1
དཔལ་འབྱོར་གྱི་རིན་ཐང་མི་ཤེས་མཁན་ཞིག་གིས་ཆབ་སྲིད་ཀྱི་དགེ་མཚན་རྟོགས་མི་སྲིད།

2
གྲངས་རིག་ལ་མཐོང་ཆུང་བྱེད་པ་ནི་རང་གི་ཀླད་པ་ལ་རང་གིས་བརྙས་སྟངས་ཤིག་རེད།

3
འཆད་རྩལ་ནི་དགེ་རྒན་ཞིག་ལ་མེད་ཐབས་བྲལ་བའི་རྣམ་དཔྱོད་ཅིག་རེད་དེ། རང་གི་བཤད་སྟངས་ལ་རྟོག་གཞིག་མི་བྱེད་པའི་དགེ་རྒན་ནི་སློབ་མར་སུན་སྣང་བཟོ་བའི་མི་གླེན་པ་ཞིག་རེད།

4
མ་ཁོམ་པར་ཡོད་པ་ནི་མི་ཁོམ་པར་གཡོག་བྱེད་སྟངས་ཤིག་རེད།

5
གྲོགས་པོ་དང་འབྲེལ་བའི་བྱ་འགུལ་ཞིག་ཡིན་ན་ལག་གི་བྱ་བ་བསྐྱུར་ནས་དེར་ཞུགས་རྒྱུ་ནི་ངེས་གཏན་ཞིག་ཡིན་འོས།

6
མི་ཚེའི་འགྲུལ་བཞུད་ཁྲོད་དུ་དགའ་ལ་སྐྱོ་བའི་དོན་དག་རབ་དང་རིམ་པ་རིམ་ཅར་དུ་འབྱུང་ངེས། རྩ་གནད་ནི་སོ་སོའི་ཡང་སྙིང་གི་ཕུགས་བསམ་འབོར་མི་ཉན་པ་དེ་རེད།

7
མི་ཞིག་གསར་བྱུང་གི་བརྡ་འཕྲིན་དང་རྒྱང་གཅོད་པ་ནི་ཚེ་སྲོག་གི་ཁ་ཕྱོགས་གཡུགས་པ་དང་གཅིག་མཚུངས་རེད།

8
དད་པ་མེད་ན་ཕུགས་བསམ་ཡང་ཡོད་པར་མ་ངེས།

9
རང་གི་དགའ་སྡུག་ལ་བདག་བྱེད་པ་ནི་རང་གིས་རང་ལ་བསྩལ་བའི་ལོངས་སྤྱོད་ཅིག

10
ལག་ལེན་མེད་པའི་འཆར་འགོད་ཀྱིས་ཅི་ཞིག་བྱ།

11
མི་ཆ་མེད་དགྲ་བོ་བཞིན་དུ་རྒྱང་ལ་མ་འཕེན། གྲོགས་གཉེན་ཉེ་ཕ་མ་བཞིན་དུ་གཙུག་ཏུ་མ་འཛིན། ཀུན་ལ་ཆ་སྙོམས་ཀྱི་འདུ་ཤེས་ཤིག་གིས་སྣེ་ལེན་བྱོས་ཤིག

12
རང་སེམས་ལ་བདག་བྱས་ནས་རང་སྐད་དང་རང་སྤྱོད་རྒྱ་ཡན་དུ་མི་ཤོར་བར་བྱ། རང་སྐད་ལ་མཉམ་བཞག་ནས་ཟུར་གསུམ་མའི་འགལ་བ་མི་བཟོ་བར་བྱ། རང་སྤྱོད་ལ་ཚོད་བཟུང་ནས་གླེན་རྟགས་རང་གཤིས་ཀྱི་དགེ་མཚན་དུ་མི་ལྟ་བར་བྱ།

13
ལེགས་འགྲུབ་ཀྱི་ཆེད་དུ་ཉེན་ཁ་བརྒྱུད་པར་བྱ།

14
བུ་རྒོད་པོ་འཚབ་མི་ཉན།

15
ང་ནི་སུ་ཡིན། སུ་ནི་ང་ཡིན་འོས། ངས་ནི་ཅི་ཞིག་བྱེད་ཐུབ། གང་ཞིག་བྱེད་ཐུབ་འོས། ངས་ཇི་ལྟར་བྱེད་ཐུབ། ཇི་ལྟར་བྱེད་ཐུབ་འོས། ངས་ཇི་ལྟར་བྱེད་ཐུབ་པ་དེ་མངོན་འགྱུར་ཡོང་དུ་འཇུག ཇི་ལྟར་མངོན་འགྱུར་ཡོང་དུ་འཇུག་དགོས། མངོན་པ་དེ་ཇི་ལྟར་མུ་མཐུད་འཕེལ་རྒྱས་སུ་འགྲོ་བར་བྱ། ཇི་ལྟར་འཕེལ་རྒྱས་སུ་གཏོང་འོས། ངས་ཇི་ལྟར་རྒྱས་ཟིན་པ་དོ་དམ་བྱ། ཇིི་ལྟར་དོ་དམ་བྱ་འོས། ངས་དོ་དམ་བྱེད་བཞིན་པ་འདིས་རང་དང་ཕ་རོལ་བ། སྤྱི་ཚོགས་ལ་ཅི་ལྟ་བུའི་ཤུགས་རྐྱེན་དང་ཞབས་འདེགས་བཟོ་སྒྲུབ་བྱེད་ཀྱིན་ཡོད་དམ། ཇིི་ལྟར་ཤུགས་རྐྱེན་དང་ཞབས་འདེགས་བཟོ་སྒྲུབ་བྱ་འོས། ང་ཅི་ལྟར་ཚེ་སྲོག་གི་འགྲུལ་ལམ་དུ་མདུན་སྐྱོད་བྱེད་ཀྱིན་འདུག ཇི་ལྟར་མུ་མཐུད་མདུན་སྐྱོད་བྱ་དགོས།—བདག་གིས་ང་ལ་ལན་དང་ལག་ལེན་གནང་བར་བྱ།

