བོད་དང་ཨེ་ཤེ་ཡའི་ཤར་དཀྱིལ་དུ་འགྲུལ་བཞུད།

བོད་དང་ཨེ་ཤེ་ཡའི་ཤར་དཀྱིལ་དུ་འགྲུལ་བཞུད།

ཉེ་ཆར་ཕྲན་གྱི་ལག་ཏུ་“བོད་དང་ཨེ་ཤེ་ཡའི་ཤར་དཀྱིལ་དུ་འགྲུལ་བཞུད་”ཅེས་པའི་དེབ་ཅིག་ཐོབ། དེབ་འདི་ཕྱོགས་སྒྲིག་གནང་མཁན་ནི་ཧྥ་རན་སའི་མའེ་ཁོལ་འཇེན་(Michel Jan)ལགས་རེད། སྤྱི་ལོ་༡༩༩༢ལོར་རོ་སྦེ་ཁྲི་ལ་ཧྥོང་ཁྲི་(Robert Laffont)ཟེར་བའི་དཔེ་སྐྲུན་ཁང་ཞིག་གིས་པར་སྐྲུན་བྱས་འདུག སྐུ་ཞབས་མའེ་ཁོལ་འཇེན་ལགས་ཀྱིས་དེབ་འདིའི་ནང་དུ་དུས་རབས་བཅུ་གཉིས་པའི་དུས་ནས་བཟུང་རྒྱ་ནག་དང་། སོག་པོ། བོད། རྒྱ་གར་སོགས་ཀྱི་ནང་དུ་དངོས་སུ་འགྲུལ་བཞུད་དུ་བསྐྱོད་པའམ་ཡང་ན་ཆོས་སྤེལ་དུ་ཕྱིན་པའི་ནུབ་ཕྱོགས་པ་དག་གི་ཟིན་བྲིས་ཁག་ལས་དུམ་བུ་རེ་རེ་ཁོལ་ཏུ་ཕྱུང་སྟེ་བཀོད་འདུག ཕྲན་གྱིས་དེབ་འདིའི་ལེའུ་ཞིག་ཏུ་བོད་དུ་ཕེབས་པའི་ཕྱི་གླིང་པ་ལྔ་ཙམ་གྱི་ཟིན་བྲིས་བཀོད་ཡོད་པ་ཁག་བམ་ཀློག་ཙམ་བྱས་རྗེས། བརྗོད་གཞི་འདི་དང་འབྲེལ་བ་ཡོད་པའི་ཡིག་རིགས་སོགས་བཙལ་འཚོལ་གྱིས་སློབ་སྦྱོང་བྱེད་སྐབས། དེབ་དང་རྩོམ་ཡིག་སྣ་ཚོགས་ཤིག་མཐོང་བྱུང་། ཡིན་ནའང་བོད་དུ་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་དང་དེ་མིན་གྱི་རྩོམ་ཡིག་རེ་ཟུང་གི་ནང་དུ་འདིའི་སྐོར་ཐོར་རེ་བ་ཞིག་ལས་མི་གསལ་བས། གཅིག་བྱས་ན། ཕྲན་གྱིས་་བོད་རིགས་ཚོའི་ནང་དུ་བརྗོད་གཞི་འདི་ལ་དོ་སྣང་གནང་མཁན་དང་། མཁྱེན་འདོད་གནང་མཁན་རེ་ཟུང་ཡོད་རེ་སྙམ་ནས་འབྲེལ་ཡོད་ཀྱི་ཡིག་རིགས་སྣ་ཚོགས་ལ་གཤིབ་བསྡུར་གྱིས“ཡེ་ཤུའི་ཆོས་སྤེལ་མཁན་ཕྱི་གླིང་པ་བོད་དུ་བསྐྱོད་པའི་ལོ་རྒྱུས་གླེང་བ་”ཞེས་པའི་རྩོམ་ཡིག་མདོར་བསྡུས་ཤིག་བྲི་རྒྱུ་ཡིན། འོན་ཀྱང་། རྩོམ་ཡིག་རྒྱས་པ་ཞིག་འབྲི་དགོས་ན་ཟླ་དང་ལོ་སྦྲེལ་ན་མ་གཏོགས་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་འགྲུབ་ཐབས་མེད་པས་དེ་དོན་ཐུགས་ལ་འཇགས་རོགས་ཞུ།

 ཏུན་ཧོང་ཡིག་རྙིང་དུ་འབྱུང་བའི་ཡེ་ཤུའི་ཆོས་ལུགས་ཀྱི་མཚོན་རྟགས།

ཡེ་ཤུའི་ཆོས་སྤེལ་མཁན་གྱི་ཕྱི་གླིང་པ་ཀན་སུའུ་ཞིང་ཆེན་གྱི་བྱང་མཐའི་ལི་ཡུལ་དང་འབྲེལ་མཚམས་ཀྱི་ཏུན་ཧོང་དང་ཐག་ཉེ་བའི་རྒྱལ་ཕྲན་ཡར་ཁཱན་སྒྲི་(Yarkand)དང་། ཀ་ཞི་སྒར།(Kachgar) ཁྲེར་ཧྥན་(Turfan)སོགས་ཀྱི་ཡུལ་དུ་དུས་རབས་བདུན་པའི་དུས་ནས་སླེབས་འདུག་ལ།[1] དུས་སྐབས་དེར་ཡེ་ཤུའི་གྲྭ་པ་ཨ་ལི་ཕན་(Alopen)ཟེར་པ་ཞིག་རྒྱ་ནག་ཁྲང་ཨན(Xi’an)དུའང་བསྐྱོད་དེ་ཐང་གི་གོང་མ་ཐེ་ཙུང་(Taizong)ལ་མཇལ་བའི་ལོ་རྒྱུས་ཡོད་པ་དང་། གོང་མ་ཐེ་ཙུང་གིས་ཡེ་ཤུའི་གྲྭ་པ་ཨ་ལོ་ཕན་ལགས་ལ་ཡེ་ཤུའི་ཆོས་ལུགས་ཀྱི་གྲུབ་མཐའི་ནང་གསེས་ཤིག་སྟེ། སྐབས་དེར་རྒྱ་ནག་ཏུ་དར་བཞིན་པའི་ནེ་སི་ཀྲོ་རས་ལིས་ཟིམ་མུ་(Nestorianisme)ཞེས་པ་ནང་བསྟན་ཆོས་ལུགས་དང་པར་ཟིག་ནས་དར་ཡོང་བའི་མ་ནེ་ཆཱན་(Manichéens)གྱི་ཆོས་ལུགས་ཇི་བཞིན་དར་སྤེལ་གཏོང་ཆོག་པའི་བཀའ་གནང་བས། གྲྭ་པ་ཨ་ལོ་པན་ལགས་ཀྱིས་ཐང་རྒྱལ་ཁབ་ཏུ་ཡེ་ཤུའི་ལྷ་ཁང་ཞིག་བཞེངས་ཏེ་སི་ཀྲོ་རས་ལིས་ཟིམ་མུ་ཞེས་པའི་གྲུབ་མཐའ་སྤེལ་འདུག འོན་ཀྱང་། དུས་རབས་དགུ་པའི་ནང་དུ་ཐང་གི་གོང་མ་བཱ་ཛིང་(Wuzong)གིས་ཡེ་ཤུའི་ཆོས་སྤེལ་མཁན་གྱི་གྲྭ་པ་ཚོ་ཕྱིར་འབུད་བཏང་ཡོད་པ་དང་། རིམ་གྱིས་ནེ་སི་ཀྲོ་རས་ལིས་ཟིམ་མུའི་གྲུབ་མཐའ་སྤེལ་མཁན་གྱི་ཕྱི་གླིང་པ་རེ་ཟུང་གི་ཁ་ཕྱོགས་སོག་ཡུལ་དུ་བསྒྱུར་ཏེ་ཡུལ་དེར་གྲུབ་མཐའ་དེ་སྤེལ་ཡོད།[2] དཔེར་ན་ཇིང་གིར་རྒྱལ་པོ་དང་ཀུབ་ལི་ཁཱང་གི་ཚ་བོ་གཉིས་ཡེ་ཤུའི་ཆོས་ལུགས་ལ་དད་པ་གནང་མཁན་གྱི་བུད་མེད་དང་མཉམ་དུ་གཉེན་སྒྲིག་བྱས་པར་གྲགས་མོད། དུས་རབས་བཅུ་བཞི་པའི་ནང་དུ་སོག་པོའི་སྟོབས་ཤུགས་ཉམས་རྒུད་དུ་གྱུར་པ་དང་ཆབས་ཅིག ཡེ་ཤུའི་ཆོས་ལུགས་ཀྱི་གྲུབ་མཐའ་དེ་ཡང་རིམ་གྱིས་ཡལ་བར་གྲགས།

དུས་རབས་བརྒྱད་པ་དང་དགུ་པའི་ནང་དུ་སི་ཀྲོ་རས་ལིས་ཟིམ་མུ་ཞེས་པའི་གྲུབ་མཐའ་སྤེལ་མཁན་གྱི་ཕྱི་གླིང་པ་ཚོ་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང་ཡུ་གུར། དེ་བཞིན་སོག་ཡུལ་སོགས་སུ་སླེབས་ཡོད་མོད་། བོད་དུ་དུས་རབས་བཅུ་བདུན་པའི་ནང་དུ་མ་གཏོགས་སླེབས་ཐུབ་མེད། འོན་ཀྱང་ཁོང་ཚོ་དུས་རབས་བརྒྱད་པའི་དུས་ཙམ་ནས་ཏུན་ཧོང་བྲག་ཕུག་ཏུ་འབྱོར་ཡོད་པ་དང་། ཏུན་ཧོང་བྲག་ཕུག་ནི་མི་རིགས་སྣ་མང་གི་ཕན་ཚུན་རིག་གནས་དང་ཆོས་ལུགས་བརྗེ་རེས་ཀྱི་ལྟེ་བ་ཞིག་ཏུ་གྱུར་སྟབས། ཏུན་ཧོང་ཡིག་རྙིང་གི་ཁྲོད་དུའང་དུས་རབས་བརྒྱད་པ་དང་དགུ་པའི་ནང་དུ་བྲིས་པའི་ཡེ་ཤུའི་སྟོན་པའི་

ཏུན་ཧོང་ཡིག་རྙིང་།

ཏུན་ཧོང་ཡིག་རྙིང་།

མདོ་(Sutra de Jésus)དང་ཡེ་ཤུའི་གསུང་རབ་ལས་འཕྲོས་པའི་དཔེ་ཆ་མཇལ་རྒྱུ་ཡོད་པར་མ་ཟད། ཏུན་ཧོང་གི་བྲག་ངོས་ཤིག་ཏུའང་རྒྱ་ལུགས་ལྟར་བཞེངས་པའི་ཡེ་ཤུའི་སྟོན་པའི་སྐུ་བརྙན་ཞིག་ཀྱང་ཡོད་འདུག[3] ལྷག་པར་དུ་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་ཀྱི་ཡིག་རྙིང་ཞིག་གི་སྟེང་དུ་ནེ་སི་ཀྲོ་རས་ལིས་ཟིམ་མུའི་གྲུབ་མཐའི་མཚོན་རྟགས་བྲིས་ཡོད་པ་དང་། ད་དུང་བོད་ཀྱི་སྐོར་འཁོད་པའི་ཏུན་ཧོང་གི་ཡིག་རྙིང་ཞིག་ཏུའང་(Jésus le Messie )ཞེས་སོགས་བྲིས་ཡོད། ཧྥ་རན་སིའི་ཏུན་ཧོང་ཡིག་རྙིང་ཞིབ་འཇུག་པ་གྲགས་ཅན་མཱར་ཟ་ལུ་ལོབ་(Marcelle Lalou)ལགས་ལྟར་ན་མཚོན་རྟགས་དེ་ནི་དུས་རབས་བརྒྱད་པའི་མཇུག་གམ་ཡང་ན་དུས་རབས་དགུ་པའི་སྟོད་དུ་བྲིས་པར་བཞེད།[4]

