད་ཡོད་པ་འདི་ལས་ལ་རྒྱ་ཞིག་ཡོད་མི་སྲིད། རང་གི་སྙན་གྲགས་ཀྱི་ཕྱིར་དུ་ཁ་གཡང་སྐམ་པོ་རེ་དང་ལ་རྒྱའི་ཚིག་སྐམ་རེ་བསྒྲགས་ནས་ཡིན་མདོག་བྱེད་མཁན་ཚོའི་ལ་རྒྱ་དེ་ལྟ་བུའི་བཟང་ཞིག་མེད་རུང་ངན་ཞིག་མེད་འདོད་ཡོད།

ངས་གླུ་བ་ནམ་མཁའ་སྐད་གྲགས་དེ་འདྲ་མེད་ཟེར་བ།
ཁྱོད་ལྟ་བུ་གཡག་སྣ་ཁུ་ཚུར་བྱེད་པའི་ཨུ་ཚུགས་ཅན་འགའ་ལས་གཞན་སུ་ཞིག་གིས་གླུ་བ་ནམ་མཁའ་འཛམ་གླིང་ལ་གྲགས་ཡོད་མེད་མི་ཤེས། ཡོང་རྒྱུ། འབབ་རྒྱུ་མེད་པའི་སྐད་ཆ་དེ་འདྲ་འུར་སྒྲོགས་བྱེད་པ་ངོ་མི་ཚ་འམ།

ཡང་ཁྱོད་ཀྱིས་ཁ་ཕོ་མཐོ་རུ་སོང་ནས་འཛམ་གླིང་གི་རྒྱ་ཁྱོན་དང་རྒྱ་ཁབ་ཀྱི་མང་ཉུང་ཟེར་བ་ཞིག་ཁྱེར་ཡོང་བ་ཡང་སྤྱིར་ན་འབྲེལ་མེད་ཅིག་ཅི་ལ་མིན།
ངས་གླུ་བ་ནམ་མཁའ་མདོ་དབུས་ཁམས་གསུམ་ཡོངས་ལ་གྲགས་མ་གྲགས་བཤད་བཞིན་པ་གོ་བར་གྱིས། འཛམ་གླིང་ཞེས་ཆེན་པོ་དང་རྫིག་པོ་བཤད་མཁན་ནི་ཁྱོད་ལྟ་བུ་འུད་བརྗོད་ལ་དགའ་བའི་སྤྱི་བརྟོལ་མཁན་དག་གི་སྐད་ཆ་ཡིན་པས་ན་ཉོག་བཤད་དང་ལོག་བཤད་ལ་མཐའ་མེད་པས་སྐྱུར་ཞོག གོ་ཨེ་བྱུང་། དམེ་ཚང་རྟ་ཁོ་འམ། ནམ་མཁའི་ཞབས་ཕྱི་བ་ལགས།

ཁྱོད་ལ་ཕྲག་དོག་གི་ཨེ་ནད་འགོས་ཏེ་འདི་ལྟར་ངུས་ན་མི་ཡག་གི་ཟེར། འོ་ན།ཁྱོད་ཀྱང་གླུ་བ་ནམ་མཁའི་ཞབས་ཕྱི་བ་བྱས་ཏེ་རང་གི་རང་ཚུགས་བོར་ནས་ནམ་མཁའི་སྐྱག་པ་མིན་ཚུད་བལྡགས་ན་མི་འགྲིག་གི་ལགས།
ཁྱོད་ཀྱིས་ད་དུང་རྒྱལ་ས་པེ་ཅིན་ཏུ་བྲིས་ཞེས་བཤད་པ་ཡང་རང་ཉིད་གནས་མཆོག་ཁྱད་པར་བ་ཞིག་ཏུ་བཞུགས་ཏེ་གནས་ལུགས་ཡ་མཚན་ཞིག་སྨྲས་ཡོད་འདོད་པ་ཨེ་ཡིན། དེ་འདྲ་ཡིན་ན་ཕྱིའི་རྒྱབ་ཁབ་ཀྱི་ཨ་རི་དང་ཡོ་རབ་སོགས་ཀྱི་གནས་མིང་གྲགས་ཅན་ཞིག་ནས་བྲིས་ཞེས་བཤད་ན།
ང་རང་སྐྲག་ནས་གུས་གུས་ཞུམ་ཞུམ་ངང་གླུ་བ་ནམ་མཁའ་དང་ཁྱེད་གཉིས་ལ་དགོངས་དག་ཞུ་རུ་ཡོང་ན་ཐང་།
ཧཧཧ ཧཧཧ ཧཧཧ
གཏེེར་སྣང་བྱེད་ཀྱིས།