16
སྤོབས་པས་མངོན་འགྱུར་བསྣམས་ཡོང་།

17
ཕམ་ཁ་དང་གྱོང་གུད་མྱོང་བའི་གྲ་སྒྲིག་གི་སྙིང་མེད་ན་ཉེན་ཁ་ཆེ་བའི་ལམ་བུ་བརྒྱུད་པར་མི་བྱའོ༎

18
བློ་རྩེ་གཅིག་གི་སྟེང་ལ་གཏོད། བསམ་གཞིག་མང་བོའི་སྟེང་ནས་བྱོས། མིག་གིས་མང་བོའི་ཕྱོགས་ལ་ལྟོས། རྣ་བས་མང་བོའི་ཕྱོགས་ལ་ཉོན། དོན་དངོས་རང་གི་ཐོག་ནས་ཚོལ། བསམ་འཆར་མང་བོའི་ནང་ནས་བསྡུར། མྱོང་བ་དོན་དངོས་ཐོག་ནས་བླངས། ཐག་གཅོད་རང་ལ་གཏད་ནས་བྱོས།

19
རྒྱུ་མཚན་མེད་པའང་རྒྱུ་མཚན་ཞིག་ཡིན།

20
དཔལ་འབྱོར། དམག་དོན། སློབ་གསོ། ཚན་རྩལ། ཕྱི་འབྲེལ། མཐུན་སྒྲིལ། འཆམ་མཐུན། དམངས་ཚོགས། དམངས་འཚོ། དམངས་སྤུས་གཙུག་ཆེར་མི་འཛིན་པའི་ཆབ་སྲིད་སློབ་མ་ཞིག་སྲིད་ཕྱོགས་ཀྱི་འགོ་བར་བསྐོ་བ་ནི་རྒུད་པའི་ལམ་དུ་ཕྱོགས་སྟངས་ཤིག་རེད།

21
སྙིང་སྟོབས་ཤོར་བ་མིན་ན་ཕམ་ཁ་ཟེར་བ་ཞིག་མེད།

22
ལག་ལེན་མེད་པའི་འཆར་གཞི་དེའི་དབང་གིས་བདེ་སྐྱིད་ཀྱི་རྨི་ལམ་འབོར་བར་མི་བྱ། སེམས་བདེ་ལ་བབས་ནས་གཉིད་ཐུབ་ན་དེའང་བདེ་སྐྱིད་ཅིག་རེད་དོ༎

23
ཁྱོད་ཀྱི་ལྟེ་ཁྲག་འཕོ་ས་དང་ཁྱོད་རང་ནར་སོན་ས་ནི་ཁྱོད་ཀྱི་ཕ་ཡུལ་ཡིན།

24
གལ་སྲིད། ཏག་ཏག་རྣམ་ཤེས་ཟེར་བའི་རྒྱུན་ཞིག་མི་གནས་པར་བྱས་ཀྱང་མི་རྣམས་ཀྱི་འཇིག་རྟེན་དང་མི་ཚེ། འཚོ་གནས། ཀུན་སྤྱོད་ལྟ་བ་ཚད་དེ་འདྲ་ཞིག་ལ་མ་ཐོན་པའི་གནས་བབ་འོག་ང་ཚོས་སྔར་བཞིན་རྣམ་ཤེས་ཡོད་པ་གཞིར་བཞག་གི་སྟེང་ལས་རྒྱུ་འབྲས་བརྩི་བ་དང་གཞན་ཕན་དོན་གཉེར། ཕུགས་བསམ་གྱི་ཆེད་དུ་ཧུར་བརྩོན། མི་ཚེ་དོན་སྙིང་འཚོལ་བ། ཚེ་འདི་ཕྱི་གཉིས་ཀ་མ་འཆུགས་པའི་གནས་མལ་གྱི་ཐོག་འཚོ་གནས་བྱེད་འོས།

25
གནད་འགག་ལ་ཐོན་ན་ཁྱོད་ཀྱིས་གཙོ་ཆེར་འདང་རྒྱག་ས་ནི་ཁྱོད་ལ་གལ་ཆེ་བའི་མི་དང་དངོས་པོ་དེ་ཡིན། གལ་སྲིད། འདང་རྒྱག་ཆེ་ས་དེ་ལས་ཐོད་ཀྱིས་བརྒལ་ཐུབ་ཚེ་ཁྱོད་ནི་འཐབ་ན་མི་རྒྱལ་བ་མེད་པའི་འཚོ་གནས་ནང་གི་དམག་དཔོན་ཞིག་ཏུ་འགྱུར་ངེས།

