ད་ལྟ་བོད་ཡིག་ཏུ་སྤྱོད་བཞིན་པའི་མིང་ཚིག་འགའ་ཞིག་ལ་མཚོན་ན། རྒྱ་སྐད་ནས་ཐད་བསྒྱུར་བྱས་པའི་རྒྱུ་མཚན་གྱིས་ཡིན་ནམ་གང་ལྟར་རྒྱ་སྐད་མི་ཤེས་མཁན་ཞིག་གི་ངོས་ནས་ཚིག་དེའི་གོ་བ་ལོན་དཀའ་བ་ཞིག་འདུག དེར་བརྟེན་མིང་ཚིག་འདིའི་གྲས་ལ་ཐུགས་སྣང་འདྲེན་ཕྱིར་གང་དྲན་པ་འགའ་ཞིག་ཚིག་ཐོར་བཏབ་པ་ཡིན།
དུས་རབས་སྔོན་མའི་མཇུག་ཏུ་ཞལ་བཞུགས་པའི་བོད་ཀྱི་མཁས་པ་རྣམས་ཀྱིས་འདི་དག་ལ་སུན་འབྱིན་མཛད་ཡོད། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་ (1914-1993)མཆོག་གི་བཀའ་རྩོམ་ “རྒྱ་སྐད་དང་བོད་སྐད་བར་གྱི་ཁྱད་པར་མདོ་ཙམ་བརྗོད་པ།” ཞེས་པའི་ནང་། རྒྱ་སྐད་དུ་བོད་སྐད་ཀྱི་སྒྲ་གདངས་ཉམས་པ། མངའ་རིས་ལ་ ཨ་ལིས། བླ་བྲང་ལ་ལ་པུ་ལང་ཟེར་བ་ལྟ་བུ་དང་། རྒྱ་བོད་ཀྱི་འཚོ་བ་དང་ཐོན་སྐྱེད་མི་འདྲ་བ། རིལ་མ་ལ་ལུག་སྐྱག བེའུ་ལ་ ཟོག་ཕྲུག་ཟེར་བ་ལྟ་བུ། བསྒྱུར་ཚུལ་གྱི་སྒོ་ནས་རྒྱ་སྐད་ལ་བོད་སྐད་ཀྱི་མིང་དོན་ཤོར་བ། དགེ་ལུགས་པ་ལ་ ཆོས་སེར་བོ། རྙིང་མ་བ་ལ་ཆོས་དམར་པོ་ཞེས་པ་ལྟ་བུ། བྱ་བའི་ཡུལ་དང་བྱ་བ་གཉིས་ཀྱི་གནས་མི་འདྲ་སྟེ། བོད་སྐད་ལ་བྱ་བའི་ཡུལ་སྔོན་དང་བྱ་བ་རྗེས་སུ་བརྗོད་དགོས། རྒྱ་སྐད་ལ་གོ་ལྡོག་དགོས། ཇ་འཐུང་ལ་ འཐུང་ཇ། ཟེར་བ་ལྟ་བུ། རྣམ་དབྱེ་སྦྱོར་རྒྱུ་ཡོད་མེད་ཀྱི་དབང་གིས་བརྗོད་ཚུལ་མི་འདྲ་བ། རྒྱ་སྐད་དཔེར་ན། ང་ལྟ། ང་མཐོང་། བོད་སྐད་ངས་ལྟ། ངས་མཐོང་། ལྟ་བུ་དང་། མིང་ཚིག་གཅིག་བྱ་ཚིག་ཏུའང་གྱུར་པ་དེ་རྒྱ་སྐད་ལ་མེད་ཅིང་བོད་སྐད་ལ་ཡོད་པ། དཔེར་ན། བཏུང་བ་ཞིམ་པོ་བཏུང་བ་ན༎ རོ་འཛིན་རོ་ཡིས་ཚིམ་པར་གྱུར༎ ལྟ་བུ་དང་། དེ་བཞིན་བདག་སྒྲ་ཡོད་མེད་ཀྱི་ཁྱད་པར། རྟ་བ།-རྟ་བཞོན་པའི་མི། ཚོང་བ།-ཚོང་མི། ལྟ་བུ་སོགས་ད་དུང་དོན་ཚན་གཞན་གསུམ་དང་བཅས་དོན་ཚན་བཅུ་བགྲངས་ནས་བོད་རྒྱ་སྐད་གཉིས་ཀྱི་དབྱེ་བ་གསུངས་འདུག [1] འདི་མཚུངས་མཁས་དབང་ཚེ་ཏན་ཞབས་དྲུང་(1910-1985)མཆོག་གིས་ཀྱང་ཡིག་སྒྱུར་གྱི་སྐོར་ལ་བཀའ་སློབ་གནང་ཡོད། དཔེར་ན། “མིང་ཚིག་གསར་བ་རྩོམ་སྒྱུར་ལ་ཉེ་བར་མཁོ་བའི་བསམ་འཆར་འགའ་ཞིག” ཅེས་པའི་རྩོམ་ཡིག་ནང་ ད་ལྟའི་ཡིག་བསྒྱུར་གྱི་དཀའ་ངལ་སྐོར་ཞིག་ཀྱང་གསུངས་འདུག་སྟེ། དཔེར་ན་མིང་ཚིག་གཅིག་གྱུར་མེད་པ་དེ་ངེས་པར་སེལ་ཐབས་བྱེད་དགོས་པ་དང་། དེ་ལ་མིང་ཚིག་གསར་བཟོའི་སྐབས་ བོད་ཁྱོན་ཡོངས་ལ་བསམ་བློ་གཏོང་དགོས་པ། མི་མང་གི་ཁ་ལ་འབྱར་བའི་ཚིག་ལ་ངོས་ལེན་བྱེད་དགོས་པའི་དཔེར་མཚོན་ “ངང་ལག”་ལྟ་བུ་བཀོད་འདུག [2] འདི་དག་དཔེ་མཚོན་ལྟ་བུ་ཞིག་ཡིན།
ཉེ་ཆར་གྲགས་ཆེ་བའི་དྲ་བ་མཆོད་མེ་ཞེས་པ་འདི་པར་གཞི་གསར་པ་ཞིག་གི་སྟེང་ཐོན་འདུག དེར་ “མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་པར་གཞི་གསར་བ་ཤར་གཏོང་བྱས་ཡོད།” ཅེས་འཁོད་འདུག ཤར་གཏོང་ཡིན་ནམ་ཡང་ན་ནུབ་གཏོང་ཡིན། གཏོང་བ་ཡིན་ནམ་བཏང་བ་ཡིན། ཡང་ན་བཀྲམས་པ་ཡིན། ཤར་གཏོང་ཟེར་བ་འདི་མི་དམངས་དཀྱུས་མའི་ཁ་བརྡའི་ཁྲོད་ན་མེད་པ་ནི་གསལ་ངེས། འདི་ལ་དགོངས་ཚུལ་གང་འདྲ་ཡོད།
དེ་ནས་བོད་བརྒྱུད་ནང་བསྟན་ཞེས་པའི་ཚིག་འདི་རེད། དཔེར་ན་དྲ་བ་ཞིག་ཏུ་ “༄༅།།2014ལོའི་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་ལས་དོན་གྱི་ཞིབ་བསྡུར་ཚོགས་འདུ་པེ་ཅིང་དུ་འཚོགས་པ།” ཞེས་ཐོན་ཡོད་པ་ལྟ་བུ་རེད། བོད་བརྒྱུད་ནང་བསྟན་ཞེས་པའི་ཚིག་འདི་བོད་ཀྱི་སྔ་མོའི་བསྟན་བཅོས་ཁག་ན་ཡོད་པ་ཞིག་ངས་མ་མཐོང་། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ལ་ “ནང་པའི་བསྟན་པ་”འམ་ “ཆོས་” སོགས་ཀྱིས་གོ་ནུས་པ་ཡོད། ད་བོད་བརྒྱུད་ཟེར་བ་འདིའི་གོ་དོན་ཅི་རེད། བོད་བརྒྱུད་ནས་ཅིག་ལ་ཕྱིན་པའི་དོན་རེད་དམ། དེ་ཡིན་ན་བོད་ཡིག་སྤྱོད་སའི་ཡུལ་དེ་ན་ད་དུང་དར་བཞིན་པའི་ཉེར་ལེན་ལ་བརྟེན་ནས་བརྒྱུད་ཅེས་པའི་ཚིག་འདི་བོད་ཡིག་ལ་ཨེ་འཇུག་བསམས།
