དགེ་རྒན་ཞིག་ཡིན་ན་ངེས་པར་“གཙང་མཁས་གཞན་ལ་ཕན་པར་འདོད་”པའི་བསམ་སྤྱོད་ཡང་དག་ཅིག་དགོས་ལ། སློབ་མ་ཞིག་ཡིན་ཡང་“བློ་གསལ་ཤེས་འདོད་བླ་མར་གུས་”པའི་ཀུན་སྤྱོད་རྣམ་དག་ཅིག་ཡོད་དགོས། དགེ་སློབ་གཉིས་ཀ་ལ་ཁྱད་ཆོས་འདི་དག་ཚང་ཕྱིན་ཆད། “སྒོ་གསུམ་ཀུན་སྤྱོད་རྣམ་པར་དག་”པ་ཞིག་ཡོང་བར་ཐེ་ཚོམ་མི་དགོས་པར་འདོད།

དགེ་རྒན་ཞིག་ཡིན་ཚེ་ངེས་པར་དུ་ནང་གི་བསམ་བློ་དང་ཕྱི་ཡི་ཀུན་སྤྱོད་གཉིས་ཀ་གཙང་མ་ཞིག་ངེས་པར་ཡིན་དགོས་པར་འདོད། ནང་གི་བསམ་བློར་རང་འདོད་ཀྱི་བློ་ཏོག་ཙམ་ཡོང་སྲིད་མོད། གཙོ་བོ་ཆགས་ཞེན་གྱི་དང་འདོད་ཆེ་ཞིང་། ཟླ་རེའི་ཕོག་ཙམ་ལ་འདོད་དབང་བཙན་པར་སོང་ན་གཏན་ནས་མི་འགྲིག གཉིས་ནས་ཕྱིའི་ཀུན་སྤྱོད་ཀྱི་ཆར་ལུས་ངག་ཡིད་གསུམ་ལ་སྨྱོན་པའི་རང་མཚངས་ཡོད་ན། གཙང་བ་ཞེས་པའི་གོ་དོན་གཏན་ནས་ཡོད་མི་སྲིད། རྒྱུ་མཚན་དེའི་ཕྱིར་ན་དགེ་རྒན་ཞིག་ཡིན་ཕྱིན་ནང་གི་བསམ་བློ་གཙང་བ་དང་། ཕྱི་ཡི་ཀུན་སྤྱོད་གཙང་པར་ངེས་པར་འབད་དགོས་པ་འདོད། འོན་ཀྱང་དེང་སང་གི་དགེ་རྒན་མང་དག་ཅིག་ཟླ་ཕོག་ལ་འཁོར་ཞིང་། སློབ་མའི་ནང་སྦྱང་ལས་མ་བྱིན་པར་ལེན་པ། དོན་མེད་དུ་སློབ་ཕྲུག་དག་གཅར་ཞིང་རྡུང་བ། སློབ་ཕྲུག་དག་ལ་བཙན་གཡེམ་བྱེད་སྟངས་སོགས་ལ་བལྟས་ན། དགེ་རྒན་གྱི་ཟུར་དང་པོ་གཙང་པ་ཞེས་པ་དེ་ཕལ་ཆེར་བརླགས་ཚར་འདུག་སྙམ།