གོང་གི་ལོ་རྒྱུས་འདི་དག་ལ་བརྟགས་ཚེ་ནེ་སི་ཀྲོ་རས་ལིས་ཟིམ་མུའི་གྲུབ་མཐའ་སྤེལ་མཁན་གྱི་ཡེ་ཤུའི་ཆོས་པ་དང་བོད་ཀྱི་མཁས་པ་རྣམས་ཏུན་ཧོང་བྲག་ཕུག་ཏུ་མཇལ་འཛོམས་ཀྱིས་ཕུན་ཚུན་བར་ལ་གླེང་མོལ་བྱུང་ཡོད་པ་སྨོས་མ་དགོས།  བོད་ཀྱི་བླ་མ་ཞིག་ནེ་སི་ཀྲོ་རས་ལིས་ཟིམ་མུའི་གྲུབ་མཐའ་སྤེལ་མཁན་གྱི་ཡེ་ཤུའི་ཆོས་པ་ཞིག་ལ་མཇལ་ཏེ་རྩོད་པ་གནང་བ་ནི་ཀརྨ་པ་སྐུ་ཕྲེང་གཉིས་པ་པཀྴི་ཆོས་ཀྱི་བླ་མ་ཡིན་པ་ཤེས་པར་གྱུར། དུས་རབས་བཅུ་གསུམ་པའི་ནང་དུ་ཀརྨ་པ་སྐུ་ཕྲེང་གཉིས་པ་སོག་ཡུལ་དུ་ཕེབས་སྐབས། ཇིན་གུར་རྒྱལ་པོའི་ཚ་བོ་མང་ཁེ་ཁན་(Möngke Khan)ལགས་ཀྱི་བཀོད་སྒྲིག་འོག ཀརྨ་པཀྴི་ཆོས་ཀྱི་བླ་མ་དང་ནེ་སི་ཀྲོ་རས་ལིས་ཟིམ་མུའི་ཆོས་པ་གཉིས་ཆོས་ལུགས་ཕུན་ཚུན་གྱི་ལྟ་གྲུབ་སྐོར་ལ་རྩོད་གླེང་གནང་[5]བའི་ལོ་རྒྱུས་ཟུར་ཙམ་གསལ་བ་འདིར་དྲངས་པ་ཡིན་ལ། ད་དུང་བརྗོད་གཞི་འདི་དག་གི་སྐོར་ལ་ང་ཚོས་ཞིབ་འཇུག་བྱེད་དགོས་པར་སྣང་།

 ནུབ་ཕྱོགས་པའི་ཟིན་བྲིས་ནང་གི་བོད་ཀྱི་གནས་ཚུལ་ཐོར་རེ་བ།

དུས་རབས་བཅུ་གཉིས་པའི་སྔོན་གྱི་ནུབ་ཕྱོགས་པའི་ལོ་རྒྱུས་ནང་དུ་བོད་ཀྱི་གནས་ཚུལ་འཁོད་མེད་པར་གྲགས་ལ། བོད་ཅེས་པའི་མིང་འདི་ཐོག་མར་ནུབ་ཕྱོགས་ཀྱི་བསྟན་བཅོས་ནང་དུ་བྱུང་དུས་ནི་དུས་རབས་བཅུ་གཉིས་པའི་དུས་མཇུག་ཡིན་པ་དང་། ནུབ་ཕྱོགས་ཀྱི་བསྟན་བཅོས་ནང་དུ་ཐོག་མར་འབྲི་མཁན་ནི་འབན་འཇུ་མཱན་(Benjamin of Tudele)ལགས་ཡིན་པར་བཤད། ཁོང་ནི་སྤྱི་ལོ་

འབན་འཇུ་མཱན།

འབན་འཇུ་མཱན།

༡༡༣༠ལོར་སི་པེན་(Spain)རྒྱལ་ཁབ་ཀྱི་ཁྲོབ་སྒྲ་ལཱ་(Tudela)ཞེས་པའི་ཡུལ་དུ་སྐུ་འཁྲུངས་ཤིང་། ཆུང་དུས་ནས་ཡུ་རོབ་གཙོས་པའི་རྒྱལ་ཁབ་འདྲ་མིན་དུ་འགྲུལ་བཞུད་དུ་ཕེབས་མྱོང་བ་དང་། དུས་རབས་བཅུ་གཉིས་པའི་དུས་མཇུག་ཏུ་ཨེ་ཤེ་ཡའི་དཀྱིལ་ཤར་དུ་འགྲུལ་བཞུད་དུ་སྐྱོད་འགོ་ཚུགས་འདུག

ཁོང་བོད་དུ་ཕེབས་པའི་ལོ་རྒྱུས་མ་མཐོང་མོད། ཁོང་གིས་བྲིས་པའི་ལམ་ཡིག་ཅིག་གི་ནང་དུ་རྒྱལ་ཕྲན་ས་མ་ཁེན་སྒྲི་(Sarmarkand)ཞེས་པ་ནས་ཉིན་གྲངས་བཞིའི་རིང་གོམ་བགྲོད་བྱས་ན་བོད་དུ་འབྱོར་བ་དང་། བོད་ཀྱི་ཤིང་ནགས་གསེང་དུ་གླ་རྩི་ཡོད་པའི་རི་དྭགས་ཤིག་ཡོད་[6]སྐོར་གྱི་གནས་ཚུལ་དུམ་བུ་ཞིག་གསལ། སྐབས་དེར་ཁོང་གིས་བོད་མིང་ལ་ལ་ཏིན་སྐད་དུ་ཐུ་སྦོ་ཐི་(Thoboth)ཞེས་པ་སྤྱད་ཡོད་པ་དང་། དེ་ནས་བཟུང་ནུབ་ཕྱོགས་པས་བོད་མིང་ལ་ཐུ་སྦོ་ཐི་ཞེས་པ་སྤྱོད་འགོ་ཚུགས་པར་བཤད།

འབན་འཇུ་མཱན་ཨེ་ཤེ་ཡའི་དཀྱིལ་ཤར་དུ་ཕེབས་ནས་དུས་རབས་གཅིག་གི་རྗེས་སུ། ཨི་ཊ་ལིའི་ཇཱན་སྡས་ཕུ་ལ་ཁོ་ཧྥན་(Jean du Plan Carpin)ལགས་སོག་ཡུལ་དུ་བསྐྱོད་ཡོད་ལ། ཁོང་ནི་ཡེ་ཤུའི་བླ་ཆེན་པོབ་(Innocent IV)དང་རྒྱལ་པོ་ཟིན་ཁྲི་ལོས་ཨེ་(Saint Louis)རྣམ་གཉིས་ཀྱིས་ཇིང་གིར་རྒྱལ་པོའི་སྲས་གསུམ་པ་སྐུ་གཤེགས་པའི་མྱ་ངན་ཞུ་ཆེད་དང་། ལྷག་པར་དུ་རོམ་གྱི་མ་འོངས་བདེ་འཇགས་ཆེད་དུ་སོག་ཡུལ་དུ་མངགས་གཏོང་གནང་བ་ཞིག་རེད། ཁོང་གིས་ལྗགས་རྩོམ་གནང་བའི“སོག་པོའི་ལོ་རྒྱུས”ཞེས་པའི་དེབ་ཏུ་སོག་དམག་བོད་དུ་ཕྱིན་ནས་རྒྱལ་ཁ་བླངས་ཚུལ་དང་། བོད་ཡུལ་དུ་བོད་མི་ཞིག་ཤི་རྗེས་ཤུལ་ལུས་བཟའ་མི་ཚང་མ་གཤིན་པོའི་མཐའ་རུ་འཛོམས་ཏེ་བེམ་པོ་ཟ་བའི་ལུགས་སྲོལ་ཡོད་[7]སྐོར་གྱི་གནས་ཚུལ་ཕྲན་བུ་ཞིག་གསལ་ནའང་། ཁོང་ཡང་བོད་དུ་ལོ་རྒྱུས་ཡོད་པ་མ་མཐོང་།

སྤྱི་ལོ་༡༢༥༣ལོར་ཡེ་ཤུའི་བླ་ཆེན་པོབ་དང་རྒྱལ་པོ་ཟིན་ལོས་རྣམ་གཉིས་ཀྱིས་ཡང་བསྐྱར་ཡེ་ཤུའི་ཆོས་པ་ཨས་ཡན་སྡུ་རོས་སྦུ་རེ་ཁུ་(Guillaume de rubrouck)ལགས་སོག་ཡུལ་དུ་མངགས་གཏོང་གནང་བ་དང་། ཁོང་གིས་འབྲི་རྩོམ་གནང་བའི“སོག་པོའི་རྒྱལ་ཁབ་ཏུ་འགྲུལ་བཞུད”ཅེས་པའི་བསྟན་བཅོས་དེའི་ནང་དུ། བོད་ཀྱི་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་“ཨོཾ་ཎིཔདམེཧཱུྃ་”ལས་འཕྲོས་ཏེ་བོད་ཀྱི་ནང་པའི་དགེ་སློང་དག་གིས་སྐྱེ་བ་སྔ་ཕྱི་ཟེར་བ་ཞིག་ཁས་ལེན་གནང་གི་ཡོད་པ་དང་། བོད་མི་དག་ནི་མི་ཤ་ཟ་མཁན་ཡིན་པ་མ་ཟད། བོད་མི་ཚོས་གྲོངས་ཟིན་པའི་རང་གི་ཕ་མའི་ཀླད་རུས་ནང་དུ་ཇ་བཏུང་གི་ཡོད་[8]པའི་སྐོར་འཁོད་ཡོད་མོད། འོན་ཀྱང་། ཁོང་གིས་བོད་ཀྱི་གནས་ཚུལ་འདི་དག་བོད་དུ་འགྲོ་མཁན་ཞིག་གིས་དེ་ལྟར་བརྗོད་བྱུང་[9]ཞེས་འགྲེལ་བཤད་བགྱིས་འདུག

དེ་ནས་སྐད་གྲགས་ཅན་གྱི་ལྗོངས་རྒྱུ་བ་མཱར་ཁོ་ཕོ་ལོ་(Marco Polo)ལགས་ཚོང་པའི་མིང་ཐོག་ནས་ཀུབ་ལི་ཁཱང་གི་དུས་སྐབས་ཏེ་སྤྱི་ལོ་༡༢༧༥ལོར་སོག་ཡུལ་དུ་བསྐྱོད་ཡོད་པ་དང་། ཁོང་བོད་སོག་གི་ས་མཚམས་ཤིག་བརྒྱུད་དེ་ཕྱིན་པ་འདྲ་ནའང་། ཁོང་གི་ཟིན་ཐོའི་ནང་དུ་ཀན་ཀྲིག་(Gaindu)ཞེས་པའི་བོད་ཀྱི་ས་མིང་ཞིག་འབྱུང་ལ། དེ་ནི་ཡུན་ནན་ཕྱོགས་ཡིན་ཚུལ་ཤོད་མཁན་ཡང་ཡོད། དེ་བཞིན་དུ་དེང་སང་མཱར་ཁོ་ཕོ་ལོའི་སྐུ་ཚེའི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་ཚོའི་ཁྲོད་དུ་ཁོང་གིས་ལྗགས་རྩོམ་གནང་བའི་བསྟན་བཅོས་དེ་དག་གི་ནང་དུ་འཁོད་པའི་འགྲུལ་བཞུད་ཀྱི་ལོ་རྒྱུས་རེ་ཟུང་བདེན་པ་མིན་སྐོར་རྗོད་མཁན་[10]འདུག་པ་གང་ལྟར་ཡང་། ཁོང་གིས་བོད་ཀྱི་ས་ཆ་ནི་ཡངས་ཤིང་རྒྱ་ཆེ་བ་དང་། བོད་ཀྱི་ས་ཐོག་ཏུ་ཕྱུགས་ཟོག་མང་པོ་ཡོད་པ་མ་ཟད། འབྲུག་ལྡིར་བ། གློག་དམར་འཁྱུག་པ། དྲག་ཆར་འབབ་ཚུལ་དང་། བོད་དུ་སྔགས་པ་དང་སྔགས་མ་ཡོད་ཚུལ། དེ་ནས་བོད་དུ་གསེར་དང་བྱི་རུ་ཡོད་ཚུལ། བོད་མི་ཚོ་ནི་གཙང་སྤྲ་ཞན་པ་དང་ཀླ་ཀློའི་རིགས་ཀྱི་རྣམ་པ་ཡོད་ཚུལ་བརྗོད་ཡོད་ལ། བོད་ཀྱི་འབྲོག་ཁྱི་དག་ནི་བོང་བུ་ལྟར་ཆེ་ལ། བོད་ཀྱི་ཡུལ་སྲོལ་གོམས་གཤིས་ནི་ཧ་ཅང་ངོ་མཚར་ཅན་རེད་[11]བྲིས་ཡོད།