26
སྐད་ཆ་ཡོད་ན་གྲོས་ཁ་འཕྲོད།

27
གཅན་གཟན་གྱི་སྙིང་དེ་མིའི་འཚོ་བའི་ནང་དུའང་དགོས་མཁོ་ཡོད་པ་ཞིག་ཡིན།

28
གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་འཇོག་ན་གཞན་དང་མི་འདྲ་བའི་སྙིང་སྟོབས་ཤིག་དགོས།

29
གོ་སྐབས་ནི་རྟག་ཏུ་ཡོད་པ་ཞིག་མིན་ལ་གཅིག་ལས་མེད་པ་ཞིག་ཀྱང་མིན།

30
〝དགེ་རྒན་བྱེད་རྒྱུ། དཔེ་ཆར་མི་ལྟ〞ཟེར་བའི་སྐྱིད་པོ་དེ་འདྲ་ཡོད་པ་མིན།

31
སྤྱི་ཚོགས་སྟེང་ཆེས་གཉོམ་པའི་དགེ་རྒན་གྱི་མི་ཚོགས་འདི་སྣང་མེད་དུ་འཇོག་མི་ཉན་པ་མ་ཟད། གཟབ་གཟབ་བྱེད་འོས།

32
ཕྱིར་རྟོག་མེད་པའི་མདུན་སྐྱོད་ལ་ཡར་སྐྱེད་ཡོང་དཀའ།

33
བདག་གིས་དཔལ་འབྱོར་གླེང་གིན་ཡོད་ལ་གླེང་འདོད་ཀྱང་ཡོད། འོན་ཀྱང་དཔལ་འབྱོར་རིག་པ་བ་ཞིག་ཏུ་འགྱུར་འདོད་མེད།

34
ཁོག་ལ་བསྡུ་བ་ལས་ཁ་གྲག་པ་བཟང་།

35
རང་གཅུན་གྱིས་ཁའང་མི་འཁྱོངས་པར་གཏོང་དུས་ཁེ་ཕན་གང་ཞིག་གིས་གྱོང་གུད་འདི་ལ་སྐྱིན་ཚབ་འཇལ་དགོས་སམ།

36
གླེན་རྟགས་རང་ཉིད་ཀྱིས་བསྟན་ན་གླེན་རྟགས་ཀྱི་མཇུག་འབྲས་ལ་བཟོད་པའི་སྙིང་སྟོབས་རང་ཉིད་ལ་ཡོད་དགོས།

37
སྨན་པའི་སྔུན་ལ་ཐོན་ན་མི་ཚང་མ་ནད་པ་དང་ཆོས་པའི་མདུན་ལ་ཐོན་ན་མི་ཚང་མ་སྡིག་ཅན་དུ་འགྱུར་བ་ནི་ཅི་ཞིག་གི་དབང་གིས་ལགས་སམ།

38
ཆབ་སྲིད་ལ་ཆོས་ལུགས་ནི་ལག་ཆ་ཞིག དཔལ་འབྱོར་ལ་ཆོས་ལུགས་ནི་བར་ཆད་ཅིག རིག་གནས་ལ་ཆོས་ལུགས་ནི་བསླབ་ཚན་ཞིག ཉིན་རེའི་འཚོ་བ་ལ་ཆོས་ལུགས་ནི་སེམས་ཀྱི་དགོས་མཁོ་ཞིག
ཆོས་ལུགས་ཆེད་གཉེར་མ་ཡིན་པའི་མི་ཞིག་ལ་ཆོས་ལུགས་ནི་རྩོད་གཞི་ཞིག་ཏུ་གྱུར་ཡོད་ཚེ། མི་དེ་ལ་ནམ་ཡང་ཡིད་རྟོན་རུང་བའི་བྱ་དངོས་ཤིག་ཐོབ་པ་མིན། ཡང་ན་མི་དེར་ཆོས་ལུགས་ལྟ་བུའི་ལྐོག་གྱུར་མང་བོ་ཞིག་གིས་མཐའ་ཡས་པའི་དཀར་ངོགས་སྒྲིབ་ཡོང་བ་ཡིན།

39
མི་སུ་ཡང་མི་ཡུལ་གྱི་མངའ་བདག་མིན་པས་སོ་སོ་དང་རྩ་འབྲེལ་དུ་མ་གྱུར་བའམ〝ཁྱོད་ཤི་ང་གསོན〞བྱེད་མི་དགོས་པའི་བྱ་དངོས་དེ་དག་གི་ཕྱིར་དུ་མི་སྒེར་གྱི་འཇོན་ཐང་དང་སྟོབས་ཤུགས་ཀྱི་ཟུངས་ཟད་པར་བྱ་ག་ལ་རུང་།