ཕྱི་ནང་གི་སྤྱོད་པ་གཙང་པ་ཙམ་གྱིས་དགེ་རྒན་ཡང་དག་པ་ཞིག་ཡོང་མི་སྲིད། དགེ་རྒན་ཞིག་ཡིན་ན་“ཤེས་བྱའི་དེ་ཁོ་ཉིད་ཇི་བཞིན་དུ་རྟོགས་པ་”ཞིག་ཡིན་མི་དགོས་མོད། “བྱེ་བྲག་སྦྱངས་པའི་དོན་ཤེས་པ་”ཞིག་ངེས་པར་ཡིན་དགོས་པར་འདོད། རང་ཉིད་བརྡ་སྤྲོད་པའི་གཞུང་ཁྲིད་མཁན་གྱི་དགེ་རྒན་ཞིག་ཡིན་ན། བརྡ་སྤྲོད་པའི་གཞུང་ལ་ཚིག་འགྲེལ་རྒྱག་ཤེས་ཙམ་ལ་མཁས་པ་ཞེས་པའི་མིང་གི་གདག་གཞིར་འགྱུར་བའི་ངེས་པ་གཏན་ནས་མེད། སྒང་མཚན་དོན་ནས་བཟུང་མཐར་གྱི་མཇུག་དོན་དང་བཅས་པ་དཔྱིས་ཕྱིན་པར་འགྲེལ་བཤད་རྒྱག་ཐུབ་པ་ཞིག་དགོས། འོན་ཀྱང་དེང་སང་གི་སློབ་མ་མང་པོ་ཞིག་ལ་སྲོལ་རྒྱུན་ཀྱི་ཁྲིད་ཐབས་ཏེ་འཆད་ཐབས་ཡན་ལག་ལྔ་དང་། དེང་གི་སློབ་ཚན་འཆད་ཐབས་ཀྱི་རྨང་གཞི་སོགས་རྣ་ཐོས་ཙམ་ཡང་མེད་པར་བསམས་ན། དེང་གི་སློབ་དཔོན་ཚོར་དགེ་རྒན་གྱི་མཚན་ཟུར་གཉིས་པ་དེ་ཚང་མི་འདུག་སྙམ།

ཕྱི་ནང་གི་ཀུན་སྤྱོད་གཙང་ལ་བསླབ་གཞིའི་དེ་ཉིད་ལ་ཇི་ལྟར་མཁས་ཀྱང་གཞན་ལ་ཕན་འདོད་ཀྱི་བསམ་པ་མེད་ན། དགེ་རྒན་ཚད་ལྡན་ཞིག་གཏན་ནས་ཡོང་མི་སྲིད། གཞན་ལ་ཕན་འདོད་ཀྱི་བསམ་པ་ནི། གཞན་གྱི་ཆེད་དུ་རང་ཉིད་བློས་གཏོང་བྱེད་ཐུབ་པའི་བསམ་པ་ལ་ཟེར་བ་རེད། དགེ་རྒན་ཞིག་ཡིན་ན་ཞོགས་སྔར་ལངས་པ་ནས་ཕྱི་མོ་མ་ཉལ་བར་རང་ཉིད་ལ་རེ་ཞིང་སྒུག་པའི་སློབ་ཕྲུག་དེ་དག་གི་ཆེད་དུ་རང་ཉིད་བློས་གཏོང་བྱེད་ཐུབ་དགོས་པར་འདོད། རང་ཉིད་བློས་གཏོང་ཟེར་བ་ནི། ཤི་དགོས་ཟེར་བ་མ་ཡིན་པར་དེ་རིང་དགོང་མོ་སློབ་ཚན་གྲ་སྒྲིག་དང་། སང་ཉིན་ཉིན་གུང་སློབ་ཕྲུག་གི་ཀུན་སྤྱོད་དང་བསམ་བློའི་འཕེལ་ཚད། ཉིན་རེའི་སློབ་ཕྲུག་གི་འཚོ་ཐབས་སོགས་ལ་ལྟ་རྟོགས་བྱེད་དགོས། མ་ཟད་གུང་གསེང་བར་སྟོང་ནམ་ཡོད་ལ་སློབ་མ་ཚོའི་ནང་སྦྱོང་ཡོད་ཚད་ལ་ཞུ་དག་བྱ་དགོས། ཞུ་དག་ནི་དག་ནོར་ཙམ་མ་ཡིན་པར། ཡིག་གཟུགས་མི་ལེགས་པ། སྡེབ་སྦྱོར་མི་བདེ་བ། བསམ་བློ་མི་བཟང་བ། དག་ཆ་ནོར་སོང་བ། བྱུང་རིམ་གྱི་འཆར་འགོད་མི་འགྲིག་པ། དཔེ་དོན་མི་འཚམས་པ་སོགས་ཡོད་ཚད་ཞུ་དག་བྱ་དགོས། འདི་ལྟ་བུའི་ལས་འགན་ཤིན་ཏུ་མང་པས་དགེ་རྒན་རང་ཉིད་ལ་དབང་བའི་དུས་ཚོད་ཧ་ཅང་ཉུང་། དོན་དུ་དགེ་རྒན་གྱི་དུས་ཚོད་དགེ་རྒན་རང་གི་མ་ཡིན་པར་སློབ་ཕྲུག་མང་དག་ཅིག་གི་ཡིན་པ་ཧ་གོ་ན། དགེ་རྒན་དེར་བླ་མེད་ཡང་དག་གི་གཞན་ཕན་བསམ་བློ་དེ་ཡོད་པར་ཐེ་མི་ཚོམ། འོན་ཀྱང་དེང་གི་དགེ་རྒན་མང་དག་ཅིག་ཆང་འཐུང་བ་དང་། ཉལ་བ། འཆམ་པ་སོགས་ལ་བྲེལ་ཞིང་། སློབ་ཕྲུག་མང་པོ་ཞིག་ལ་གུང་གསེང་མང་ཞིང་བར་སྟོང་མོད་པའི་སྣང་ཚུལ་འདི་ལ་བལྟས་ན། དགེ་རྒན་གྱི་མཚན་ཟུར་གསུམ་པ་ཕན་ཞེས་པའི་ཚིག་དེ་རི་བོང་གི་རྭ་དང་མཁའ་ཡི་པདྨ་ཡིན་པར་ཐེ་ཚོམ་མི་འདུག་སྙམ།