མཱར་ཁོ་ཕོ་ལོ་ཕྱིན་མྱོང་བའི་ཡུལ་ལུང་གི་ས་ཁྲ།

མཱར་ཁོ་ཕོ་ལོ་ཕྱིན་མྱོང་བའི་ཡུལ་ལུང་གི་ས་ཁྲ།

ནུབ་ཕྱོགས་པ་ཚོས་དུས་རབས་བཞི་བཅུ་པའི་ནང་དུ་ཨེ་ཤེ་ཡའི་གླིང་དུ་ཕེབས་མྱོང་བའི་ཡེ་ཤུའི་ཆོས་པ་ཨོ་སྒྲི་ར་ཁོ་སྡུ་ཕོ་སྒྲི་ནན་(Odoric de Pordenone)ལགས་ནི་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་མཁན་གྱི་ནུབ་ཕྱོགས་པ་ཐོག་མ་དེར་ངོས་འཛིན་གནང་ཡོད་[12]མོད། དེང་སང་ནུབ་ཕྱོགས་ཀྱི་བོད་རིག་པ་སྨྲ་བ་རེ་ཟུང་གིས་ཁོང་ལྷ་སར་ཕེབས་མེད་ཚུལ་[13]དང་། དོན་དངོས་སུ་ཁོང་ཕེབས་མྱོང་བའི་རཱ་བྷོ་ཐུ་(Riboth)ཞེས་པའི་ཡུལ་གྲུ་འདི་ནི་བོད་ཡུལ་མིན་པར་ཡུ་གུར་ཕྱོགས་ཀྱི་གནའ་བོའི་རྒྱལ་ཕྲན་ཁཱོ་ཁྲན་(Khotan)ཞེས་པར་ངོས་འཛིན་བྱེད་དགོས་གསུངས་ཡོད།

དུར་ལས། དུས་རབས་བཅོ་ལྔ་པའི་ནང་དུ་ཕྱི་གླིང་པས་བྲིས་པའི་རི་མོ་ཞིག

དུར་ལས། དུས་རབས་བཅོ་ལྔ་པའི་ནང་དུ་ཕྱི་གླིང་པས་བྲིས་པའི་རི་མོ་ཞིག

དེ་ལྟ་ནའང་། ཨོ་སྒྲི་ར་ཁོ་ཨོ་ཧྥུ་ཕོ་སྒྲི་ནན་གྱིས་རཱ་བྷོ་ཐུའི་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་སོགས་བྲིས་པ་ཁག་ལས་དུམ་ཚན་འགའ་ཁོལ་ཕྱུང་གིས་བསྒྱུར་ན་འདི་ལྟར། རཱ་བྷོ་ཐུའི་ཡུལ་ནི་རྒྱ་གར་དང་ཐག་ཉེ་ཞིང་། སོག་པོའི་མངའ་འོག་ཏུ་ཡོད་པ་དང་། མི་རྣམས་ཕྱིང་བ་ནག་པོའི་གུར་གྱི་ནང་དུ་སྡོད་ཅིང་། གྲོང་ཁྱེར་ལྟེ་བ་ཁག་ནི་རྡོ་དཀར་གྱིས་བཞེངས་ཡོད་སྟབས་བཀྲག་མདངས་ལྡན་། རཱ་བྷོ་ཐུའི་མངའ་ཁོངས་སུ་གྱུར་པའི་རྒོ་ཁྲ་ཞེས་པའི་ཡུལ་དེའི་བུད་མེད་རྣམས་ཀྱི་སྐྲ་རིང་ཞིང་སླས་ཡོད་པ་དང་། འགྲམ་སོ་གཉིས་ནི་ཕག་རྒོད་ཀྱི་མཆེ་བ་ལྟར་རིང་པོ་ཡོད་པ་མ་ཟད། ཡུལ་དེའི་ཁྱིམ་ཚང་ཞིག་གི་བཟའ་དཔོན་ཤི་ཚེ་གཤིན་པོའི་བུས་ཆོས་དཔོན་དང་། ཆོས་པ་འགའ། ཡུལ་མི། གྲོགས་པོ་རྣམས་སྐད་གཏོང་ཞིང་། དེ་ནས་བེམ་པོ་ཕྱི་ལོགས་སུ་འཁྱེར། ཆོས་པ་ཞིག་གིས་གཤིན་པོའི་མགོ་བཅད་དེ་བུ་ལ་སྤྲོད། དེ་མ་ཐག་ཚང་མས་གླུ་ལེན་ཞིང་། ཆོས་དཔོན་གྱིས་བེམ་པོ་དུམ་བུར་བཅད་དེ་བྱ་རྒོད་ལ་སྟེར། ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་“ལྷ་ཡི་བྱ་རྒོད་ཀྱིས་ཁོང་བདེ་བ་ཅན་དུ་ཁྱེར་བར་ཤོག་”ཅེས་སྐད་བརྒྱབ་ནས་ཕྱིར་ལོག དེ་ནས་བུ་ཡིས་གཤིན་པོའི་མགོ་རང་ཡུལ་དུ་ཁྱེར་ཡོང་ནས་ཤུལ་ལུས་ནང་མི་དང་ལྷན་དུ་བཙོས་ཏེ་ཟ། གཤིན་པོའི་མགོ་ཟ་བ་ནི་ཁོང་མི་བརྗེད་པའི་རྟེན་དུ་བྱེད་[14]ཅེས་སོགས་བྲིས་ཡོད་ལ། ནུབ་ཕྱོགས་པ་ཚོས་ཀྱང་དུས་ཡུན་རིང་པོ་ཞིག་ལ་གོང་གི་ཟིན་བྲིས་སུ་འཁོད་པའི་མི་ཤ་ཟ་བའི་ལུགས་སྲོལ་ཡོད་པ་འདི་དག་ལ་ཡིད་ཆེས་བྱས་པར་གྲགས།

 རྩ་ཧྲེང་དང་གཞིས་ཀ་རྩེར་སླེབས་པའི་ཡེ་ཤུའི་ཆོས་པ།

སྤྱི་ལོ་༡༥༣༤ལོར་རོམ་གྱི་དབུས་ཡེ་ཤུའི་ཆོས་ཚོགས་ཀྱིས་ཡེ་ཤུའི་སྟོན་པའི་ཆོས་ཚོགས་(la Société de Jésus)ཞེས་པ་ཞིག་བཙུགས་ཏེ། ཡེ་ཤུའི་ཆོས་ཚོགས་དེས་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་འདྲ་མིན་དུ་ཡེ་ཤུའི་ཆོས་སྤེལ་མཁན་གྱི་ཆོས་པ་གཏོང་འགོ་ཚུགས་ཡོད།

སྤྱི་ལོ་༡༦༢༡ལོར་ཕོར་ཆི་གྷལ་(Portugal)གྱི་ཡེ་ཤུའི་ཆོས་པ་ཨང་ཁྲོ་ནཱས་ཡ་ཨང་སྒྲི་ར་སྒྲེ་(Antonio de Andrade)ལགས་རྒྱ་གར་དུ་ཕེབས་ཤིང་། དུས་ཡུན་རིང་པོ་མ་འགོར་བར་ཁོང་རྒྱ་གར་གྱི་ཨ་སྒུ་རཱའི་(Agra)ཡུལ་དུ་བཙུགས་པའི་ཆོས་ཚོགས་(Mission auprès du Grand Moghol)ཞེས་པ་དེའི་ཆོས་དཔོན་དུ་བདམས་ཡོད་པ་དང་། སྐབས་དེར་ཁོང་གིས་རི་བོ་ཧི་མ་ལ་ཡའི་རི་རྒྱུད་དུ་ཡེ་ཤུའི་ཆོས་ལ་དད་པ་བྱེད་མཁན་གྱི་མི་རིགས་ཡོད་པའི་གཏམ་ཡན་ཞིག་གོ་ཐོས་བྱུང་བ་འདྲ་ལ། ལར་ནས་གཏམ་ཡན་དེ་ནི་སྦན་ཁྲོ་སྒྲི་དགོ་(Bento de Goes)ཞུ་བའི་ཡེ་ཤུའི་ཆོས་པ་ཞིག་དར་སི་ཚོང་ལམ་དུ་རྒྱལ་སྲས་མགོན་པོ་རྣམ་རྒྱལ་འབོད་པའི་བཙོན་པ་ཞིག་ལ་འཕྲད་དེ། ཁོང་གི་འཁྲུངས་ཡུལ་སྐོར་ལ་གླེང་སློང་བྱུང་ཡོད་པ་དང་། ཡེ་ཤུའི་ཆོས་པ་སྦན་ཁྲོ་སྒྲི་དགོ་ལགས་ཀྱིས་མགོན་པོ་རྣམ་རྒྱལ་གྱི་གསུང་ལ་གོ་ནོར་ཐེབས་ནས་བོད་དུའང་ཡེ་ཤུའི་ཆོས་ལ་དད་པ་བྱེད་མཁན་གྱི་མི་ཡོད་དམ་སྙམ་པ་དང་། དེ་ནས་ཡེ་ཤུའི་ཆོས་པ་དེས་དེ་འབྲེལ་གྱི་ཕྱག་འཕྲིན་ཞིག་རྒྱ་གར་གྱི་ཡེ་ཤུའི་ཆོས་སྤེལ་མཁན་ཚོར་བསྐུར་བར་མངོན།

དེར་བརྟེན། སྤྱི་ལོ་༡༦༢༤ལོའི་ཟླ་བརྒྱད་པའི་ནང་ཨང་ཁྲོ་ནཱས་ཡ་ལགས་དང་། མཱ་ཉོལ་མར་ཁུ་(Manuel Marques)ལགས། ད་དུང་ཡེ་ཤུའི་གྲྭ་པ་གཉིས་བཅས་ཁྱོན་བསྡོམས་མི་བཞི་རི་བོ་ཧི་མ་ལ་ཡའི་ཕྱོགས་སུ་གོམ་བགྲོད་བྱས་ཏེ་སྟོད་མངའ་རིས་ཀྱི་རྩ་ཧྲེངས་སུ་སླེབས། ཁོང་ཚོ་རྩ་ཧྲེངས་སུ་འབྱོར་རྗེས། གུ་གེའི་རྒྱལ་པོ་ཁྲི་བཀྲ་ཤིས་གྲགས་པ་དང་ཁོང་གི་རྒྱལ་མོ་གཉིས་ཀྱིས་སྣེ་ལེན་ཡག་པོ་བྱས་ཡོད་པར་མ་ཟད། རྒྱལ་པོས་ཡུལ་དེར་ཡེ་ཤུའི་ལྷ་ཁང་ཞིག་བཞེངས་པར་བཀའ་འཁྲོལ་ཀྱང་གནང་འདུག[15] ལོ་རྒྱུས་ཡོངས་གྲགས་ལྟར་ནའང་། རྩ་ཧྲེངས་སུ་སླེབས་པའི་ཡེ་ཤུའི་ཆོས་པ་འདི་དག་ནི་བོད་ཡུལ་དུ་བསླེབས་པའི་ནུབ་ཕྱོགས་པའི་མི་སྔ་ཤོས་དང་ཆོས་སྤེལ་མཁན་ཐོག་མ་དེར་ངོས་འཛིན་བྱེད།