40
གལ་ལ་ཐུག་ན་བྱ་དངོས་གང་ཡང་རང་གི་བྱ་བཞག་དང་བརྩེ་དུང་། མདུན་ལམ། ཕུགས་བསམ་ལ་གནོད་སྐྱེལ་བའི་བཀག་རྒྱ་དེ་ཡིན། ཐ་ན་དྲི་མས་མ་གོས་པའི་མེ་ཏོག་རྐང་གཅིག་ཀྱང་ཚེ་སྲོག་གི་རྒྱུན་ཐག་གཅོད་པའི་གཤེད་མ་ཉིད། ནམ་ཡང་ལྡེམ་ལྕུག་མྱུར་བའི་རྩལ་ནུས་ལ་བརྟེན་ནས་རང་གི་མཐོང་ལམ་ཡངས་པོར་བསྲིངས་ཤིག མི་ཡུལ་ན་རྩ་ནས་མི་ལ་སྡོམ་གཅུན་བཟོ་ཐུབ་བྱེད་ཀྱི་རྡོ་རྗེ་བཙོན་ཁང་ཞིག་མེད།

41
〝རྐྱེན་ངན་ལམ་དུ་བསྒྱུར〞ཐུབ་པའི་མི་ཞིག་ཡིན་ན་གཟོད་མི་ཡུལ་གྱི་སྣང་བརྙན་མཐའ་དག་ལྷའི་ཕོ་བྲང་གི་རང་གྲུབ་དང་ཚོན་མདངས། སྙན་དབྱངས། བག་ཕེབས་དེ་ལ་འགྱུར་བའི་ནུས་སྟོབས་ལྡན་པ་ཡིན།

42
མི་ཡུལ་གྱིས་མི་ལ་གནང་བ་ནི་གཡའ་དག་པ་ཡིན། སོ་སོའི་ཕྱི་ནང་གང་ཞིག་ལ་འབྱར་བའི་རང་གནོད་གཞན་འཚེའི་རིགས་ཀྱི་ཆག་སྒོ་དེ་དག་ནི་སོ་སོའི་མི་འདང་སའམ་མི་འཇོན་སའི་འདམ་རྫབ་ལས་ཐོན་གྱི་མི་ཡུལ་གྱི་རང་བཞིན་ཞིག་ལས་ཐོན་པ་མིན།
གྱོང་གུད་དམ་བཀག་རྒྱ། ཡང་ན་གནོད་འཚེའི་འབྱུང་བ་མཐའ་དག་ནི་སོ་སོའི་འགྲོ་ལམ་གྱི་ལས་འཛོལ་གང་ཞིག་ལས་བྱུང་བ་ཡིན་གྱི་གཞན་དུ་ནི་ཅི་ཡང་མ་ལགས་སོ༎

43
ཁྱོད་རང་སྨྱོས་པ་མིན་ན་གནོད་སེམས་ཁོང་དུ་སྦས་ནས་གླགས་འཚོལ་མཁན་གྱི་མི་དེ་དག་ལ་ཐད་ཀར་ཕར་རྒོལ་མ་བྱེད། རྒྱུ་མཚན་མ་གཞི་ནས་མེི་དེ་རིགས་ནི་སྡར་མའི་གྲས་ཡིན། ཁྱོད་རང་སྡར་མ་ལ་འཐབ་པས་ཁྱོད་ནམ་ཡང་བུ་རྒོད་དུ་འགྱུར་མི་སྲིད། དེ་བས་སྡར་མ་ཐབས་ཀྱིས་འཇོམས་པར་བྱ།

44
གཞན་དོན་དང་གཞུང་དོན། སྤྱི་དོན་ཕར་བཞག རང་དོན་ཙམ་ཡང་ལེགས་པོར་མི་འཁྱོངས་པའི་མི་ནི་འཇིག་རྟེན་སྟེང་ཆེས་ཐབས་རྡུགས་ཀྱི་མི་ཡིན།
རང་དོན་དང་གཞན་དོན་ནི་སོ་སོའི་ནུས་སྟོབས་ལ་བརྟེན་ནས་བྱུང་བ་ཞིག་ཡིན།

45
བོད་ཀྱི་རིག་གནས་ནི་དགོན་སྡེ(བསམ་བློ)དང་དམངས་ཁྲོད(ཡུལ་སྲོལ་གོམས་གཤིས) མི་རིགས་སློབ་གྲྭ(སྐད་ཡིག)གསུམ་གྱི་དཀྱིལ་འཁོར་ན་གནས་འདུག ད་ལྟའི་དུས་ཚོད་འདི་ལྟ་བུར་འདི་གསུམ་པོའི་གྲས་ཀྱི་གཅིག་བསྐྱུར་བའམ་བོར་བ། གཡུགས་པ་ཡིན་ན་དེས་བོད་མི་རིགས་སྤྱིའི་རིག་གནས་ཀྱི་མདུན་ལམ་ལ་བློ་ཡུལ་ལས་འདས་པའི་གནོད་འཚེ་འབྱུང་ངེས་པ་རེད།

46
ཕ་རོལ་བའི་སྐད་ཆར་ཉན་ཤེས་རྒྱུ་དང་རང་གི་སྐད་ཆ་ལེགས་པོར་བཤད་ཤེས་རྒྱུ་ནི་གལ་ཆེ་བའི་ཡོན་ཏན་ཞིག་རེད།

47
ནོར་འཁྲུལ་གྱིས་འགོ་རྩོམ་པ་ནི་ཕམ་ཁ་ལ་ཁ་ཕྱོགས་སྟངས་རིགས་ཤིག་རེད།

48
སྟབས་ལེགས་པ་དང་མ་ལེགས་པ་གང་རུང་ལས་བྱུང་བའི་མཇུག་འབྲས་ཀྱིས་དངོས་ཡོད་གནས་ལུགས་ཀུན་ལ་རིགས་འགྲེས་ཀྱི་གཞུང་ལུགས་བཟོ་ཐབས་མེད།