མཚན་ཉིད་དེ་ལྡན་གྱི་དགེ་རྒན་ཞིག་མིན་ཚེ། སློབ་ཕྲུག་གང་དེར་ལྷན་སྐྱེས་ཀྱི་བློ་རིག་གསལ་ཞིང་། ཤེས་བྱ་གང་ཡིན་ཡང་ཤེས་འདོད་ཀྱི་འདུན་པ་ག་ཚོད་ཅིག་དྲག་ཅིང་། དགེ་རྒན་ནམ་བླ་མ་དེར་གུས་པའི་བསམ་བློ་རྩ་བ་ནས་ཡོང་མི་སྲིད། དེང་གི་དགེ་རྒན་མང་པོ་ཞིག་སློབ་ཕྲུག་གི་དབྱུག་འོག་ཏུ་ལྷུང་བ་དང་། ཁ་རྡུང་གི་བར་གསེང་ན་རྟག་ཏུ་ཡོད་པ་ནི། སློབ་ཕྲུག་ཞན་པས་མ་ཡིན་པར་དགེ་རྒན་རང་ཉིད་ཞན་སོང་བས་རེད་འདོད། དགེ་རྒན་རང་ཉིད་“གཙང་མཁས་གཞན་ལ་ཕན་པར་འདོད་”པའི་བསམ་བློ་ཡང་དག་ཅིག་ཡོད་ན། ཁྱོད་ཀྱིས་སློབ་ཕྲུག་བརྡུངས་ཏེ་བསད་ཀྱང་ཕ་མ་ཚོས་ལྕགས་འཁོར་དང་གྲི་ཁྱེར་ནས་སློབ་གྲྭའི་ར་བར་ཤོར་ཡོང་མི་སྲིད།

དཔེར་བཞག་ན། གངས་ལྗོངས་ཤེས་རིག་སློབ་གླིང་དང་། གྲྭ་ས་ཁག་གི་དགེ་སློབ་ཀྱི་འདུ་ཤེས་འཛིན་སྟངས་ཧ་ལས་དགོས་པ་དང་ཧང་སོང་པ་དགོས་པ་ཞིག་རེད། ཚོགས་སྡེ་དེ་དག་གི་དགེ་རྒན་ཡོད་ཚད་ཀྱིས་ཤེས་བྱའི་དེ་ཁོ་ན་ཉིད་ཇི་བཞིན་རྟོགས་ཡོད་མི་སྲིད་ཀྱང་། དགེ་རྒན་རང་ཉིད་“གཙང་མཁས་གཞན་ལ་ཕན་པར་འདོད་”པར་འདོད་ཅིང་། “བྱེ་བྲག་སྦྱངས་པས་དོན་ལ་ངེས་”པ་བརྟན་པོ་རྙེད་པའི་སློབ་དཔོན་གྱི་མཚན་ཉིད་ཡོངས་སུ་ཚང་ཕྱིར་སློབ་ཕྲུག་ཐམས་ཅད་ཀྱིས་དགེ་རྒན་དེ་དག་དབུ་ཡི་གཙུག་དང་གཙུག་གི་ནོར་བུར་བཀུར་བཞིན་པ་རེད།