ཨང་ཁྲོ་ནཱས་ཡ་ཨང་སྒྲི་ར་སྒྲེ།

ཨང་ཁྲོ་ནཱས་ཡ་ཨང་སྒྲི་ར་སྒྲེ།

ཨང་ཁྲོ་ནཱས་ཡ་རྩ་ཧྲེངས་སུ་ཉིན་གྲངས་ཉི་ཤུ་ལྷག་ལ་བསྡད་རྗེས་ཕྱིར་རྒྱ་གར་དུ་ལོག་ཡོད་པ་དང་། སྐབས་དེར་ཁོང་གིས་རྒྱ་གར་གྱི་ཨཱ་སྒུ་རཱ་(Agra)ཞེས་པའི་ཡུལ་གྱི་ཁ་ཆེ་བ་ལས་བོད་ཀྱི་རྩ་ཧྲངས་ཁུལ་གྱི་བོད་མི་ཚོར་ཡེ་ཤུའི་ཆོས་སྤེལ་བར་ལས་སླ་པོ་ཡོད་པའི་ཚོར་སྣང་བྱུང་སྟེ། སྤྱི་ལོ་༡༦༢༥ལོར་ཁོང་དང་ཡེ་ཤུའི་ཆོས་པ་གཉིས་སླར་ཡང་རྩ་ཧྲངས་སུ་འབྱོར་བ་དང་། ཁོང་གི་ཆོས་གྲོགས་གཉིས་ཀྱིས་བོད་སྐད་དང་བོད་ཡིག་སྦྱངས་ཏེ་བོད་ཀྱི་དགེ་སློང་ཚོ་དང་མཉམ་དུ་རྩོད་པ་གནང་བར་གྲགས། སྤྱི་ལོ་༡༦༢༦ལོར་རྒྱལ་པོས་སྦྱིན་བདག་བགྱིས་ཏེ་ཡུལ་དེར་ཡེ་ཤུའི་ལྷ་ཁང་(L’église de Notre-Dame de l’Espérance)ཞིག་དང་། ལོ་གཅིག་གི་རྗེས་སུ་ལ་དྭགས་དང་ཐག་ཉེ་བའི་རུ་ཐོག་ཏུའང་ཡེ་ཤུའི་ཆོས་ཚོགས་ཤིག་བཙུགས་འདུག དེར་བརྟེན་རྩ་ཧྲེངས་སུ་ཡེ་ཤུའི་ཆོས་ལུགས་ཀྱི་རྩ་བ་རྒྱས་པ་དང་། གུ་གེ་རྒྱལ་པོས་ཀྱང་ཡེ་ཤུའི་ཆོས་ལ་དད་པ་གནང་བས། སྐབས་དེར་རྒྱལ་པོའི་ཉེ་འབྲེལ་དག་གིས་ཁོང་ལ་ཡེ་ཤུའི་ཆོས་ལ་དད་པ་གནང་མི་འོས་པའི་དགོངས་ཚུལ་ཞུས་[16]ནའང་གྲུབ་འབྲས་མ་བྱུང་བས། རེ་ཞིག་རྩ་ཧྲེངས་ཡུལ་འདི་ཡེ་ཤུའི་ཆོས་ལུགས་དར་སྤེལ་བྱེད་ཡུལ་ཞིག་ཏུ་གྱུར་པ་རེད།

སྤྱི་ལོ་༡༦༣༢ལོར་ཨང་ཁྲོ་ནཱས་ཡ་ལགས་ཀྱིས་སླར་ཡང་ཡེ་ཤུའི་ཆོས་པ་དྲུག་ཁྲིད་ནས་རྩ་ཧྲེངས་སུ་འབྱོར་ཏེ་ཡེ་ཤུའི་ཆོས་སྤེལ་ཡོད་ནའང་། སྐབས་དེར་བོད་ཀྱི་བླ་མ་དང་གྲྭ་པ། མི་མང་གིས་ངོ་རྒོལ་བྱས་པ་དང་སྟབས་བསྟུན། ལ་དྭགས་རྒྱལ་པོ་སངས་རྒྱས་རྣམ་རྒྱལ་མཆོག་གིས་ཀྱང་བོད་མི་ཚོར་རོགས་རམ་གནང་བའི་བརྒྱུད་རིམ་ཁྲོད། གཞིས་ཀ་རྩེའི་ཡེ་ཤུའི་ལྷ་ཁང་གཏོར་བཤིག་བཏང་བ་དང་། ཡེ་ཤུའི་ཆོས་པ་མཱ་ཉོལ་མར་ཁུ་ལགས་གཙོས་པའི་ཡེ་ཤུའི་ཆོས་པ་ཁ་ཤས་བཙོན་འཇུག་བྱས་ཏེ་བཀྲོངས་ཡོད་ལ། ཕལ་ཆེར་གུ་གེ་རྒྱལ་པོའང་སྐབས་དེར་སྐུ་གཤེགས་ཡོད། སྤྱིར་བཏང་བོད་ཀྱི་ལོ་རྒྱུས་ནང་དུ་གུ་གེ་རྒྱལ་རབས་ཉམས་རྒུད་དུ་གྱུར་པའི་ལོ་རྒྱུས་སྐོར་ལ་གསལ་ཁ་མེད་ཀྱང་། དུས་རབས་བཅུ་པའི་ནང་དུ་རྒྱལ་པོ་ལྷ་སྲས་དར་མའི་ཡང་ཚ་སྐྱིད་ལྡེ་ཉི་མ་མགོན་གྱིས་བཙུགས་པའི་རྒྱལ་རབས་དེ་དུས་རབས་བཅུ་བདུན་པའི་ནང་དུ་གློ་བར་དུ་ཉམས་རྒུད་གྱུར་པ་རེད། དེ་ལྟར་གྱུར་དོན་དེ་ཡང་མཐར་གཏུགས་ན་གུ་གེ་རྒྱལ་པོ་ཁྲི་བཀྲ་ཤིས་གྲགས་པ་མཆོག་གིས་ཡེ་ཤུའི་ཆོས་ལ་དད་པ་གནང་བས་ཡིན་པར་སྙམ་ལ། ལ་དྭགས་རྒྱལ་པོས་དེའི་གོ་སྐབས་སྤྱད་དེ་གུ་གེ་རྒྱལ་རབས་རྩ་གཏོར་དུ་བཏང་བ་ཞིག་རེད་འདོད།

གང་ལྟར་ཡང་། གནས་སྟངས་དེའི་དབང་གིས་ཨང་ཁྲོ་ནཱས་ཡ་རྩ་ཧྲེངས་སུ་བཞུགས་མ་ཐུབ་པར་རྒྱ་གར་དུ་ལོག་ཅིང་། སྤྱི་ལོ་༡༩༣༤ལོར་སྐུ་གཤེགས་འདུག འོན་ཀྱང་། གུ་གེའི་རྒྱལ་རབས་ཉམས་རྒུད་དུ་མ་གྱུར་པའི་སྔོན་ལའང་། སྤྱི་ལོ་༡༦༢༧ལོར་རྒྱ་གར་དུ་བཞུགས་པའི་ཡེ་ཤུའི་ཆོས་པ་སི་ཀྲེ་བན་ཁ་ཆཱ་ལ་(Estevao Cacella)ལགས་འབྲུག་ཡུལ་བརྒྱུད་དེ་གཞིས་ཀ་རྩེའི་ཕྱོགས་སུ་སླེབས་ཡོད་པ་དང་། ཐོག་མར་སྡེ་སྲིད་གཙང་པ་ཀརྨ་བསྟན་སྐྱོང་དབང་པོས་ཕྱིར་ལོག་དགོས་པའི་བཀའ་གནང་ཡོད་ནའང་ཕྱིས་སུ་སྣེ་ལེན་བྱས་པས། སི་ཀྲེ་བན་གྱིས་གཞིས་ཀ་རྩེ་རུ་ཡེ་ཤུའི་ཆོས་ཚོགས་ཤིག་ཀྱང་བཙུགས་འདུག་ལ། སྐབས་དེར་ཡེ་ཤུའི་ཆོས་པ་གཞོ་ཨ་ཁ་སྦུ་རོ་(João Cabral)ལགས་ཀྱང་གཞིས་ཀ་རྩེར་འབྱོར་ཏེ། ཁོང་གཉིས་ཀྱིས་ཡེ་ཤུའི་ཆོས་སྤེལ་བར་སྟ་གོན་བཏིངས་ཡོད་མོད། དུས་ཡུན་རིང་པོ་མ་འགོར་བར་སི་ཀྲེ་བན་ལགས་སྐུ་གཤེགས་ཡོད་པ་དང་། དེར་བརྟེན་ཆོས་པ་གཞོ་ཨ་ལགས་ཀྱང་གཞིས་ཀ་རྩེ་ནས་མ་བཞུགས་པར་འབྲུག་ཡུལ་དུ་ཕྱིན་པ་རེད།[17] གང་ལྟར་ནུབ་ཕྱོགས་ཀྱི་ལོ་རྒྱུས་ནང་དུ་ཇོ་བོ་ཤཱཀྱ་མུ་ནེའི་མིང་འཁྱེར་ཡོང་མཁན་དང་། ནུབ་ཕྱོགས་པ་ཚོར་བོད་མི་ཚོའི་རྨི་ལམ་ནང་གི་བྱང་ཕྱོགས་ཤམ་བྷ་ལ་ངོ་སྤྲོད་གནང་མཁན་གོང་གི་ཡེ་ཤུའི་ཆོས་པ་འདི་གཉིས་ཡིན་པར་བཤད།

ཡེ་ཤུའི་ཆོས་པ་འདི་དག་གིས་ས་ཕྱོགས་གཞན་དུའང་སྐད་ཡིག་དང་ཆོས་ལུགས་གཅིག་པའི་བོད་ཀྱི་རྒྱལ་ཕྲན་མང་པོ་ཡོད་པ་དང་། ལྷག་པར་དུ་བོད་ཆེན་པོ་ཞེས་པའི་དབུས་གཙང་རྒྱལ་ཁབ་ཟེར་བ་ཞིག་ཡོད་པ་མཁྱེན་ཚོར་བྱུང་འདུག་མོད། ཁོང་ཚོ་ལྷ་སར་ཕེབས་པའི་ལོ་རྒྱུས་མེད། ཁོང་ཚོས་བྲིས་པའི་ཟིན་དེབ་དེ་དག་གི་ནང་དུ་བོད་དུ་འགྲོ་བར་མཐོན་པོའི་གངས་རི་དང་། གཡང་གཟར་གྱི་ལམ་ཕྲན། མུ་མེད་ལུང་སྟོང་སོགས་བརྒྱུད་དགོས་པས་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད་ཚུལ་དང་། རྩ་ཧྲེངས་དང་གཞིས་ཀ་རྩེ་སོགས་ཀྱིས་གཙོས་པའི་སྟོད་མངའ་རིས་ཁུལ་གྱི་གྲོང་གསེབ་ཁག་གི་ཆོས་ལུགས་ཀྱི་བྱེད་སྒོ་དང་འཚོ་བ་སྐྱེལ་སྟངས་སོགས་རྩལ་དུ་བཏོན་ནས་བྲིས་ཡོད།

ཡེ་ཤུའི་ཆོས་པ་ལྷ་སར་འབྱོར་བ།

སྤྱི་ལོ་༡༦༥༧ལོར་རོམ་གྱི་ཡེ་ཤུའི་ཆོས་ཚོགས་འཇའ་བཟོ་ཨེ་ཐུ་(Jésuite)ཞེས་པས་བྷེལ་རྗམ་གྱི་ཨ་བྷར་ཊི་སྒྲོལ་བལ་(Albert d’Orville)ལགས་གཙོས་པའི་ཆོས་པ་བཅུ་བདུན་རྒྱ་ནག་ཏུ་ཡེ་ཤུའི་ཆོས་སྤེལ་དུ་བཏང་ཡོད་པ་དང་། ཁོང་རྒྱ་ནག་གི་ཧྲན་ཞིར་འབྱོར་ཏེ་ཡེ་ཤུའི་ཆོས་ཚོགས་ཤིག་བཙུགས་ཡོད་ནའང་། ལོ་ཁ་ཤས་ཀྱི་རྗེས་སུ་ཨ་བྷར་དང་ཨོ་སི་ཁྲི་ལེ་ཡའི་ཡེ་ཤུའི་ཆོས་པ་ཇཱན་གྷུ་བྷར་(Jean Grueber)ལགས་གཉིས་གནས་ཚུལ་ཞིག་གིས་རྐྱེན་པས་ཕྱིར་ཡུ་རོབ་ཏུ་འགྲོ་དགོས་བྱུང་སྐབས། ཁོང་གཉིས་ཀྱིས་རྒྱ་ནག་ནས་ཡུ་རོབ་ཏུ་འགྲོ་བའི་མཚོ་ལམ་བཀག་པ་མཁྱེན་ཚོར་བྱུང་བས། ཆོས་པ་ཁོང་གཉིས་རྒྱ་གར་ཕྱོགས་སུ་བསྐྱོད་ཡོད་ནའང་། སྤྱི་ལོ་༡༦༦༡ལོའི་ཟླ་༡༡པའི་ཚེས་༨ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་འདུག[18] ལྷ་ས་རུ་ཟླ་ངོ་གཉིས་ལ་བཞུགས་ཡོད་ཀྱང་། ཆོས་པ་འདི་གཉིས་ཀྱིས་ལྷ་སར་ཡེ་ཤུའི་ཆོས་ཚོགས་བཙུགས་པའི་ལོ་རྒྱུས་དེ་འདྲ་མེད་ནའང་། ཇཱན་གྷུ་བྷར་ལགས་ཀྱིས་བྲིས་པའི་ཟིན་ཐོ་དང་སྐྱ་བྲིས་རི་མོ་ལྷན་བསྡེབས་ཀྱི་དེབ་(China illustrata )ཅིག་