ཡང་ཕྲན་དཔྱད་ཟེར་བ་དང་ཁ་བྱང་གི་འགྲེལ་ཟེར་བ་དེ་འདྲ་འདུག ཕྲན་དཔྱད་ཅེས་པ་འདིའི་བོད་ཡིག་གི་གོ་དོན་ལ་བརྟགས་ན་ཕྲན་ནི་ཆུང་བ་དང་ཡང་ན་གུས་པ་བདག་ཅེས་པའི་གོ་དོན་ཡོད། དཔྱད་ལ་ནི་གོ་དོན་ནོར་འགྲོ་ས་དེ་འདྲ་མེད། དཔྱད་པ་ཆུང་ཆུང་ངམ་ཡང་བདག་གི་དཔྱད་པ་ཞེས་པའི་དོན་ཡིན་ནམ། བཀོལ་སྤྱོད་ཀྱི་ཐོག་ནས་བརྟགས་ན་འདི་ནི་བསྐྱར་ཞིབ་ཅེས་པའི་ཚིག་འདི་ལ་འབྲེལ་བ་ཡོད་པ་འདྲ། ཁ་བྱང་གི་འགྲེལ་ཟེར་བ་དེ་ནི་ཁ་བྱང་ལ་འགྲེལ་པ་བརྒྱབ་པ་ལྟ་བུའི་གོ་དོན་སྟོན་ནུས་མོད་དེ་ཡང་མིན་པ་འདྲ། དོན་དུ་འདི་ནི་ཨིན་ཡིག་གི་ subtitle ཞེས་པའི་དོད་ཅིག་ཨེ་ཡིན།
ཡང་སློབ་གྲྭ་ཆེན་མོའི་སློབ་མ་ལ་ “དངོས་གཞིའི་སློབ་མ་”ཞེས་པ་ཞིག་འདུག དངོས་གཞི་ཟེར་ན་ཅི་རེད། དངོས་པོའི་རྨང་གཞི་རེད་དམ། ང་དངོས་གཞིའི་སློབ་མ་ཡིན་ཞེས་གསུངས་ན་ངས་ནི་ “ང་སློབ་མ་ངོ་མ་ཡིན།”ཟེར་བ་ལྟ་བུ་ཞིག་ལ་གོ་འགྲོ གོང་གསལ་གྱི་མིང་ཚིག་འདི་དག་ནི་གོ་བ་ལེན་བདེ་པོ་མེད་པའམ་ངེད་ཀྱི་བློ་ངོར་མ་བདེ་བའི་དཔེ་མཚོན་སྐོར་ཞིག་ཡིན། འདི་དག་ནི་རྒྱ་སྐད་ཀྱི་ཤན་ཞུགས་པའི་མིང་ཚིག་ཡིན་སྙམ་སྟེར་ཞིང་། གཙོ་བོར་མིང་ཚིག་བཟོ་མཁན་དང་སྤྱོད་མཁན་ཚོས་མི་དམངས་དཀྱུས་མས་གོ་ཐུབ་མིན་ལ་དགོངས་པ་མ་བཞེས་པ་ཡིན་ཆེ་སྙམ།
དེ་ནས་ཞོར་དུ་དེང་སང་ཀུ་ཤུ་རྟགས་ཅན་དང་སྒེའུ་ཁུང་རྟགས་ཅན་སོགས་ཀྱི་རྟགས་ཅན་སྐོར་ཞིག་འདུག ཁྱེད་ཀྱི་ཁ་པར་དེ་གང་ཡིན་ཞེས་དྲིས་ན། དེ་ཀུ་ཤུ་ཡིན་ཞེས་ལན་འདེབས་རུང་སྙམ། སྐབས་འདིར་ཀུ་ཤུ་ནི་ཤིང་ཏོག་མིན་པ་ཤེས་ངེས། ཀུ་ཤུ་ཡི་མིང་ཚིག་འདིས་ཁུར་པོ་གསར་པ་ཞིག་འཁུར་ཐུབ་ན་ང་ཚོས་དེ་ལ་སེར་སྣ་བྱེད་དགོས་དོན་ཡང་མི་འདུག་དྲན་ནོ།།
