རབ་གསལ་ལགས།

ཁྱེད་ཀྱིས་རྒྱ་སྐད་ནས་ཐད་སྒྱུར་བྱས་པའི་རྒྱུ་མཚན་གྱིས་ཡིན་ནམ་གང་ལྟར་རྒྱ་སྐད་མི་ཤེས་མཁན་ཞིག་གི་ངོས་ནས་ཚིག་དེའི་གོ་བ་ལོན་དཀའ་བ་ཞིག་འདུག་ཟེར།   དེ་ལ་རྒྱུ་མཚན་གཅིག་ཡོད།  རྒྱ་སྐད་མ་ཤེས་ཙམ་གྱིས་མ་རེད།  དེ་ལ་རྒྱུས་ཅུང་ཙམ་མེད་ན་ཅི་ལྟར་ཤེས། རྒྱུས་ཅི་ཡང་མེད་པ་དང་རྒྱུས་ལོན་ཅི་ཡང་མ་བྱས་པར་ཤེས་འགྲོ་བ་འཇིག་རྟེན་འདི་ན་ཡེ་མེད།  དཔེ་བཞག་ན་ང་ཚོ་སྐྱེས་ནས་བཟུང་ཨ་ཕ་དང་ཨ་མ་སོགས་ནས་མགོ་བཙུགས་ཏེ་ཐ་སྙད་དེ་དག་ལ་ཤེས་བརྗོད་འཇུག་གསུམ་ཚང་བའི་སྒོ་ནས་རྒྱུས་ལོན་ནས་འོང་བའི་བརྒྱུད་རིམ་ཁྲོད། ཐ་སྙད་དང་བརྡ་གང་མང་ཞིག་བརྡ་ལེགས་པར་འཕྲོད་པར་གྱུར་ཅིང་།   མུ་མཐུད་དུ་ཤེས་བརྗོད་འཇུག་ལས་གང་རུང་མ་ཤེས་པའི་ཐ་སྙད་གང་མང་ལའང་འཕྲད་ངེས་ཏེ།  དེ་ནི་ཆོས་ཉིད་ཅིག་རེད།  དཔེར་ན་ཁྱེད་རང་ཀུ་ཤུ་དང་།  དངོས་གཞི་དང་།  ཕྲན་དཔྱད་སོགས་ཀྱི་དོན་ལ་འཁྲུགས་ནས་འདུག་པ་ལྟར་རེད། དེ་ནི་དེའི་རྒྱུས་མ་ལོན་པས་སོ།།  དོན་བསྡུས་ན་རྒྱུས་མ་ལོན་ན་ཇི་ལྟར་ཤེས།  རྒྱུས་ལོན་ན་ཇི་ལྟར་མི་ཤེས།

རྒྱུས་མ་ལོན་ན་མི་ཤེས་སྟངས་གོང་དུ་ཞུས་པའི་དཔེ་དེ་དག་དང་།  རྒྱུས་ལོན་ན་ཤེས་པའི་དཔེ།  ཁྱེད་ཀྱིས་ནང་བསྟན་གྱི་གཞུང་གི་བརྡ་ཆད།  མཐོང་ཆོས་མྱོང་འགྱུར་ཞེས་པའི་མཐོང་ཆོས་དང་།  ཡིད་ཀྱི་ཤིང་རྟ་ཟེར་བ་ལྟ་བུ།  རང་རྒྱལ་ཟེར་བ་ལྟ་བུ།  ཚོགས་ཟེར་བ་ལྟ་བུ། དེ་བཞིན་དུ། སྤྱིའུ་ཚུགས། ། བྱང་ཕྱོགས་སོ་བདུན། དེ་པ། ཐ་སྙད་ཚད་གྲུབ་ཟེར་བ་ལྟ་བུ། ཁྱོད་ལ་ཡོངས་སུ་གྲགས་ཤིང་མི་བདེ་བ་ཅི་ཡང་མེད་པའི་ཚིག་དེ་དག་ཀྱང་མི་དམངས་དཀྱུས་མའི་ཁ་བརྡའི་ཁྲོད་ག་ལ་ཡོད། མི་དམངས་དཀྱུས་མའི་ཁ་བརྡའི་ཁྲོད་ཡོད་མེད་ཙམ་ཚད་གཞིར་འཇོག་ན་ཁྱོད་ལ་ཧ་ཅང་བདེ་བའི་ནང་བསྟན་གཞུང་གི་ཐ་སྙད་དེ་དག་ཀྱང་ཁྱོད་ཀྱི་དགག་བྱའི་ཡུལ་འབའ་ཞིག་ཏུ་གྱུར་ཡོད།  དེ་བས་བསྐྱར་དུ་རྒྱུས་མ་ལོན་ན་ཇི་ལྟར་ཤེས།  རྒྱུས་ལོན་ན་ཇི་ལྟར་མི་ཤེས་ཟེར་འདོད་བྱུང་།

དཔེར་ན་བྱིས་པའི་དུས་སུ་མིང་བརྡ་ཤེས་པར་བྱེད་པ་དང་མིང་དང་བརྡ་བརྗོད་པར་བྱེད་པ། མིང་དང་བརྡ་ལ་འཇུག་པར་བྱས་ནས་གཞི་ནས་རང་གི་བསམ་པ་དང་རེ་བ་གང་མང་ཕ་རོལ་བོར་བརྡ་སྤྲོད་ཐུབ་པར་གྱུར་ཞིང་།  མི་དང་མིའི་བར་གྱི་བསམ་ཚུལ་བརྗེ་རེས་བྱེད་པ་དང་མངོན་འདོད་རྟོགས་པར་བྱེད་པ་སོགས་བརྡ་དོན་ལ་ལེགས་པར་བྱང་ནས་འོང་བ་ཡིན།

དེ་ནས་ཁྱེད་ཀྱིས་རྗེ་དམུ་དགེ་བསམ་གཏན་ལགས་ཀྱི་ལུང་ཞིག་དྲངས་པ་མིང་ཚིག་གཅིག་བྱ་ཚིག་ཏུའང་གྱུར་པ་དེ་རྒྱ་སྐད་ལ་མེད་ཅིང་བོད་སྐད་ལ་ཡོད་པ། དཔེར་ན། བཏུང་བ་ཞིམ་པོ་བཏུང་བ་ན༎ རོ་འཛིན་རོ་ཡིས་ཚིམ་པར་གྱུར༎ ལྟ་བུ་ཞེས་པ་ལ་དཔྱད་པར་བྱ་བ་འདི་ཡོད་དེ། བཏུང་བྱ་ལ་འཇུག་བའི་བཏུང་བ་འདི་འཐུང་ཞེས་པའི་བྱ་ཚིག་གི་མ་འོངས་པ་ལས་གྲུབ་པ་ལས་མིང་ཚིག་དེ་བྱ་ཚིག་ཏུ་གྱུར་བ་གཏན་མི་འདོད་པས་ལུང་འདྲེན་ཉེས་ཤོར་རམ་ཅི་བརྟག་པར་བྱའོ།།