ཨ་བྷར་ཊི་སྒྲོལ་བལ་གྱིས་བྲིས་པའི་པོ་ཏ་ལ།

ཨ་བྷར་ཊི་སྒྲོལ་བལ་གྱིས་བྲིས་པའི་པོ་ཏ་ལ།

སྤྱི་ལོ་༡༦༧༧ལོར་པར་སྐྲུན་བྱས་ཡོད་པ་དང་། དེབ་དེའི་ནང་དུ་རྒྱལ་དབང་ལྔ་པས་པོ་ཏ་ལ་རྒྱ་བསྐྱེད་གནང་གི་ཡོད་སྐོར་ལས་འཕྲོས་ཏེ། ཕོ་བྲང་པོ་ཏ་ལ་དང་། སྟོན་པའི་སྐུ་བརྙན། ད་དུང་དབུ་བཅུ་གཅིག་ཅན་གྱི་སྤྱན་རས་གཟིགས་ཀྱི་སྐུ་བརྙན་སོགས་རི་མོ་སྒྱུ་རྩལ་གྱི་ལམ་ནས་བྲིས་ཡོད་ལ། སྐྱ་བྲིས་རི་མོ་དེ་ཚོ་དེང་སང་ཡང་མཇལ་རྒྱུ་ཡོད་པ་རེད།

དེ་ནས་སྤྱི་ལོ་༡༦༠༧ལོར་རོམ་གྱི་ཀ་པུས་གཟན་(Capusins)ཞེས་པའི་ཆོས་ཚོགས་ཀྱིས་བཏང་བའི་ཡེ་ཤུའི་ཆོས་པ་ཧྥང་སི་བ་སྡུ་ཁྲོར་(Francois de Tours )དང་རྗོ་ཟ་ཕས་སྡ་སི་ཀོ་ལེ་(Giuseppe d’Ascoli)ལགས་གཉིས་ལྷ་སར་འབྱོར་ཏེ་ལྷ་སའི་གནས་བབ་ལ་གཟིགས་ཡོད་[19]པ་དང་། ལོ་དེར་ཡེ་ཤུའི་ཆོས་པ་གྲགས་ཅན་ཨོ་ར་ཚན་སྒྲེ་ལ་ཕ་ནཱ་(Orazio Della Penna)ལགས་ཀྱང་ལྷ་སར་འབྱོར་འདུག ཡེ་ཤུའི་ཆོས་པ་འདི་དག་ལྷ་ས་ནས་དུས་ཡུན་གང་འཚམ་ཞིག་བསྡད་རྗེས། ཁོང་ཚོར་དཔལ་འབྱོར་གྱི་ཕྱོགས་ནས་དཀའ་ངལ་བྱུང་བར་བརྟེན། སྤྱི་ལོ་༡༦༡༡ལོར་ཆོས་པ་ཨོ་ར་ཚན་སྒྲེ་ལ་ཕ་ནཱ་ལགས་ཕྱིར་རོམ་དུ་ལོག་གནང་ཡོད་ལ། ཁོང་གི་ཤུལ་དུ་ཡེ་ཤུའི་ཆོས་པ་གཞན་པ་ཞིག་སྟེ་རྡ་སྡ་མེ་ནེ་ཁོ་ཧྥ་ནཱ(Domenico Da Fana)ལགས་བསྐོས་འདུག སྤྱི་ལོ་༡༧༡༦ལོར་ཨོ་ར་ཚན་སྒྲེ་ལ་ཕ་ནཱ་ལགས་ཡང་བསྐྱར་ལྷ་སར་སླེབས་ཤིང། ཁོང་གིས་རྒྱལ་པོ་ལྷ་བཟང་ཧན་ལ་ཁོང་ཚོ་ལྷ་སར་སྨན་བཅོས་བྱེད་དུ་ཡོང་རབས་སོགས་སྙན་གསེང་ཞུས་སྐབས། ལྷ་བཟང་ཧན་གྱིས་ཀྱང་དེ་ལ་དོ་སྣང་གནང་སྟེ་གནས་སྐབས་རིང་བོད་ཡིག་སྦྱོང་དགོས་པའི་བཀའ་གནང་།

ལོ་ཤས་ཀྱི་རྗེས་སུ། ཡེ་ཤུའི་ཆོས་ཚོགས་ཇཱ་གཟོ་ཨེ་ཐུ་(Jesuit)ཞེས་པས་མངགས་པའི་ཨུ་མ་ཉོའོ་ཧྥུ་རེ་བར་ལགས་(Emmanuel Freyre)དང་ཨེ་ཕོ་ལས་ཁྲན་སྒྲི་སི་སྒྲི་རེ་(Ippolito Desideri) ལགས་གཉིས་ཀྱང་རྒྱ་གར་དང་། ལ་དྭགས། མ་ཕམ་གཡུ་མཚོ་སོགས་བརྒྱུད་དེ་ལྷ་སར་འབྱོར། གློ་བུར་དུ་ཆོས་པ་འདི་དག་གིས་ཆོས་སྤེལ་ཡུལ་གྱི་ས་ཆ་གཅིག་ཏུ་གྱུར་སྟབས། ཁོང་ཚོས་དེ་ལ་རྩོད་པ་བྱས་ཤིང་། རོམ་གྱི་ཡེ་ཤུའི་དབུས་ཆོས་ཚོགས་ལ་ཞུ་འཕྲིན་ཀྱང་བཏང་ཡོད།

ཁོང་ཚོ་ལྷ་སར་སྡོད་པའི་རིང་དུ་ལྷ་བཟང་ཧན་གྱིས་ལྟ་སྐྱོང་ཡག་པོ་གནང་ཡོད་པ་མ་ཟད། ཡེ་ཤུའི་ཆོས་པ་སྒྲེ་ལ་ཕ་ནཱ་དང་སྒྲི་སི་སྒྲི་རེ་གཉིས་སེ་ར་དགོན་པར་ཞུགས་ཏེ་བོད་ཡིག་དང་མཚན་ཉིད་སྦྱངས་པ་དང་།

རྒྱལ་དབང་སྐུ་ཕྲེང་བདུན་པས་ཀ་པུས་གཟན་གྱི་ཆོས་ཚོགས་ལ་གནང་བའི་ཕྱག་བྲིས།

རྒྱལ་དབང་སྐུ་ཕྲེང་བདུན་པས་ཀ་པུས་གཟན་གྱི་ཆོས་ཚོགས་ལ་གནང་བའི་ཕྱག་བྲིས།

སློབ་སྦྱོང་གི་ཞོར་དུ་བོད་ཀྱི་དགེ་སློང་ཚོ་དང་ལྷན་དུ་ཆོས་ལུགས་ཕན་ཚུན་གྱི་ལྟ་གྲུབ་ཀྱི་སྐོར་ལ་རྩོད་གླེང་གནང་སྐད། ཡེ་ཤུའི་ཆོས་པ་སྒྲེ་ལ་ཕ་ནཱ་ལགས་སེ་ར་དགོན་པ་ནས་ཟླ་ངོ་བརྒྱད་ལས་བསྡད་མེད་ཀྱང་། བོད་དུ་ལོ་ངོ་ཧྲིལ་བོ་བཅུ་དྲུག་ལ་བསྡད། ཁོང་གིས་མིང་ཚིག་ཆིག་ཁྲི་སུམ་སྟོང་ཡོད་པའི་བོད་ཡིག་དང་ཨི་ཊ་ལིའི་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཅིག་བསྒྲིགས་པ་དང་། རྗེ་རིན་པོ་ཆེའི་ལམ་རིམ། སྟོན་པའི་མཛད་རྣམ་སོགས་ཨི་ཊ་ལིའི་སྐད་དུ་བསྒྱུར་བ་མ་ཟད། ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་གྲུབ་སྐོར་གྱི་བསྟན་བཅོས་རེ་ཟུང་བོད་ཡིག་ཏུའང་བསྒྱུར།[20] ལར་ནས་མགོ་སྐོར་བླ་མ་ཞེས་པ་ནི་སྒྲི་སི་སྒྲི་རེ་ཡིན་པ་གསུངས་ཡོད་མོད། ཕྲན་གྱིས་མཐོང་བའི་ཡིག་ཆའི་ནང་དུ་མགོ་སྐོར་བླ་མ་ནི་སྒྲེ་ལ་ཕ་ནཱ་ཡིན་པའི་གསལ་བཤད་བྱས་པ་མཐོང་།[21]

སྤྱི་ལོ་༡༧༣༢ལོར་སྒྲེ་ལ་ཕ་ནཱ་ལགས་ཀྱིས་རྒྱལ་དབང་སྐུ་ཕྲེང་བདུན་པའི་ཕྱག་བྲིས་ཤིག་ཁྱེར་ནས་རོམ་ལ་ལོག་སྟེ་ཡེ་ཤུའི་བླ་ཆེན་པོབ་ལ་མཇལ་ཡོད་པ་དང་། ལོ་ངོ་དྲུག་གི་རྗེས་སུ། ཁོང་གིས་ལྷ་སར་བོད་ཡིག་གི་པར་ཁང་ཞིག་འཛུགས་ཆེད་ཕྱིར་ལོག་གནང་། སྐབས་དེར་རྒྱལ་དབང་སྐུ་ཕྲེང་བདུན་པར་ཡེ་ཤུའི་བླ་ཆེན་པོབ་ཀྱིས་གནང་བའི་ཕྱག་བྲིས་ཤིག་ཀྱང་ཕུལ་བར་བཤད། འོན་ཀྱང་། སྐབས་དེར་གནས་ཚུལ་གཞན་ཞིག་བྱུང་བ་ནི་ཡེ་ཤུའི་ཆོས་ལ་དད་པ་བྱེད་མཁན་གྱི་བོད་མི་ཁ་ཤས་ཀྱིས་རྒྱལ་དབང་མཆོག་ལ་དད་གུས་མ་བྱས་སྟབས། བོད་མི་ཁ་ཤས་ཀྱིས་བྱེད་སྟངས་དེར་ཡིད་མ་རངས་པར་རྐྱེན་བྱས་ཏེ་བོད་མི་ཡེ་ཤུའི་པ་འགའ་བསད་ཡོད་པ་དང་། གནས་ཚུལ་ཛ་དྲག་ཅན་དུ་གྱུར་པས། ཡེ་ཤུའི་ཆོས་པ་སྒྲེ་ལ་ཕ་ནཱ་ལགས་ལྷ་ས་རུ་སྡོད་མ་ཐུབ་པར་བལ་ཡུལ་དུ་ལོག་ཡོད།[22]

སྒྲི་སི་སྒྲི་རེ་ལགས་ནི་བོད་དུ་ལོ་ལྔ་ལ་བཞུགས་ཤིང་། ཁོང་སེ་ར་དགོན་པ་དང་རྭ་མོ་ཆེ་གཉིས་སུ་གནས་བཅས་ཏེ་འབད་པ་ཆེན་པོས་བོད་ཀྱི་མཚན་ཉིད་རིག་པ་སྦྱངས་ཏེ་ནང་རིག་ཐེར་འདོན་གྱི་དེབ་ཅིག་བརྩམས། སྤྱི་ལོ་༡༧༡༧ལོར་ཇུན་གར་དམག་དཔུང་གིས་ལྷ་ས་བཙན་འཛུལ་བྱས་ཏེ་ལྷ་བཟང་ཧན་དམར་གསོད་བྱས་པ་དང་། སྐབས་དེར་ཁོང་དང་ལྷ་བཟང་ཧན་གཉིས་ཀྱི་འབྲེལ་བ་ཡག་པོ་ཡོད་པར་བརྟེན། ཇུན་གར་དམག་མིས་ཁོང་གཉིས་ཀྱི་འབྲེལ་བ་ཤེས་མི་ཡོང་སྙམ་ནས་དྭགས་པོ་ལ་བྲོས། སྐབས་དེ་ལའང་བོད་དང་འབྲེལ་བ་ཡོད་པའི་དེབ་གཉིས་འབྲི་རྩོམ་གནང་། ཁོང་གི་ལྗགས་རྩོམ་དེ་དག་ལས་བསྟན་བཅོས་གྲགས་ཆེ་བ་ནི་བོད་ཀྱི་ཟིན་དེབ་ཅེས་པ་དེ་ཡིན། ཟིན་དེབ་དེ་རོམ་གྱི་དབུས་ཡེ་ཤུའི་ཆོས་ཚོགས་ཀྱིས་བཀག་འགོག་གནང་བས་སྤྱི་ལོ་༡༩༢༡ལོར་མ་གཏོགས་པར་སྐྲུན་བྱས་མེད།[23] ཟིན་དེབ་དེའི་ནང་དོན་གཙོ་བོ་ནི་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་དང་། ཆབ་སྲིད། ཕྱི་འབྲེལ་གྱི་སྲིད་ཇུས་ཙམ་དུ་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་སྟེ་བོད་མིའི་འཚོ་བ་སྐྱེལ་སྟངས་སོགས་ཀྱི་སྐོར་ཡིན་ལ། ཁོང་གིས་སྲིད་དོན་གྱི་སྐོར་གླེང་སྐབས་རྒྱལ་པོ་ལྷ་བཟང་ཧན་ལྟ་བུ་ལ་བསྟོད་བསྔགས་མང་པོ་བྱས་ཡོད་སྟབས། ཟིན་དེབ་དེ་ལ་ཕྱོགས་ཞེན་གྱི་ཆའང་ཡོད། གང་ལྟར། སྤྱི་ལོ་༡༦༢༡ལོར་རོམ་གྱི་དབུས་ཡེ་ཤུའི་ཆོས་ཚོགས་ཀྱིས་ཁོང་བོད་དང་ཁ་འབྲལ་དགོས་པའི་བཀའ་བསྒྲགས་པས། ལོ་དེར་ཨི་ཊ་ལིར་ལོག་ཅིང་མཐར་དགུང་ལོ་༤༨ལོར་སྐུ་གཤེགས་པ་རེད།