[1]རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ་པོད་དྲུག་པ་བཞུགས་སོ།། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོར། ཤོག་གྲངས་ ༤༠༡ ནས་ ༤༡༦
[2]ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་དྲུག་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོར། ཤོག་གྲངས་ ༡༥༦ ནས་ ༡༥༨
གསལ་འདེབས། རྩོམ་འདིའི་པར་དབང་ངེད་བཙན་པོ་ཚང་ལ་དབང་བས་ཆོག་མཆན་མ་ཐོབ་པར་གང་འདོད་དུ་བརྒྱུད་འགོད་བྱེད་མི་ཆོག
རྩོམ་ཁུངས། བཙན་པོ་ཚང་།
རྩོམ་འདིའི་སྦྲེལ་ཐག https://www.tsanpo.com/forum/6442.html
2014 ལོའི་ཟླ 12 ཚེས 28 ཉིན། 19:48
བོད་བརྒྱུད་ནང་བསྟན་ཞེས་པ་བདག་གིས་གོ་བ་ལེན་སྟངས་ནི་ནང་པའི་ཆོས་ལུགས་བོད་རང་(མིའམ་ས་)ནས་བརྒྱུད་པས་བོད་བརྒྱུད་ནང་བསྟན་ཟེར་དགོས་པ་རེད་སྙམ། དབྱིན་སྐད་དུ་དེང་སང་བོད་བརྒྱུད་ནང་བསྟན་ལ་Tibetan Buddhism་ཟེར་བཞིན་ཡོད་པ་རེད་བསམ།
2014 ལོའི་ཟླ 12 ཚེས 28 ཉིན། 19:13
ཁྱུང་ཁྱུང་ལགས།
2014 ལོའི་ཟླ 12 ཚེས 28 ཉིན། 19:18
ཁྱུང་ཁྱུང་ལགས། ཕོ་མཚན་ལངས་མི་ཐུབ་པ་ལ་ཨམ་སྐད་དུ་མོ་ལ་ཟེར། དེ་རིང་ཉིད་ཀྱི་གསུང་པ་ལས་སྔོན་ལ་གོ་མྱོང་མེད།
2014 ལོའི་ཟླ 12 ཚེས 19 ཉིན། 18:48
ཞིབ་བཀླགས་གྲུབ་ཟིན། ལེགས་པོར་མཐོང་སོང་། དངོས་གནས་ང་ཚོའི་ཐ་སྙད་གྲུབ་སྟངས་དང་བཟོ་སྟངས་བསྐྱར་ཞིབ་གང་ལེགས་གནང་ཐུབ་ན་ལེགས་པོར་མཐོང་སོང་།
2014 ལོའི་ཟླ 12 ཚེས 17 ཉིན། 21:21