49
བསླབ་བྱ་ཀུན་གྱི་མཆོག་ཏུ་གྱུར་བ་ནི་རང་གིས་རང་ལ་བསླབ་བྱ་གཏོང་བ་དེ་ཡིན།

50
གཞོན་དུས་ཀྱི་དེ་རིང་གི་ཞབས་ཞུ་བ་སང་ཉིན་གྱི་སྦྱིན་བདག་དང་དེ་རིང་གི་རྒྱས་སྤྲོས་མཁན་སང་ཉིན་གྱི་ཞབས་ཞུ་བ་ཡིན།

51
ཁྱོད་ཀྱིས་མཐོང་ཆེན་བྱས་མེད་པའི་དོན་དག་དེ་གཅིག་བྱས་ན་ཕ་རོལ་བོར་ཧ་ཅང་གལ་ཆེ་བའི་བྱ་བ་ཞིག་ཡིན་སྲིད།

52
མ་ཁོམ་པ། མི་ཁོམ་པ། 〝མ་ཁོམ་པའི་རྒྱུ་མཚན་གྱིས་བྱ་བ་དེ་མ་འགྲུབ〞 〝མི་ཁོམ་པའི་རྒྱུ་མཚན་གྱིས་དོན་དག་དེ་རིགས་ལ་ཁ་ཡ་བྱེད་མི་ཐུབ〞ང་ཚོ་ལ་ཏག་ཏག་མི་ཁོམ་པའི་བྱ་བ་ཞིག་ཡོད་དམ། དོན་དུ་ང་ཚོ་ལ་མི་ཁོམ་པར་གཏོང་བྱེད་ཀྱི་བྱ་བ་ཞིག་སྒྲུབ་རྒྱུ་ཞིག་མེད། ཡོད་པ་ནི་རང་ཉིད་མི་ཁོམ་པར་གཏོང་བྱེད་ཀྱི་བྱ་བ་ཅིག་རང་གིས་རང་ལ་བཀོད་སྒྲིག་བྱེད་རྒྱུ་ཡོད་པ་དེ་རེད།

53
ཁྱོད་ལ་སྐྱོ་གར་གྱི་ཚོར་རྟོགས་མེད་ན་བདག་གིས་སྐྱོ་གར་གྱི་རི་མཁར་བརྩིགས་ཀྱང་ཁྱོད་ལ་སྐྱོ་གར་གྱི་ཚོར་བ་འབྱུང་མི་ཐུབ་ཅིང་ཁྱོད་ལ་སྤྲོ་གར་གྱི་མྱོང་རྟོགས་མེད་ན་བདག་གིས་སྤྲོ་གར་གྱི་མདུན་མོ་ཕྱེ་ཡང་ཁྱོད་ཀྱིས་ཅི་ཡང་མཐོང་བར་མི་འགྱུར་རོ༎

54
ཡི་གེ་ནི་ཤིན་ཏུ་ནས་ཁྱད་པར་བའི་མིའི་གསར་གཏོད་ཅིག་རེད།

55
གཅེས་སྤྲས་ཀྱང་བསླབ་ཚན་ཞིག་སྟེ་མི་ལ་ལ་ཞིག་རང་ཉིད་ལས་ཀྱང་གཅེས་སྤྲས་བྱེད་འོས།

56
ཚེ་ཐོག་འདིར་གྲོགས་དང་གྲོགས་མོ་རབ་དང་རིམ་པ་མང་བོ་ཞིག་འབྱུང་ངེས་མོད། ཕ་མ་སྤུན་མཆེད་གཅིག་ལས་ཡོད་ཐབས་མེད།

57
སྨྲ་བརྗོད་དང་བྱ་སྤྱོད། དོན་དག་གང་ལའང་རང་སྟེང་གི་རྒྱུ་མཚན་ཞིག་ཡོད་རེད། རྒྱུ་མཚན་དང་རྒྱུ་མཚན་གདོང་ཐུག་བརྒྱབས་པ་ལས་བྱུང་བའི་རྒྱུ་མཚན་གྱི་གནས་ལུགས་དེ་ནི་ད་གཟོད་དང་དུ་ལེན་འོས་པའི་རྒྱུ་མཚན་ཡིན།

58
ཁོ་ཚོ་ཁྱོད་ལ་མི་དགའ་བ་དང་ཁྱོད་ཁོ་ཚོ་ལ་མི་དགའ་བ་ནི་འབྲེལ་འདྲིས་ཀྱི་གནད་དོན་འབའ་ཞིག་ཡིན་སྲིད།

59
སྨྲ་བརྗོད་ཀྱིས་དཔེ་མི་སྲིད་པ་དཔེ་སྲིད་པར་བྱེད་ལ་དཔེ་སྲིད་པ་དཔེ་མི་སྲིད་པ་ཉིད་དུ་གཏོང་།