དེའི་ཕྱིར་མཚན་ཉིད་དེ་ལྡན་ཞིག་ཡིན་ན། དགེ་རྒན་དབུས་བཞག་དང་སློབ་མ་དབུས་བཞག་ཀྱི་རྣམ་དབྱེ་ལ་ཏག་ཏག་གསལ་ཁ་འབྱེད་ཤེས་ངེས། དེ་ལྟའི་ཕྱིའི་ཀུན་སྤྱོད་རྣམ་པར་དག་ཅིང་ནང་ཤེས་ཡོན་ཕུན་སུམ་ཚོགས་པའི་དགེ་རྒན་ཞིག་ཡིན་ཚེ། རྒྱལ་ཁབ་གྱི་སྲོག་རྩ་གྱུར་པའི་སློབ་ཕྲུག་གི་སྤུས་ཀ་ཡག་ཏུ་འགྲོ་བར་མ་ཟད། སློབ་ཕྲུག་དེ་ཉིད་ཀྱིས་ཀྱང་”སློབ་དཔོན་དེ་ཉིད་དུ་འཛིན་ཞིང་། ཟོ་བཟང་དད་པ་ལ་བརྟེན་པ”འི་བསམ་སྤྱོད་ཡང་དག་པ་ཞིག་འབྱུང་སྲིད་པར་མ་ཟད། དགེ་རྒན་གང་གིས་སློབ་གཞི་གང་ཞིག་འཆད་ཅིང་”སྐྱེས་བུ་དེས་མྱུར་དུ་རྟོགས་པ་”འགྱུར་བར་གདོན་མི་ཟ་ན། “བློ་གསལ་ཤེས་འདོད་བློ་མར་གུས་”པའི་བསམ་སྤྱོད་བཟང་པོ་དེ་ཡོད་པའི་སྐབས་སུ་དུས་ལས་མི་གཡོལ་བར་”དེ་ལ་དུས་སུ་འདོམས་པར་བྱ་”རྒྱུ་ནི་ཁ་ཚ་དགོས་གཏུགས་ཉིད་དོ། དེ་ཡང་སློབ་གཞི་གང་དེ་དགེ་རྒན་གྱི་ཚོར་བ་ཙམ་མམ་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་“ལུང་དང་རིགས་པའི་རྗེས་སུ་འབྲངས་ནས་གདམས་”དགོས་པ་ནི། དགེ་རྒན་ཞིག་གི་སློབ་ཁྲིད་བྱ་གཞག་གི་འོས་འགན་གལ་ཆེ་ཤོས་ཤིག་ཡིན་པ་གདོན་མི་ཟའོ།།