ཨོ་ཨོ། ངས་གང་དྲན་པ་རྣམས་ཟིན་ཐོ་རུ་ཤར་མར་བྲིས་སྟབས་གསལ་ཁ་མ་ཐོན་པའི་དོན་གཅིག་བྱུང་ཡོད་པ་འདྲ་སྟེ། དེ་ནི་ངས་འདིར་ཞུས་པའི་མིང་ཚིག་དེ་དག་ནི་དཔེ་མཚོན་གྱི་མིང་ཚིག་ཙམ་ཞིག་ཡིན་ལ། མཆོད་མེ་དྲ་བའང་མིང་ཚིག་ཤར་གཏོང་བྱས་ཞེས་པ་བཀོལ་མཁན་གྱི་དཔེ་མཚོན་ཁོ་ནའི་ཆེད་དུ་མིང་སྨྲོས་པ་ལས་གཞན་དེ་ལ་དམའ་འབེབས་བྱས་པ་སོགས་གཏན་ནས་མིན། དྲ་བ་དེ་དག་ལ་རྟག་ཏུ་ཡིད་སྨོན་དང་ཡི་རངས་ཞུ་མཁན་ཞིག་ཡིན། གོ་ནོར་ཐེབས་ཡོད་ན་དེ་ལ་དགོངས་དག་ཞུ། དེ་ལས་གཞན་པའི་མིང་ཚིག་ཅི་ཡོད་དང་། དེ་དག་གསར་པ་ཡིན་པ་ལེགས་ཆ་ཆེ་མོད་ཀློག་མཁན་གྱིས་མ་གོ་ན་སྐད་གསར་པས་ཀྱང་ཅི་བྱ་སོགས་ཐད་རིམ་གྱིས་ཚིག་འགའ་ཞུ་འཆར་ཡོད།
2014 ལོའི་ཟླ 12 ཚེས 17 ཉིན། 13:55
ཕལ་ཆེར་ཁྱོད་ཀྱིས་མ་ངེས་པ་ཡིན་སྲིད། ཀུ་ཤུ་བྱ་བ་ཨ་མདོའི་ཡུལ་སྐད་དུ་ཕོ་མཚན་ལངས་མི་ཐུབ་པ་དེ་ལ་ཟེར་བས། ཤིང་ཏོག་དེའི་མིང་སྨྲ་བ་ལའང་ཁྱིམ་དུ་ངོ་ཚ་བྱེད་པས་སྤྱིར་ཕིན་གོ་ཞེས་སྤྱོད་པའང་མི་ཉུང་། དེ་ལ་བརྟེན་ནས་མཁན་ཚུལ་བློ་སོགས་ཀྱི་མིང་མཛོད་དེར་ཡང་བུམ་པ་བྱ་བ་གཅིག་གསར་དུ་བཟོས་པ་རེད། གཞན་དངོས་གཞི་དང་ཤར་གཏོང་། བོད་བརྒྱུད་ནང་བསྟན་སོགས་ལ་དོན་ལོག་པའམ་མི་བདེ་བ་མ་མཐོང་།
2014 ལོའི་ཟླ 12 ཚེས 17 ཉིན། 14:50
སྔོན་ཨ་མཆོད་ཀློག་མི་ཤེས་པ་ཞིག་མཚོ་སྔོན་པོར་གྲོང་ཆོག་ལ་སོང་བ་ལ། ཉིན་གང་བོར་འདོན་ཁུལ་འདྲ་ཞིག་བྱས། ཕྱི་དྲོར་སྦྱིན་བདག་གིས་ཀློག་མི་འགྲོ་བ་ཤེས་ནས། བརྒྱད་སྟོང་བའི་ནང་དུ་རབ་འབྱོར་ཟེར་བ་མང་པོ་ཡོད་པ་ལ་དེ་རིང་ཁྱེད་ཀྱིས་གཅིག་ཀྱང་བཏོན་མ་སོང་ཟེར་བ་ན། ཨ་མཆོད་ཀྱིས་ངའི་ཕ་རྒན་འདས་པོའི་མིང་ལ་རབ་འབྱོར་ཟེར་བས་མ་བཏོན་པ་ཡིན་ཟེར་རོ།། ཧི་ཧི། ཁྱེད་ཀྱིས་ཀུ་ཤུའི་མིང་གི་རྒྱུ་མཚན་ཙམ་པོ་བ་དེ་དེའི་རྗེས་སུ་ཐག་ཉེ། གཞན་བོད་བརྒྱུད་ཟེར་བ་རྒྱ་ཡིག་ཙང་ཁྲོན་གཉིས་པོ་བསྒྱུར་བ་རེད། ཡུལ་ལ་དར་བས་དབང་དུ་བྱས་ན་བོད་ཀྱི་ནང་བསྟན་ཟེར་དགོས་པ་རེད། དངོས་གཞི་ཟེར་བ་བདག་གིས་ད་ལྟའི་བར་དུ་དོན་མ་གོ་བར་ཡོད་པས་ནང་དོན་ལ་བོད་སྐད་ཀྱིས་(པིན་ཁི་ཞེས་པའི་རྒྱ་ཡིག་གཉིས་པོས་འགྲེལ་ན་ཐང་)འགྲེལ་བཤད་ཅིག་བསྐྱོན་རོགས་གནང་།