60
ཉེན་ཁ་མེད་ན་ཐོབ་བྱ་མེད།

61
འཇིག་རྟེན་སྟེང་ཆེས་ཁྱད་དུ་འཕགས་པའི་སྒྱུ་རྩལ་ནི་གཞན་སེམས་འགུགས་རྒྱུ་དེ་ཡིན། དེ་ནི་སྲིད་འབྱོར་རིག་སོགས་ཀྱིས་མཚོན་པའི་མིའི་སྤྱི་ཚོགས་ཀྱི་ཤེས་བྱ་ཀུན་ལ་ཁྱབ་པའི་སྒྱུ་རྩལ་གྱི་འཇིག་རྟེན་དེ་ཡིན། སུ་ཞིག་ལ་གཞན་སེམས་འགུགས་པའི་སྒྱུ་རྩལ་གྱི་བདེན་པ་ཐོབ་ཅིང་དངོས་གྲུབ་རྙེད་ན་དེས་འཛམ་གླིང་དབང་དུ་བསྡུས་ནས་མི་ཡུལ་གྱི་རྣམ་པ་བསྒྱུར་ངེས།

62
ནོར་འཁྲུལ་མེད་པའི་མི་ཞིག་མེད། འོན་ཀྱང་མི་དེའི་མི་ཚེ་ལ་ཞིབ་འཇུག་བྱེད་པའམ་བྱ་བའི་རྣམ་འགྱུར་ལ་དཔྱད་འཇོག་བགྱི་བ་ལྟ་བུའི་དམིགས་བསལ་བའི་དོན་དག་གི་ལོགས་སུ་ང་ཚོས་མི་དེ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་དུ་སྒོམ་འོས།

63
སྙན་གྲགས་དང་སྒོར་མོ་ལྟ་བུའི་བྱ་དངོས་ག་གེ་མོ་ཞིག་གི་ཆེད་དུ་འཚོ་གནས་བྱེད་དགོས་ཚེ་ཏག་ཏག་ཐབས་ཟད་འདུག

64

དམིགས་འབེན་ཇི་ལྟར་མཐོ་ན་སླེབས་ཚད་དེ་ལྟར་མཐོ་ངེས་མོད་དམིགས་འབེན་མཐོ་དྲགས་ཆེ་ན་སྟོང་བསམ་རིགས་ཤིག་ཏུ་འགྱུར་བས་དོན་དངོས་ཀྱི་གཞི་རྟེན་མཆིས་པའི་དམིགས་འབེན་ཞིག་ལ་སྙེགས་རྒྱུ་གལ་ཆེན་པོ་རེད།

65
གཞན་གཅོད་ཀྱི་འདུ་ཤེས་དང་སྐད་ཆ། བྱ་སྤྱོད་ནི་རང་ཉིད་མི་གྲལ་དང་ཚོགས་གྲས་ནས་ཕྱི་ལ་ཕུད་སྟངས་ཤིག་ཡིན།

66
འཇིག་རྟེན་ན་ཏག་ཏག་གི་གླེན་པ་ཞིག་མེད་ལ་ཏག་ཏག་གི་རིག་རྒོད་ཅིག་ཀྱང་མེད། དེ་ནི་ང་ཚོ་མཐོང་སྣེ་དེ་ལ་འབུད་མ་དགོས་པས་རེད།

67
ཆེས་སླ་བ་ནི་འགོ་རྩོམ་པ་དང་ཆེས་དཀའ་བ་ནི་རྒྱུན་སྐྱོང་བ། ཆེས་འཕགས་པ་ནི་མཇུག་བསྡུ་བའོ༎

68
ཁྱོད་ཀྱིས་ཐག་བཅད་པ་མིན་ན་དེ་ལྟར་ཡིན་པའི་ངེས་པ་མེད།

69
དགེ་རྒན་གྱིས་ཆབ་སྲིད་དང་དཔལ་འབྱོར་གྱི་བྱ་བ་སྒྲུབ་མི་རུང་བ་དང་མི་ཆོག་པའི་གནས་ལུགས་ཤིག་མེད།

70
གཅེས་སྤྲས་བྱོས་ཤིག དོན་དག་ལ་ལ་ཞིག་ཐེངས་གཅིག་ནོར་བས་གཏན་དུ་འཕྱུགས་འགྲོ།

71
སྐད་ཆ་ནི་སྤྱོད་སྒོ་ཆེ་ལ་རིན་ཐང་བྲལ་བའི་མིའི་རྣམ་དཔྱོད་ཅིག་རེད།

72
གྲོགས་པོ་དང་གཉེན་ཉེའི་མགྲོན་འབོད་ལ་བྱ་བ་ཅི་འདྲ་མང་ཡང་གཡོལ་མི་ཉན།

73
འཇིག་རྟེན་ནི་མ་གཞི་ནས་ཆོས་ཉིད་ཀྱི་བདེན་པ་རིགས་ཤིག་གི་སྟེང་ན་འཁོར་སྤྱོད་བྱེད་ཀྱིན་ཡོད།

74
སང་ཉིན་ལ་བདེ་སྐྱིད་མཁོ་ན་དེ་རིང་འདིར་འབད་བརྩོན་བྱ་དགོས།

75
ཡང་ན་ནི་སྐྱིད་རྒྱོབས། ཡང་ན་ནི་སྡུག་མཐོང་། གང་ལྟར་ནི་སྒྱིད་ལུག་ཏུ་མ་འདུག སྒྱིད་ལུག་ཏུ་འདུག་པ་ནི་ཚེ་སྲོག་ཆུད་ཟོས་གཏོང་སྟངས་ཤིག་ལས་མ་འདས།