ནམ་མཁའི་རྒྱུགས་ཁྱི་འགའ་ལ།

བོད་ཀྱི་མཁས་པ་འམ་ཡང་ན་གདུལ་བྱའི་ཕྱི་ནང་ཚོར་མཁན་འགའ་རེ་ཡིས་གཞན་ལ་ལན་སློག་མི་སྲིད་དེ།
རྒྱུ་མཚན་ནི་དེ་ལ་དགོས་སོགས་ཆོས་བཞི་གང་ཡང་ཚང་གི་མེད་པའི་ཕྱིར་རེད་འདོད། དེ་ཡང་།
ཐོག་མར་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ།
འཇིག་རྟེན་པ་རྣམས་ཀྱིས་ང་དང་ལྷན་དུ་རྩོད་ཀྱི།
ངས་འཇིག་རྟེན་པ་དང་ལྷན་དུ་མི་རྩོད་དོ་ཞེས་གསུང་བ་དང་།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།
བཟང་ངན་གཙང་བཙོག་རང་གི་འདོད་པ་ཙམ།།
རང་འདོད་བྱ་བ་རྟག་ཏུ་བརྗེས་ནས་འགྲོ།།
དེ་ལ་རྩོད་ཤགས་བྱེད་པ་ཐང་རེ་ཆད།།
དེ་ཡི་རྒྱུ་མཚན་འཚོལ་བ་ཉོན་རེ་མོངས།
ཞེས་ཁྱི་ཟུག་ཐེངས་རེ་ལ་རྡོ་གཡུག་པ་སྙིང་བོ་མེད་པ་དང་དེ་ལྟར་བྱེད་པ་ལ་ཐང་ཆད་པའི་རྣམ་པ་ཡང་བསྟན་ནོ།
ཡང་རྒྱ་གར་རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་རིག་པའི་དབང་ཕྱུག་རྣམ་གཉིས་ལས་དཔལ་ཆོས་ཀྱི་གྲགས་པའི་ཞལ་ནས་ཀྱང་། ལོག་པའི་ལམ་ལ་མཐའ་མེད་ཕྱིར།
དེ་དག་འདིར་ནི་སྤྲོ་བྱ་མིན་ཞེས་གསུངས་བ་ཡང་ཕར་དྲང་མོར་བཤད་ན་འཁྱོག་བཤད་རྒྱག་མཁན་དང་འབྲེལ་མེད་བཤད་མཁན་ད་དུང་གནས་ལུགས་ལ་ཕྱིར་མཚོན་གྱིས་ལན་སྤྲོད་པའི་ཀླ་ཀློ་ཚོར་སུན་སོང་བ་ཅི་ལ་མིན།
དེ་བཞིན་དུ་ད་ལྟའི་དུས་འདིར་རྒྱལ་ཕྱི་ནང་ལ་གྲགས་བཞིན་པ་དང་གནང་དེང་གི་རིག་གཞུང་ལ་མཁྱེན་རྒྱ་ཡངས་བའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཚང་གིས་ཀྱང་