2014 ལོའི་ཟླ 12 ཚེས 17 ཉིན། 15:44
བུམ་པ་ཟེར་བ་མཁན་ཚུལ་བློ་སོགས་ཀྱིས་གསར་དུ་བཟོས་པ་རེད་དམ། ཧ་ཧ་ཧ་་་རབ་གསལ་གྱི་སྐད་ཆར་རྒྱུ་མཚན་འདུག བོད་ལྗོངས་ཆ་འཕྲིན་དྲ་བ་སོགས་སུ་ཀློག་པ་པོས་ཀླད་པ་འགུལ་ན་མ་གཏོགས་བོད་ཡིག་རང་སྟེང་ནས་གོ་བ་མི་སྟེར་བ་ཧ་ཅང་མང་པོ་འདུག དཔེར་ན། ༼ མུ་སྤེལ་འཐུས་པའི་༽ ༼ ཆ་འཕྲིན་སྒྲིག་གཅོད་༽སོགས་ཧ་ཅང་མང་ངོ་།
2014 ལོའི་ཟླ 12 ཚེས 17 ཉིན། 12:43
དགོངས་འཆར་ཡག་པོ་རེད། ཡིན་ཡང་མཇུག་ཏུ་བྱས་ཞེས་པའི་འདས་ཚིག་ཡོད་དུས་བྱ་ཚིག་སྔོན་མ་དེའང་འདས་ཚིག་བྱས་ན་མི་ལེགས། ཡིན་པ་ནི་ཤར་མར་བཏང་ཞེས་པ་ཟེར་དགོས། འོན་ཀྱང་ཤར་གཏོང་ཟེར་ན་ཤར་ཕྱོགས་སུ་བཏང་བར་ནམ་ཡང་མི་གོ ཁ་སྐད་དུ་ཤར་རྒྱུགས་ཟེར་བ་སོགས་ཡོད། བཀྲམ་པ་ཟེར་ན་ལེགས། ཡིན་ཡང་ཤར་གཏོང་ཟེར་བའི་དྲ་སྐད་དེ་ལོ་མང་པོའི་སྔོན་ནས་བཀོལ་བ་ཡིན་པས་སོར་བཞག་བྱས་པ་ཡིན། དྲ་སྐད་གསར་བ་ཡོད་ན་ལེགས་སྙམ། ངེད་ཅག་གི་སྐད་འདི་མཚམས་རེར་གསར་ཉམས་ལྡན་པ་ཞིག་ཡིན་ན་ལེགས། བརྡ་རྙིང་བ་དང་གསར་བ་མི་འདྲ། བསྟན་བཅོས་ཀྱི་སྐད་དང་དྲ་སྐད་ལ་ཁྱད་པར་ཡོད་ན་ལེགས། ༼བཀྲམ༽ཟེར་ནའང་༼ཤར་མར་བཀྲམ༽ཞེས་བྱ་བའི་ངང་ཚུལ་སྟོན་བྱེད་ཅིག་ཅིས་ཀྱང་མཁོ། དེ་མིན་ན་མགྱོཊ་པ་མི་ཤེས།བསྡུས་ན་༼ཤར་བཀྲམ༽ལས་༼ཤར་གཏོང༽སྙན། བརྡ་སྤྲོད་སྟངས་སྐྱོན་ཅན་ལ་ནམ་ཡང་འཛེམ་འོས། འོན་ཏེ་དེ་དང་བརྡ་ཕུན་སུམ་ཚོགས་པར་གཏོང་བ་གཉིས་ཀྱི་འདྲེས་མཚམས་དབྱེ་ཤེས་དགོས་པར་སྣང་། དགེ་རབ་ལ་སྐད་འདི་དག་འཕྲོད་པར་གྱིས།
2014 ལོའི་ཟླ 12 ཚེས 17 ཉིན། 11:09
ཕྲན་དཔྱད་ནི་དཔྱད་པ་ཆུང་ཆུང་གི་དོན་རེད། རྒྱ་ཡིག་གི小评ཚུར་བསྒྱུར་བ་རེད། དོན་འཕྱུགས་ས་མེད་པ་ནི་དཔྱད་ཆུང་ལྟ་བུ་འོས་པར་སྙམ།