76
དོན་དག་དང་ཤེས་བྱ་ལ་ལ་ཞིག་ཧ་གོ་ཆེ་ན་དེའང་གླེང་འདོད་མེད་པའི་རྐྱེན་ཞིག་ཏུ་གྱུར་འགྲོ་བ་ཡིན།

77
ཁྱོད་ཀྱིས་རང་ལ་མཐོང་ཆུང་བྱས་པ་མིན་ན་གཞན་གྱིས་ཁྱོད་ལ་མཐོང་ཆུང་བྱེད་མི་སྲིད།

78
ལོ་རྒྱུས་དང་ཆབ་སྲིད་ལ་ངོ་ཚ་མེད།

79
འཇིག་རྟེན་སྟེང་དུ་འགུགས་མི་ཐུབ་པའི་བུ་མོ་ཞིག་མེད་ལ་རྩ་ནས་འགུགས་ཐུབ་པའི་བུ་མོ་ཞིག་ཀྱང་མེད།

80
གོ་སྐབས་ནི་མདུན་ལམ་རིགས་ཤིག་ཡིན།

81
སུ་ཞིག་གང་ལ་སྤྲོ་བ་དང་གང་ལ་འབད་པ་དེས་སུ་དེ་གང་ལ་གཏོགས་པ་དང་གང་ལ་མཁས་པ་བཤད་ཐུབ།

82
རྣམ་ཤེས་ནི་ཆོས་ཉིད་ཀྱི་སྟོབས་ཤུགས་ཤིག་རེད།

83
ང་ཚོས་སོ་སོའི་དགའ་ཕྱོགས་དང་འབད་ཕྱོགས་གཅིག་གྱུར་བཟོ་འོས།

84
རང་གིས་རང་ཉིད་འཚོལ་དགོས། རང་གིས་རང་ཉིད་རྙེད་དགོས། རང་ཉིད་རང་ལ་ཐོབ་དགོས།

85
ཕ་རོལ་བའི་མཛད་རྗེས་ལ་བརྩི་བཀུར་བྱ་འོས།

86
ཁྱོད་ཀྱིས་རང་གི་བྱིས་པ་ལ་བླུན་པོ་ཤེས་མེད་ཅེས་སྡིགས་པ་ནི་ཁྱོད་ཀྱིས་རང་ཉིད་བླུན་པོ་ཤེས་མེད་ཅིག་ཡིན་པ་ཁྲོམ་བསྒྲགས་བྱེད་ཚུལ་རིགས་ཤིག་ཡིན།

87
སྨྱོ་ཧམ་ཆེན་པོས་མི་ཚོགས་ཀྱི་ནང་དུ་འཚང་འོས། རྒྱུ་མཚན་མི་ཡིན་པའོ༎

88
བོད་ཀྱི་རིག་གནས་ནི་འཛམ་གླིང་གིས་མཚོན་པའི་འགྲོ་བ་སེམས་ཅན་སྐྱོབ་ཐུབ་ལ་རང་ཉིད་སྐྱོབ་མི་ཐུབ་པའི་རིག་གནས་ཤིག་རེད་ཅེས་ན་ཅི་ལྟར་སྨྲ། གཅིག་བྱས་ན་ལོ་རྒྱུས་ཀྱི་དུས་ཚིགས་འདི་འདྲར་དོན་ལ་གནས་པ་ཞིག་ཡིན་ཡང་སྲིད།

89
ཅི་ལྟར་དང་དོད་བྱས་ན་དེ་ལྟར་དང་དོད་བྱེད་རྒྱུ་ཡོད།

90
དཀོན་མཆོག་གིས་སྔོན་རབས་པ་ལྷག་པ་ཞིག་སྐྱབས་མེད་ལ་རྗེས་རབས་པ་ལྷག་པ་ཞིག་མི་སྐྱོབ་པའང་མི་སྲིད།

91
རིག་གནས་གཙང་མ་ཞིག་མེད།

92
དགེ་རྒན་གྱི་བཟང་ངན་ནི་དགེན་དེའི་སློབ་མའི་སྤུས་ཚད་ལ་བལྟས་ནས་བཤད་དགོས་པ་ལས་མི་སྒེར་ལ་མིང་རྟགས་ཅི་ཙམ་ཡོད་མེད་ཀྱིས་མི་སྒེར་ཁོ་རང་ལས་དགེ་རྒན་ཡིན་པའི་ཡོན་ཏན་བཤད་ཐུབ་པ་མི་བདོག

93
ལྷན་སྐྱེས་ཀྱི་འཇོན་ཐང་སྣང་མེད་དུ་འཇོག་པར་མི་བྱ།

94
གཞན་གྱི་གདེང་འཇོག་ནི་རང་སེམས་བསླུ་བའི་ཆ་རྐྱེན་ཞིག་རེད།

95
ཐེངས་གཅིག་འཆུགས་པས་ཚེ་གང་བརླགས་སྲིད།

96
དཔེ་ཀློག་གིས་ཁྱོད་རང་ནད་པར་བཏང་ཚར་བའི་དུས་འདིར་ཁྱོད་ཀྱིས་མུ་མཐུད་དཔེ་ཆ་བཀླགས་ནས་ནད་གཞན་པ་ཅི་ཞིག་བཅོས་ཐབས་འཚོལ་བཞིན་ཡོད།