ཨེ་ཕོ་ལས་ཁྲན་སྒྲི་སི་སྒྲི་རེའི་ཟིན་བྲིས་ཤོག་ལྷེ་ཞིག

ཨེ་ཕོ་ལས་ཁྲན་སྒྲི་སི་སྒྲི་རེའི་ཟིན་བྲིས་ཤོག་ལྷེ་ཞིག

སྒྲི་སི་སྒྲི་རེ་ལགས་དང་སྒྲེ་ལ་ཕ་ནཱ་ལགས་གཉིས་བོད་དུ་བཞུགས་སྐབས། ཡེ་ཤུའི་ཆོས་པ་དྲེ་བ་ཆོས་བ་ཎོ་(Giovacchiono)ལགས་ཀྱང་ལྷ་ས་རུ་བསླེབས་ཏེ་བོད་གཞུང་ལ་སྨན་བཅོས་ཞབས་ཞུ་ཁང་ཞིག་འཛུགས་འདོད་ཡོད་སྐོར་ཞུས་ཏེ་ཆོག་མཆན་ཐོབ་ཡོད་ལ། བོད་གཞུང་གིས་ཀྱང་རོགས་རམ་བྱེད་པའི་ཁས་ལེན་གནང་ཡོད་ནའང་། ཡེ་ཤུའི་ཆོས་ཚོགས་ཀ་པུས་གཟན་གྱིས་ངོ་རྒོལ་བྱས་པས། ཆོས་པ་དྲེ་བ་ཆོས་བ་ཎོ་ལགས་ཀྱིས་བོད་པ་ཚོར་སྨན་བཅོས་རྒྱུན་རིང་པོར་གནང་མ་ཐུབ་པ་འདྲ། འོན་ཀྱང་ཡེ་ཤུའི་ཆོས་ཚོགས་དེས་ལྷ་སའི་མཐིལ་གྱི་ས་ཆ་ཞིག་ཉོས་ཏེ་ཡེ་ཤུའི་ལྷ་ཁང་ཞིག་བཞེངས་ཡོད་ཀྱང་། སྤྱི་ལོ་༡༦༤༥ལོར་ལྷ་ཁང་དེ་གཏོར་བཅོམ་བཏང་ཡོད་སྐད་ལ། དུས་རབས་ཉི་ཤུ་པའི་སྟོད་དུ་ཧྥ་རན་སིའི་གཞའ་ཀུ་སྦ་ཁ་ཁེ་ཁྲི་(Jacques Bacot )ལགས་ཀྱིས་ལྷ་ཁང་དེར་ཅོང་ཆེན་པོ་ཞིག་ཡོད་པ་དེ་ལྷ་སའི་ཇོ་ཁང་གི་ཁང་མིག་ཅིག་ཏུ་ཡོད་པ་མཐོང་འདུག[24]

ལྷ་ས་ནས་ཕྱིར་འབུད་བཏང་བའི་ཡེ་ཤུའི་ཆོས་པ་གཉིས།

དེ་ནས་སྤྱི་ལོ་༡༦༢༥ལོར་ཧྥ་རན་སིའི་རྒྱལ་སར་བཙུགས་པའི་ཆོས་ཚོགས་(Lazaristes)ཞེས་པའི་ཆོས་དཔོན་ཟན་ཌི་བེན་སན་སྡུ་པོབ་(Saint Vincent de Paul)ལགས་ཀྱིས་ཡེ་ཤུའི་ཆོས་པ་ཨེར་བར་སི་ཁྲི་ཧ་ཁུ་

ཨེར་བར་སི་ཁྲི་ཧ་ཁུ།

ཨེར་བར་སི་ཁྲི་ཧ་ཁུ།

(Evariste Huc)ལགས་དང་ཁོང་གི་ཆོས་གྲོགས་འཇོ་སེ་ཧྥུ་སྒ་སྦེ་ཁྲི་(Joseph Gabet)ལགས་གཉིས་རྒྱ་ནག་དང་སོག་ཡུལ་དུ་ཆོས་སྤེལ་དུ་བཏང་ཡོད་པ་དང་། ཁོང་གཉིས་ཐོག་མར་རྒྱ་ནག་བརྒྱུད་སོག་ཡུལ་དུ་འབྱོར་རྗེས་དེ་གར་ཡོད་པའི་ཡེ་ཤུའི་ཆོས་ཚོགས་ཤིག་ཏུ་བཞུགས་འདུག སྐབས་དེར་ཆོས་པ་འདི་གཉིས་ཀྱིས་སོག་ཡུལ་དུ་ནང་པའི་དགོན་པ་ཁ་ཤས་ཡོད་པ་མཐོང་བས། རིམ་གྱིས་བོད་ཀྱི་ནང་བསྟན་ཆོས་ལུགས་དང་བོད་མིའི་སྐོར་ལ་དོ་སྣང་བྱུང་ཡོད། ལོ་དང་ཟླ་ཚེས་མི་གསལ་མོད། སོག་པོའི་ནང་པའི་དགེ་སློང་ཞིག་གི་རོགས་རམ་འོག་མཚོ་སྔོན་ཟི་ལིང་བརྒྱུད་སྐུ་འབུམ་དགོན་པར་འབྱོར་ཞིང་། སྐུ་འབུམ་དགོན་པ་ནས་བོད་ཀྱི་ནང་བསྟན་ཆོས་ལུགས་དང་བོད་ཡིག་ཀྱང་སྦྱངས་འདུག ཁོང་གཉིས་ཀྱིས་སྐུ་འབུམ་མགོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་དང་། རྒྱང་རིང་ནས་ཡོང་བའི་སོག་པོའི་མཇལ་བ། དགེ་སློང་ཡིན་ལ་སྨན་པའང་ཡིན་པའི་བོད་ཀྱི་བླ་མ་ཚོས་སྨན་བཅོས་བྱེད་སྟངས། ཐ་ན་སྐུ་འབུམ་གྱི་ཙན་དན་སྡོང་པོ་དང་། ཙན་དན་གྱི་ལོ་མའི་ངོས་སུ་བྲིས་པའི་གཟུངས་སྔགས་ཀྱི་ཡི་གེ་སོགས་ཀྱང་མཐོང་[25]འདུག

ཆོས་པ་འདི་གཉིས་སྐུ་འབུམ་ནས་ཟླ་དྲུག་བསྡད་རྗེས། རྒྱ་ནག་གོང་མ་མཇལ་དུ་ཕྱིན་པའི་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དང་ཁོང་གི་ལག་རོགས་ཚོར་ལམ་ཐུག་བྱུང་སྟེ་ལྷ་སར་འགྲོ་འདོད་ཡོད་སྐོར་གླེང་བས། བོད་ཀྱི་སྐུ་ཚབ་ཀྱིས་ཀྱང་དེ་ལྟར་མོས་མཐུན་གནང་ཡོད་ནའང་། ཡེ་ཤུའི་ཆོས་པ་གཉིས་བོད་ཀྱི་གྲྭ་པ་སྐོར་ཞིག་དང་ལྷན་དུ་མཚོ་སྔོན་པོའི་ཕྱོགས་སུ་སྔོན་དུ་སོང་སྟེ་ཟླ་གཅིག་འགོར་རྗེས། རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཚོགས་པའང་ཡུལ་དེར་གཞི་ནས་བསླེབས་འདུག དེ་ནས་དཀའ་ཚེགས་ཀྱིས་བརྐྱངས་པའི་ལྷ་སར་འགྲོ་བའི་ལམ་དུ་ཞུགས་ཤིང་། ལོ་གཅིག་དང་ཕྱེད་ཀའི་རྗེས་སུ་སྟོད་ཉི་མ་ལྷ་སར་འབྱོར།[26] སྐབས་དེར་བོད་གཞུང་གིས་ཡེ་ཤུའི་ཆོས་པ་འདི་གཉིས་ལ་བོད་དུ་སྡོད་མི་ཆོག་པའི་རྣམ་འགྱུར་བསྟན་མེད་ཀྱང་། ཟླ་གཉིས་ཀྱི་རྗེས་སུ་མན་ཇུའི་ཨམ་བན་གཉིས་ཀྱིས་ཕྱི་མི་དག་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་ཀྱི་ཡོད་ཚུལ་སོགས་ལ་བསྙད་དེ་རྒྱང་རིང་གི་ཆོས་པ་འདི་གཉིས་ཕྱིར་འབུད་བཏང་ཡོད་པ་དང་། ཁོང་གཉིས་ཀྱིས་མན་ཇུའི་ཨམ་བན་ལ་རྒྱ་གར་དུ་འགྲོ་བའི་ཆོག་མཆན་ཞུས་ཀྱང་རེ་བ་འབྲས་མེད་དུ་གྱུར་ཏེ་རྒྱ་ནག་ཏུ་ལོག་ཅིང་། དེ་ནས་ཡུ་རོབ་ཏུ་སླེབས་ཡོད།

ཁམས་དང་ཨ་མདོའི་ཕྱོགས་ཀྱི་ཡེ་ཤུའི་ཆོས་པ།

སྤྱི་ལོ་༡༨༩༠ལོ་ནས་བཟུང་། བོད་གཞུང་དང་མན་ཇུའི་ཨམ་བན་གྱིས་ཕྱི་ལོགས་ཀྱི་མི་ལྷ་སར་ཡོང་མི་ཆོག་པ་བགྱིས་ཡོད་ནའང་། ནུབ་ཕྱོགས་ཀྱི་ཆོས་སྤེལ་མཁན་གྱི་ཕྱི་གླིང་པ་ཚོ་རྟ་དང་རྔ་མོང་ལ་བཞོན་ནས་རྒྱ་མོ་དར་ལམ་མམ་དར་སི་ཚོང་ལམ་བརྒྱུད་དེ་ཁམས་དར་རྩེ་མདོའི་ཕྱོགས་སུ་སླེབས་ཤིང་། རིམ་གྱིས་ཨ་མདོའི་ཡུལ་དུའང་ཡེ་ཤུའི་ཆོས་སྤེལ་མགོ་བཙུགས་འདུག