དགེ་བཅུ་ལ་ངོ་རྒོལ་བྱེད་མཁན་སོགས་ལ་ཁྱོད་ཚོས་བཤད་པ་དེ་གླེང་རིན་མི་འདུག་ཅེས་གུ་ཡངས་སུ་བཏང་བཞག་ཡོད་པ་རེད། དེ་མ་ཡིན་ཟེར་ན། དེ་མ་ཡིན་ན་ཁོང་ལྟ་བའི་མཁས་པ་ལ་གདོང་གཏད་ནས་ལན་རྒྱག་མཁན་སུ་གཅིག་ཀྱང་མ་བྱུང་བ་ལ་བལྟས་ན་ཁོ་ཚོར་མཁན་ཚུལ་ཁྲིམས་བློ་གྲོས་ཡོད་སར་མ་ཐོན་པ་མིན་འགྲོ།།
དེ་ལྟར་བཤད་དོན་ཡང་ལྐོག་ནས་འུར་བརྒྱབ་ན་བཀད་ལ་བྱེད་མཁན་ཚོ་གལ་སྲིད་ཁོང་གི་མདུན་སར་འགྲོ་རྒྱུའི་དབང་དུ་བཏང་ན་ཁོང་གིས་ཁོ་ཚོར་རྒྱུ་མ་ཕུ་འདེད་བྱས་ན་ཁོ་ཚོའི་རང་གཤིས་དེ་ལྷང་ལ་བུད་འགྲོ་བར་སྐྲག་པ་ཨེ་ཡིན་ནམ་སྙམ་པ་ཡིན།
ད་དེ་འདྲ་རེད། མདོར་དྲིལ་ན་སྤྱིར་མི་ལ་ལའི་མིག་ལ་གྲུ་བཞི་དང་ལ་ལ་གྲུ་གསུམ་ཡིན་པའི་ཆོས་ཉིད་འདི་ལས་ནམ་ཡང་བརྒལ་དུ་མེད། དེས་ན། དགག་སྒྲུབ་ནི་སྡིགས་སྨོད་མིན་ལ། དོགས་སློང་ནི་གཏོར་བཤིག་མིན། དེའི་ཕྱིར་ན།ང་ཚོས་ཉིན་ལ་མཚན་བཞག་ནས་དགག་སྒྲུབ་བྱེད་དགོས་ན་ཡང་། ངས་ཀྱང་རྔ་ཅི་ལྟར་བརྡུང་ན་བྲོ་དེ་ལྟར་འཁྲབ་འདོད་མོད། ཡིན་ཙང་། ང་མཁས་རབས་དང་ཁྱོད་ཀྱིས་ཅང་མི་ཤེས་རབས། གནས་ལུགས་ཀྱི་བདག་པོ་ང་ཡིན་རབས། ཤེས་མེད་ཀྱི་གླང་རྫི་ཁྱོད་ཡིན་རབས། རིག་གཞུང་གི་ཕྱི་ནང་ངས་ཚོར་རབས་བཤད་མཁན་ཚོའི་ཕྱི་ནང་ཧ་གོ་ཡོང་གི་དེ་བས་རྒྱ་ཚ་ལྟ་བའི་འུར་རྐྱལ་ཚོ་འདི་ཙམ་གྱིས་ཆོག་ནི་བྱེད། ད་དུང་ཁྱོད་ཚོ་ལྟར་དུ་ཉོག་བཤད་བྱས་ན། ཚད་མ་རྣམ་འགྲེལ་ལས། གཡེམ་མ་མུ་ཅོར་གྱིས་རྒྱལ་ལོ་ཟེར་བ་འདི་ལ་ཡང་ཐུག་སྲིད་ཅེས་སྨྲ་བར་འདོད་སོང་།
༼གླུ་བ་དང་ཆོལ་ཆུང་ཚོ།༽
ཞེས་པ་འདི་ལ་དཔྱད་མཆན་འཇོག་མཁན་ཚོ་དང་༼དམིགས་གསལ་༽ནམ་མཁའི་རྒྱུགས་ཁྱི་འགའ་ལ་ཡང་འདི་ལས་ལྷག་པ་ཞིག་སྨྲ་འདོད་མེད་ཟེར་བ་ཡིན།

༼ གཏེར་སྣང་བྱེད་ཀྱིས།༽