ཕྱོགས་ལྷུང་གི་ལྟ་ཚུལ་ལྡན་པའི་དགེ་རྒན་ཞིག་ཡིན་ཚེ། ཚད་ལྡན་གྱི་དགེ་རྒན་ཞིག་ཡིན་མི་སྲིད། ཕྱོགས་སུ་ལྷུང་བའི་སྐད་ཆ་ལ་བརྟེན་པའི་སློབ་ཕྲུག་ཅིག་ཡིན་ན། ནམ་ཡང་ཕྱོགས་ལྷུང་གི་ལྟ་ཚུལ་ཞིག་ལས་བསམ་མི་ཤེས་ལ་སྨྲ་ཡང་མི་ཤེས། དཔེར་ན། བོད་ནང་གི་དགེ་རྒན་ཚོས་བོད་ཀྱི་ཡོད་ཚད་རྗེས་ལུས་ཡིན་པ་དང་། ཕྱི་རྒྱལ་གྱི་ཐམས་ཅད་ཡང་དག་པ་ཡིན་པའི་འཆད་ཁྲིད་བྱེད་ཅིང་། ཕྱི་ལོག་གི་བོད་དགེ་དག་གིས་བོད་ཀྱི་སྲོལ་རྒྱུན་འདི་གཅིག་པུ་ཡང་དག་པ་ལས་གཞན་ཐམས་ཅད་དགོས་མེད་གད་སྙིགས་སུ་སྨྲ་བའི་བསམ་སྤྱོད་འདི་འབའ་ཞིག་ལ་བརྟེན་ནས། ད་བར་བོད་པར་འཛམ་གླིང་ལ་ངོམ་དུ་རེ་བའི་ཆེད་ལས་པ་ཞིག་ཡོང་ཐུབ་མེད་འདི་རེད།

ཞོར་དུ་དགེ་རྒན་ཞིག་ཡིན་ན། དཔེ་ཀློག་གི་བྱ་བཞག་བརྗེད་མི་རུང་། དཔེ་ཀློག་ལ་གནའ་དཔེ་བཀླག་དགོས་ཤིང་། དེང་དཔེ་ཡང་བཀླག་དགོས། མ་ཟད་ཕྱི་རྒྱལ་དང་ནང་རྒྱལ་གང་ཡིན་ཡང་བརྩམས་ཆོས་བཀླག་དགོས།དེའི་རྒྱུ་མཚན་ནི། དགེ་རྒན་གྱི་བསམ་བློ་བྱིས་བློ་ལས་འགོངས་པའི་ཡོན་ཏན་པའི་བསམ་བློ་རུ་འགྱུར་དགོས་པའི་ཆེད་དུ་རེད། དེང་སང་གི་ཕྱོགས་ལྷུང་སྨྲ་བའི་བོད་ཕྱི་ནང་གི་དགེ་རྒན་དག་ལ་ད་དུང་ཡང་བྱིས་བློ་ཙམ་ལས་མེད་པས་སྐད་ཆ་གང་བཤད་ཀྱང་བྱིས་གཏམ་ཙམ་ལས་བཤད་ཤེས་ཀྱི་མེད་པ་འདི་རེད།

མདོར་ན་དགེ་རྒན་ལ་“གཙང་མཁས་གཞན་ལ་ཕན་པར་འདོད་”པའི་རྣམ་བཞག་དེ་ཡོད་ཚེ། སློབ་ཕྲུག་དག་རང་བཞིན་གྱིས་“བློ་གསལ་ཤེས་འདོད་བླ་མར་གུས་”པའི་ཀུན་སྤྱོད་ཆགས་པར་ཐེ་ཚོམ་མི་དགོས། དེའི་ཕྱིར་ན། མཚན་ཉིད་དེ་ལྡན་གྱི་དགེ་རྒན་དེ་གཞི་ནས་མི་རིགས་ཀྱི་མུན་སེལ་སྒྲོན་མེ་དང་། ཤེས་རབ་ཀྱི་འོད་སྣང་འདྲེན་མཁན། དུས་རབས་ཀྱི་ལམ་སྟོན་པ། མི་ཡི་བླ་སྲོག་གི་བྱེད་པོ་ཞེས་སྨྲ་ཆོག་ཆོག་རེད། དེ་དུས་དགེ་རྒན་གྱི་ཕྱག་གི་དབྱུག་པ་ཡིན་ཡང་ཤེས་རབ་ཀྱི་རལ་གྲི་དང་། ལམ་སྟོན་གསེར་དབྱུག་ཏུ་མི་ཆགས་པའི་ངེས་པ་མི་འདུག་སྙམ་མོ།།

མཆན། “”རྟགས་འདི་ཡོད་པ་ནི། ས་པཎ་གྱི་མཁས་འཇུག་གི་ཚིག་དང་།
” ” རྟགས་འདི་ཡོད་པ་ནི་ཐོན་མའི་སུམ་ཅུ་པའི་ཚིག་ཡིན།