སྤྱི་ལོ་༡༨༤༦ལོར་ཧྥ་རན་སིའི་རྒྱལ་ས་པེ་རེ་སིའི་ཕྱི་འབྲེལ་ཆོས་ཚོགས་(Missions étrangères de Paris)ཀྱི་ཆོས་དཔོན་རྒུ་རོ་རྒུ་རོལ་(Grégoire XVI)ལགས་ཀྱིས་ཡེ་ཤུའི་ཆོས་པ་ཆ་ལི་རི་ནུའུ(Charles Renou)ལགས་ཁམས་ཕྱོགས་སུ་མངགས་ཡོད། ཁོང་ཚོང་པ་ཞིག་ལ་བརྫུས་ཏེ་དར་རྩེ་མདོ་ནས་ཆབ་མདོའི་ཕྱོགས་སུ་སྐྱོད་སྐབས། ཡུལ་དེའི་བོད་མི་ཚོས་འཛིན་བཟུང་བགྱིས་ཏེ་རྒྱ་ཡུལ་ཀོང་ཀྲིག་(Canton)ལ་བསྐྱལ་འདུག་མོད། སྤྱི་ལོ་༡༨༥༢ལོར་ཁོང་ཡང་བསྐྱར་ཁམས་སུ་འབྱོར་ཏེ་སྐྱེ་རྒུ་མདོའི་དོན་གྲུབ་གླིང་དགོན་པར་ཟླ་བཅུ་ཙམ་བཞུགས། བོད་ཡིག་དང་བོད་སྐད་སྦྱངས་ཏེ་བོད་ཡིག་དང་ལ་ཏིན་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཅིག་ཀྱང་བརྩམས་པར་གྲགས།[28] སྐབས་དེ་འདྲ་ཞིག་ལ་ཁོང་གིས་རྒྱ་བོད་ས་མཚམས་དང་འཁེལ་བའི་(Bonga)ཞེས་པའི་ཡུལ་དུ་ཡེ་ཤུའི་ལྷ་ཁང་ཞིག་བཞེངས་ཡོད་ནའང་། ཅང་མ་འགོར་བར་ཁོང་སྐུ་གྲོངས་ཡོད། དེར་བརྟེན། པེ་རེ་སིའི་ཕྱི་འབྲེལ་ཆོས་ཚོགས་ཀྱིས་ཡང་བསྐྱར་ཨོ་དགུ་སི་དྲི་སྒྲ་སི་དགོ་སྒྲིན་

ལྕམ་སྐུ་ཨ་ནེ་རོ་ལི་ཁྲེ་ལེར།

ལྕམ་སྐུ་ཨ་ནེ་རོ་ལི་ཁྲེ་ལེར།

(Auguste Desgodin)ལགས་ཁམས་ཕྱོགས་སུ་མངགས་གཏོང་གནང་ཡོད་པ་དང་། ཁོང་ཡང་མན་ཇུ་བ་ཞིག་ལ་བརྫུས་ནས་ཀོང་ཀྲིག་ཕྱོགས་སུ་བསྐྱོད་སྐབས་ཡུལ་དེའི་རྒྱལ་པོས་འཛིན་བཟུང་བྱས་ཏེ་ཧོང་ཀོང་ལ་བསྐྱལ་ཡོད་ནའང་། སྤྱི་ལོ་༡༨༦༡ལོར་ཁྲིན་ཏུའི་རྒྱལ་པོས་བོད་དུ་འགྲོ་བར་ཆོག་མཆན་གནང་བའི་ལོ་རྒྱུས་ཐར་ཐོར་ཞིག་ཀྱང་མཆིས། གང་ལྟར་ཁོང་དང་ཡེ་ཤུའི་ཆོས་པ་ཧྥེ་ལེ་ཁུ་སི་སྦ་ཁྲི་(Félix Biet)ལགས་གཉིས་ཁམས་དར་མདོ་རྫོང་དུ་འབྱོར་ཏེ། དམར་ཁམས་ཕྱོགས་ཀྱི་ཚ་ཁ་ལྷོ་རུ་ཡེ་ཤུའི་ལྷ་ཁང་(L’église catholique de Yerkalo)ཞིག་བཞེངས་འདུག[29]

ཡེ་ཤུའི་ཆོས་པ་ཧྥེ་ལེ་ཁུ་སི་སྦ་ཁྲི་ལགས་དར་མདོ་རྫོང་ནས་ཡུན་རིང་པོར་མ་བཞུགས་པར། སྤྱི་ལོ་༡༨༨༠ལོར་རྒྱ་གར་དུ་ཕྱིན་ཏེ་འབྲས་ལྗོངས་དང་། འབྲུག་ཡུལ། ཨ་སམ། ཕག་རི་རྫོང་སོགས་སུ་ཕྱིན་ཏེ་ཡེ་ཤུའི་ཆོས་སྤེལ་འདུག་ལ། གོང་གི་ཡེ་ཤུའི་ཆོས་པ་ཨོ་དགུ་སི་དྲི་སྒྲ་སི་དགོ་སྒྲིན་ལགས་ཆ་ལི་རི་ནུའུ་ལགས་ཀྱིས་(Bonga)ཡུལ་དུ་བཙུགས་པའི་ཡེ་ཤུའི་ཆོས་ཚོགས་དེར་བཞུགས་འདུག་མོད། ཡུན་རིང་མ་འགོར་བར་ཁོང་ཡང་ཡུལ་དེའི་ཡུལ་མི་ཚོས་ཕྱིར་འབུད་བཏང་ཡོད། དེ་ནས་ཁོང་གིས་བོད་དང་ཐག་ཉེ་བའི་རྒྱའི་གྲོང་གསེབ་ཅིག་ནས་ས་ཆ་ཞིག་ཉོས་ཏེ་ཡེ་ཤུའི་ལྷ་ཁང་ཞིག་བཞེངས་པའི་ལོ་རྒྱུས་ཡོད་པ་མཐོང་། གང་ལྟར་ཡང་། ཡེ་ཤུའི་ཆོས་པ་འདི་གསུམ་ནི་མདོ་ཁམས་སུ་ཆོས་སྤེལ་དུ་ཡོང་མཁན་གྱི་ཕྱི་གླིང་པ་ཐོག་མའི་གྲས་ཡིན་པ་རེད།

སྐབས་དེ་ནས་བཟུང་། ཧྥ་རན་སིའི་རྒྱལ་ས་པེ་རེ་སིའི་ཕྱི་འབྲེལ་ཆོས་ཚོགས་ཀྱིས་མངགས་གཏོང་གནང་བའི་ཡེ་ཤུའི་ཆོས་པ་ཧ་ཅང་མང་པོ་ཞིག་རྫ་ཡུལ་དང་། དམར་ཁམས། དཀར་མཛེས། དར་རྩེ་མདོ། འབའ་ཐང་སོགས་སུ་འབྱོར་ཏེ་ཡེ་ཤུའི་ཆོས་སྤེལ་ཐབས་གནང་ཡོད་པ་དང་། ཕྲན་གྱིས་ཆོས་སྤེལ་མཁན་རེ་རེའི་ལོ་རྒྱུས་དང་གནས་ཚུལ་སོགས་རྒྱས་སྤྲོས་བྱེད་འདོད་མེད་ཀྱང་། འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ལྟར་ན། སྤྱི་ལོ་༡༨༤༦ལོ་ནས་སྤྱི་ལོ་༡༩༥༢ལོའི་བར་དུ་ཁམས་ཕྱོགས་སུ་ཡེ་ཤུའི་ཆོས་པ་བརྒྱ་དང་བརྒྱད་སླེབས་ཏེ་བོད་མི་སྟོང་ཕྲག་ལྔ་ཡེ་ཤུའི་ཆོས་ལ་བསྒྱུར་བར་བཤད།[30] འོན་ཀྱང་ཁམས་ཀྱི་བོད་མི་ཚོས་ཡེ་ཤུའི་ཆོས་སྤེལ་མཁན་དེ་དག་གི་ཁྲོད་ཀྱི་ཆོས་པ་བཅུ་གསུམ་བསད་པའི་ལོ་རྒྱུས་ཀྱང་ཡོད།[31] ཁོང་ཚོས་གསོད་དགོས་དོན་ལ་རྒྱུ་མཚན་ཁ་ཤས་ཤིག་ཡོད་པར་སྣང་མོད། རྒྱུ་མཚན་གཙོ་བོ་ནི་ཡེ་ཤུའི་ཆོས་སྤེལ་མཁན་ཁ་ཤས་ཀྱིས་བོད་མི་ཚོའི་སྲོལ་རྒྱུན་རིག་གནས་སོགས་ལ་བརྩི་བཀུར་མ་གནང་བར་ཡེ་ཤུའི་ཆོས་ཁོ་ན་སྤེལ་ཐབས་བྱས་པ་གཅིག བོད་ཀྱི་སྟོད་ཕྱོགས་སུ་ཨིན་ཇིའི་དམག་གིས་དྲག་གནོན་བྱེད་པ་དང་གཉིས། དེ་བཞིན་དུ་ཁམས་ཕྱོགས་སུ་ས་འགུལ་དང་ཐན་པ་སོགས་ཡེ་ཤུའི་ཆོས་སྤེལ་བའི་ཉེར་ལེན་ལས་བྱུང་བ་གསུམ་ཡིན་པར་བཤད།

གོང་དུ་གླེང་ཟིན་པའི་ཡེ་ཤུའི་ཆོས་པ་དེ་དག་གི་གྲུབ་མཐའ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་ནང་གསེས་སུ་གྱུར་པའི་ཁེ་ཐོ་ལིག་ཞེས་པ་དེ་ཡིན་ལ། སྤྱི་ལོ་༡༩༥༢ལོར་རྒྱ་དམར་གུང་ཁྲན་ཏང་གི་དམག་མི་ཁམས་ཕྱོགས་སུ་སླེབས་སྐབས། དེ་གར་ཡོད་པའི་ཡེ་ཤུའི་ཆོས་པ་ཉེར་གསུམ་ཕྱིར་ལོག་བྱས་ཡོད་ནའང་། དམར་ཁམས་ཕྱོགས་ཀྱི་ཚ་ཁ་ལྷོའི་ཡེ་ཤུའི་ལྷ་ཁང་དེ་དེང་སང་ཡང་མ་འཇིག་པར་ཡོད་པར་གྲགས་སོ། །

དེ་ནས་དུས་རབས་བཅུ་དགུ་པའི་མཇུག་ཏུ། ཡེ་ཤུའི་ཕུ་རོ་ཁྲེ་སི་ཀྲན་ཁྲི་(Protestant)ཞེས་པའི་གྲུབ་མཐའ་དེའི་ཆོས་ཚོགས་(China Inland Mission)ཞེས་པ་ཞིག་རྒྱ་ནག་ཏུ་བཙུགས་ཡོད་པ་དང་། སྤྱི་ལོ་༡༨༧༧ལོར་ཆོས་ཚོགས་དེའི་ཚོགས་མི་འཇམ་སི་ཁ་མི་རོན་(James Cameron)ལགས་ཁམས་འབའ་ཐང་ཕྱོགས་སུ་ཆོས་སྤེལ་དུ་བསྐྱོད་པར་གྲགས་ཀྱང་ལོ་རྒྱུས་ཞིབ་ཆ་མ་རྙེད། འོན་ཀྱང་། ཨིན་ཇུའི་རྒྱལ་ཁབ་ཀྱི་ལྕམ་སྐུ་ཨ་ནེ་རོ་ལི་ཁྲེ་ལེར་(Annie RoyleTaylor)ལགས་རྒྱ་ནག་བརྒྱུད་བོད་དུ་སླེབས་ཡོད་པ་དང་། མོས་རང་ཉིད་ནང་པ་ཡིན་ཁུལ་གྱིས་མཚོ་སྔོན་པོའི་ཕྱོགས་སུ་སོང་སྟེ་ལྷ་སར་འགྲོ་རྩིས་གནང་ཡོད་[32]ཀྱང་། ལམ་བར་ནས་འཛིན་བཟུང་བྱས་པས་འགྲོ་ཐུབ་མེད། སྐབས་དེར་མོས་བོད་ཀྱི་དུར་ལས་བྱེད་སྟངས་དང་བོད་མི་ཚོའི་སྐྲ་འཇོག་སྟངས་ཀྱི་སྐོར་ཟིན་ཐོའང་བཏབ་འདུག དེ་ནས་སྤྱི་ལོ་༡༨༩༣ལོར་མོས་རྒྱ་ནག་གི་ས་ཆ་ཞིག་ཏུ་ཕུ་རོ་ཁྲེ་སི་ཀྲན་ཁྲིའི་ཆོས་ཚོགས་(la Tibetan Pioneer Mission)ཞེས་པ་བཙུགས་པ་མ་ཟད། ཆོས་ཚོགས་དེའི་ཡན་ལག་ཅིག་མདོ་སྨད་ཟི་ལིང་དུ་བཙུགས་ཡོད། ཕྱིས་སུ་ལྕམ་སྐུ་ཨ་ནེ་རོ་ལི་ཁྲེ་ལེར་ལགས་འབྲས་ལྗོངས་སུ་ཕེབས་ཡོད་[33]པ་དང་། སྤྱི་ལོ་༡༩༠༣ལོར་རྒྱ་གར་ཨིན་གཞུང་གི་དམག་དཔོན་ཕ་རན་སེ་སི་ཡང་ཧ་སེ་པན་ཌི་(Francis Younghusband)ལགས་ལ་འབྲེལ་བ་བྱུང་སྟེ་རྒྱང་རྩེའི་ཕྱོགས་སུའང་སླེབས་པར་བཤད།[34] གང་ལྟར། ལྕམ་སྐུ་ཨ་ནེ་རོ་ལི་ཁྲེ་ལེར་ལགས་གཙོས་པའི་ཡེ་ཤུའི་ཆོས་པ་དག་གིས་ལ་དྭགས་དང་འབྲས་ལྗོངས་སུ་ཕུ་རོ་ཁྲེ་སི་ཀྲན་ཁྲིའི་གྲུབ་མཐའ་དར་སྤེལ་གནང་ཡོད་པ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གྲོགས་པོ་བྷ་བྷི་མཐར་ཕྱིན་ལྟ་བུའང་ཡེ་ཤུའི་ཆོས་འོག་ཏུ་བཀུག་པ་རེད།