97
མི་ལ་དགོས་པ་མདུན་ལམ་ཡིན།

98
དགའ་ཆོག་ཆོག་གི་ཆ་རྐྱེན་འཛོམས་བཞིན་ཁྱོད་ལ་དགའ་མཁན་མེད་པ་ནི་ཁྱོད་ལ་སྒེར་སེམས་ཆེ་བས་རེད།

99
གྲོགས་པོ་མཁོ་ན་འཛུམ་མདངས་སྔོན་དུ་གཉེར་རྒྱུ་མ་བརྗེད།

100
སྤྲིན་ནག་འཁྲིགས་པའི་གནམ་འོག་ཏུ་ཤ་རྗེན་ལ་བུད་ནས་བསོད་མོ་བྱེད་པའི་མི་ཞིག་མེད་པ་ནང་བཞིན་ཁྱོད་ཀྱི་ངོ་ལ་འཁྲིགས་པའི་སྤྲིན་ནག་དེའི་གནམ་འོག་ཏུའང་བཟོད་པ་འབའ་ཞིག་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་མཁན་ཞིག་འབྱུང་མི་སྲིད།

101
ཇིི་འདྲ་སེམས་མི་འཆམ་ས་ཞིག་ཡིན་རུང་ཕ་རོལ་བོ་དེ་མགྲོན་པོ་བྱས་ནས་ཁྱིམ་ལ་ཐོན་པ་དང་རང་འགུལ་སྒོས་ངོ་ཤེས་བྱེད་པ། ཁ་པར་ཐོན་པ་གང་རུང་གི་ཚེ་ཁ་གསལ་ཚིག་གསལ་ཡོད་རྒྱུ་སྐུ་ཉིད་ལ་མཁྱེན།

102
སྐུ་ཉིད་རང་གི་འདོད་ཚུལ་རྐྱང་རྐྱང་ལ་བརྟེན་ནས་འཚོ་སྡོད་མི་བྱེད་པར་འཚལ། རྒྱུ་མཚན་དེ་ནི་སྒེར་གཅོད་རིགས་ཤིག་ཡིན།

103
〝བདག〞ནི་ཆོས་ཀྱི་ངོས་ཐད་ནས་སྡིག་ཅན་ཞིག་དང་འཁོར་བའི་ངོས་ཐད་ནས་སྐྱོན་ཅན་ཞིག་ཡིན་པས་གསོ་སྦྱོང་དང་ཁ་འབྲལ་ཐབས་མེད།

104
ཅི་ཡང་མེད་ཚར་བ་ཡིན་ནའང་མི་ནི་སྔར་བཞིན་འཚོ་གནས་བྱེད་དགོས།

105
གནམ་ནས་ལྷུང་རྒྱུ་ལ་མ་སྒུག

106
ལས་ནི་ནི་ཕྱི་ནང་གི་བསམ་སྤྱོད་ལས་བྱུང་བ་ཡིན།

107
ཁོག་རྒྱ་ཆུང་ན་འགྲོ་ལམ་དོག

108
ཁྱོད་ལ་དགའ་དོན་ནི་ཁྱོད་ལ་དགའ་རིན་མཆིས་པས་རེད།

109
རང་གཤིས་ནི་མི་དེའི་ཕྱི་ནང་གི་བསམ་སྤྱོད་ལས་གྲུབ་པ་ཡིན།

110
ཁ་ཡ་མི་བྱེད་པ་ནི་གཡོ་སྒྱུ་ཞིག་ཡིན་སྲིད།

111
〝ང〞ནི་འཇིག་རྟེན་སྟེང་ཆེས་གླེན་ལ་ཆེས་གྲུང་བ་སྟེ་རྒྱུ་མཚན་ཁོ་ནི་〝ང〞ཡིན་པས་སོ༎

112
གནད་འགག་ནི་གལ་ལ་ཐུག་དུས་ཡིན།

113
སྡུག་ཇི་འདྲ་ཆེ་ཡང་ཕྱི་ལ་མངོན་པར་མི་བྱ། རྒྱུ་མཚན་ཁྱོད་ཀྱི་ཚོར་བ་སུས་ཀྱང་ཁྱོད་ཀྱི་ཚབ་དུ་མྱོང་མི་འོས།

114
ཨུ་ཚུགས་དང་མཉམ་དུ་འཚོ་གནས་བྱེད་འོས་སམ།

115
ཚེ་སྲོག་ནི་གཞན་དོན་རིགས་ཤིག་ཏུ་སྐྱེ་འཇིག་གནས་གསུམ་གནང་གིན་ཡོད།

116
གཞན་མེད་པའི་འཇིག་རྟེན་དུ་ང་ཚོ་ཇི་ལྟར་རང་གི་ཆེད་དུ་འཚོ་ཐུབ་བམ། གཞན་མཆིས་པའི་གཞིས་ཁྱིམ་དུ་ང་ཚོ་གདོན་ཅི་ཞིག་གི་དབང་གིས་རང་དོན་དུ་འཚོ་དགོས་སམ།

117
འཚོ་བ་ནི་མ་གཞི་ནས་རིག་གནས་ཤིག་ཡིན།