ལྕམ་སྐུ་ཟོ་ཛིས་ཁར་སོན།

ལྕམ་སྐུ་ཟོ་ཛིས་ཁར་སོན།

སྤྱི་ལོ་༡༨༩༨ལོར་ཁེ་ན་ཏའི་ལྕམ་སྐུ་ཟོ་ཛིས་ཁར་སོན་(Susie Carson)ནང་མི་ཡང་མདོ་སྨད་ཟི་ལིང་དུ་སླེབས་ཡོད་ལ། ཕལ་ཆེར་ཟི་ལིང་གི་ཕུ་རོ་ཁྲེ་སི་ཀྲན་ཁྲིའི་ཆོས་ཚོགས་དེར་བཞུགས་ཡོད་པ་འདྲ། ཟོ་ཛིས་ཁར་སོན་ནང་མི་ཚང་མ་ལྷ་སར་འགྲོ་བའི་ལམ་བར་དུ་བུ་དང་ཁྱོ་ག་གཉིས་འདས་གྲོངས་སུ་གྱུར་པས། མོ་ཕྱིར་ལོག་གནང་ཡོད་པ་དང་། སྤྱི་ལོ་༡༩༠༣ལོར་ཟོ་ཛིས་ཁར་སོན་ལགས་ཨར་བྷི་ཁྲི་ཞར་ཁྲིན་(Albert L. Shelton)ལགས་དང་ལྷན་དུ་ཁམས་འབའ་ཐང་ཕྱོགས་སུ་ཕེབས་ནས་ཡུལ་དེའི་ཡུལ་མི་ཚོར་སྨན་བཅོས་དང་། བོད་ཀྱི་སྙན་ངག་དང་གནའ་སྒྲུང་སྐོར་ཞིག་ཨིན་ཡིག་ཏུ་བསྒྱུར་བའི་ལོ་རྒྱུས་ཐར་ཐོར་ཞིག་ཀྱང་བདོག[35] ཟོ་ཛིས་ཁར་སོན་ལགས་ཀྱིས་རང་ཉིད་བོད་དུ་བསྡད་པའི་རིང་གི་མཐོང་ཐོས་སོགས་(With the Tibetans in Tent and Temple, Narrative of Four Years Residence Tibet, on the Border)ཞེས་པའི་དེབ་ཏུ་བྲིས་འདུག

སྤྱིར་ནུབ་ཕྱོགས་ཀྱི་བོད་རིག་པ་སྨྲ་བ་རེ་ཟུང་གིས་ཨ་མདོའི་ཕྱོགས་སུ་ཡེ་ཤུའི་ཆོས་ལུགས་མིང་ཙམ་ལས་དར་མེད་པར་གསུངས་[36]ནའང་། དུས་རབས་ཉི་ཤུ་པའི་ནང་དུ་མདོ་སྨད་བླ་བྲང་དང་། རེབ་གོང་གཙོས་པའི་ཡུལ་ལུང་གཞན་དུའང་ཡེ་ཤུའི་ཆོས་སྤེལ་མཁན་ཕྱི་གླིང་པ་གཞན་ཡང་ཕེབས་པའི་ངག་རྒྱུན་དེ་འདྲ་གོ་རྒྱུ་འདུག་ནའང་། ཕྲན་གྱིས་རྙེད་པའི་ཡིག་རིགས་ཀྱི་ནང་དུ་དེ་དག་གི་ལོ་རྒྱུས་འཁོད་མི་འདུག་པས་བརྗོད་ཐབས་བྲལ། ཕྱོགས་གཞན་ཞིག་ནས་བཤད་ན། ཡེ་ཤུའི་ཆོས་སྤེལ་མཁན་མིན་པའི་ཕྱི་གླིང་པ་སྐྱ་བོ་དེ་འདྲ་ཡང་དུས་རབས་བཅོ་བརྒྱད་པའི་སྐབས་ནས་བཟུང་གཞིས་ཀ་རྩེ་དང་། ལྷ་ས། ཁམས། ཨ་མདོའི་ཕྱོགས་སུ་བསླེབས་པའི་ལོ་རྒྱུས་ཡོད་ནའང་། སྐབས་འདིར་ཕྲན་གྱི་བརྗོད་གཞི་གཙོ་བོ་མིན་སྟབས་བཏང་སྙོམས་སུ་བཞག་པ་ཡིན།

དེ་ནས་མཇུག་ཏུ་ཚིག་གཅིག་ཞུ་འདོད་པ་ནི། ཕྲན་གྱི་རྩོམ་འཆལ་འདིའི་ནང་དུ་ཁ་མ་གསལ་བ་དང་། ནོར་བ། ཡང་ན་འགལ་བ་སོགས་ཀྱི་ཆ་ཡོད་སྲིད་པས། ཀློག་མཁན་རྣམ་པས་“མ་ཎི་རང་གིས་མི་འདོན། ཕྲེང་བ་གཞན་ལ་མི་སྤྲོད་”པ་ལྟར་མི་གནང་བར་ཡ་རབས་ཀྱི་སྒོ་ནས་ནོར་བཅོས་དང་དགོངས་འཆར་གནང་རོགས་ཞུ་བཞིན་ཡོད་ལ། རྩོམ་ཡིག་འདིའི་ནང་དུ་གང་གསལ་བ་དག་སྐད་ཚོམས་ཤིག་ཏུ་གཏམ་བཤད་ཀྱི་ཚུལ་དུ་བཤད་ཁུལ་བྱས་ཡོད་དོ། ། བཀའ་དྲིན་ཆེ།

༢༠༡༤ལོའི་ཟླ་༡༢པའི་ཚེས་༠༨ཉིན་མཇུག་གྲུབ་པར་བྱས།


[1] DAUVILLIER Jean, « Les Provinces chaldéennes de “l’Extérieur” au Moyen Âge », p. 261-316. Extrait de Mélanges offerts au R. P. Ferdinand Cavallera, à l’occasion de la quarantième année de son professorat à l’Institut Catholique, Toulouse, 1948

[2] Le Christianisme Au Tibet. Guyon le Bouffy Jonathan, P 4

[3] YACOUB Joseph, De Babylone à Pékin, l’expansion de l’Église nestorienne en Chine, [en ligne]. Disponible (consulté le 29/11/09). DAUVILLIER Jean, « L’expansion au Tibet de l’Église chaldéenne au Moyen Âge », p. 1-4. Dans Bulletin de la Société toulousaine d’études classiques, no 49, Toulouse, 1950

[4] DAUVILLIER Jean, « L’expansion au Tibet de l’Église chaldéenne au Moyen Âge », p. 1-4. Dans Bulletin de la Société toulousaine d’études classiques, no 49, Toulouse, 1950

[5] KAPSTEIN Matthew T., The Tibetans, Malden (États-Unis) : Blackwell Pub., 2006

[6]The Itinerary of Rabbi Benjamin of Tudela, Volume 1, london and Berlin. A. Asher Co, 1840   P 129

[7] De plan Carpin, J. Histoire des Mongols. Paris, Maisonneuve, 1965 P 60

[8] Le Voyage en Asie Centrale et au Tibet. Michel Jan. Robert LAFFONT. 1992. P 41

[9] Le Voyage en Asie Centrale et au Tibet. Michel Jan. Robert LAFFONT. 1992. P 41

[10] Françoise Pommaret. Le Tibet, une civilisation blessée, Découvertes Gallimard, Paris, 2002, P 80

[11] Le livre de Marco Polo, Paris, première partie, Libraire de firmin didot frères, fils. P 377-381

[12] Sir Henry Yule, Cathy and the Way Thither, Vol. 1, Hakluyt Society, London, 1916, P 178-181.

[13] Françoise Pommaret. Le Tibet, une civilisation blessée, Découvertes, Gallimard, Paris, 2002, P 80

[14] Le Voyage en Asie Centrale et au Tibet. Michel Jan. Robert LAFFONT. 1992. P 85

[15] Le Voyage en Asie Centrale et au Tibet. Michel Jan. Robert LAFFONT. 1992. P 1108-1109

[16] LAUNAY Adrien, Notes sur l’évangélisation du Thibet, P 573-576 587, 588, 597, 610,612 dans les Mission Catholiques. Lyon, 1902, P. 588

[17] Le Christianisme au Tibet. Guyon le Bouffy Jonathan, P 6

[18] A Brief Biography of the Fifth dalai lama. The German Jesuit, John Grueber and his Belgian co mpanion, Albert d’Orville, entered Lhasa on 8 October 1661 and lived in the city during the height of the Fifth Dalai Lama’s reign

[19] SNELLGROVE David Llewellyn, A cultural history of Tibet, 1995, London: Shambhala

[20] MARINI Elio, The story of Father Orazio della Penna, GORÉ Francis, Trente ans aux portes du Thibet interdit, Paris, ed. Kimé, 1992, 408 p.

[21] MARINI Elio, The story of Father Orazio della Penna, [en ligne]. (consulté le 16/12/09). GORÉ Francis, Trente ans aux portes du Thibet interdit, Paris, ed. Kimé, 1992, 408 p.

[22] MARINI Elio, The story of Father Orazio della Penna, [en ligne]. (consulté le 16/12/09). GORÉ Francis, Trente ans aux portes du Thibet interdit, Paris, ed. Kimé, 1992, 408 p.

[23]  Le Christianisme au Tibet. Guyon le Bouffy Jonathan, P 16-17

[24] SNELLGROVE David Llewellyn, A cultural history of Tibet, 1995, London: Shambhala

[25] Le Voyage en Asie Centrale et au Tibet. Michel Jan. Robert LAFFONT. 1992. P 1179

[26] Le Voyage en Asie Centrale et au Tibet. Michel Jan. Robert LAFFONT. 1992. P 1191

[27] Le Voyage en Asie Centrale et au Tibet. Michel Jan. Robert LAFFONT. 1992. P 1991-1209

[28] Missionnaires catholiques du Tibet, Dictionnaire thibétain-latin-français, Hongkong : Impr. de la Société des missions étrangères, 1899.

[29] Van Grasdorff, op. cité, p. 358

[30] Catalogue de l’exposition « Missions du toit du monde » (2012), MEP, Paris, réd. Françoise Fauconnet-Buzelin, p. 12

[31] Catalogue de l’exposition « Missions du toit du monde » (2012), MEP, Paris, réd. Françoise Fauconnet-Buzelin, p. 12

[32] Catalogue de l’exposition « Missions du toit du monde » (2012), MEP, Paris, réd. Françoise Fauconnet-Buzelin, P. 12

[33] Bibliographie très détaillée in Julie G. Marshall, Britain and Tibet 1765-1947. A Select Annotated Bibliography of British relations with Tibet and the Himalayan states including Nepal, Sikkim en Bhutan, revised and updated to 2003, London & New York, Routledge Curzon, vers 2003, du n°1946 au n°1954, pp. 270-271.

[34] Michael Taylor, Le Tibet – De Marco Polo À Alexandra David-Néel, Payot, Office du Livre, Fribourg (Suisse), 1985, 234 p., pp. 176-175 (Une femme tente de « gagner à Dieu » le Tibet).

[35] LEHUU Isabelle, Voyage au Tibet Interdit, les pérégrinations de quatre femmes occidentales, 1889-1924 pp. 37-64. dans Religiologiques. no 23.

[36] LEHUU Isabelle, Voyage au Tibet Interdit, les pérégrinations de quatre femmes occidentales, 1889-1924 pp. 37-64. dans Religiologiques. no 23.