IMG_3622——བོད་ཀྱི་སློབ་གསོའི་ལས་དོན་ལ་ཕྱག་རྗེས་ཆེ་བའི་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་དྲན་པ།

ད་ལྟ་སྐད་ཡིག་ཉམས་རྒུད་ཐད་ལ་སྐད་འཕྲིན་དང་པོད་ཕྲན་སོགས་སུ་ཤུགས་ཆེའི་གླེང་སློང་འབྱུང་བཞིན་མོད། འདི་ལ་གཞུང་ཕྱོགས་ནས་འོས་བབ་ཀྱི་སྲུང་སྐྱོབ་ཞིག་འཐོབ་རྒྱུ་ནི་ཧ་ཅང་རྒྱང་ཐག་རིང་བ་ཞིག་རེད། སྐབས་འདི་དག་ལ་དཀའ་སྡུག་ཁུར་དུ་བཟོད་ཅིང་སྙིང་སྟོབས་རྡོ་ལས་སྲ་བའི་དམ་པ་དག་དྲན་ཡུལ་ལ་འཁོར་ཡོང་།

སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་སྐུ་གྲོང་ནས་ཉིན་༢༨སྟེ་དེ་རིང་བདུན་ཚིགས་བཞི་བ་རེད། ང་རང་ཞོགས་པ་སྔ་བོ་ནས་མལ་ཁྲིའི་སྟེང་ཁོང་གི་མི་ཚེའི་ལོ་རྒྱུས་《ཕ་ཡུལ་གྱི་ཕན་བདེའི་ཆེད་དུ》ཀློག་བཞིན་ཡོད། དེ་སྔོན་༢༠༡༢ལོའི་དབྱར་གཞུང་ཞིག་ལ་ཁོང་དང་འཁྱུག་ཙམ་ཐུག ཁོང་ནི་ཐུགས་བྲེལ་ཆེ་མདོག་དང་མི་དང་གླེང་མོལ་བྱེད་དུས་དཀྱེལ་ཡངས་པོ་ཞིག་འདུག ཁོང་གིས་སྐབས་དེར་ཚོད་ལྟའི་ཚུལ་དུ་སྐྲུན་པའི་ངའི་ལག་གི་《ཕ་ཡུལ་གྱི་ཕན་བདེའི་ཆེད་དུ》དེར་གཟིགས་ནས་དེབ་འདི་ཅི་འདྲ་འདུག་གསུང་། ངས་ཀུ་རེ་དང་སྦྲགས་ནས་སྤོ་ལགས་ཁྱེད་རང་རྡོ་ནང་བཞིན་རེད་ཟེར་བར། ཁོང་ཧབ་ཆ་དིར་རེར་སོང་། ལོ་ན་མཐོན་པོར་སོན་པའི་ཁོང་གིས་དེ་དུས་ནས་རང་གི་མི་ཚེ་ནང་དཀའ་ངལ་ཁྱད་བསད་ཀྱིས་སྒྲུབ་པའི་དངུལ་དངོས་དག་གིས་༼ བཀྲ་ཤིས་ཚེ་རིང་སློབ་གསོ་ཐེབས་རྩ་ཚོགས་པ ༽ གསར་འཛུགས་ཀྱིས་ཕུགས་རྒྱང་རིང་བའི་ཕན་བདེའི་བྱ་གཞག་བསྒྲུབ་ཐུབ་པར་ནུས་ཤུགས་གང་ཡོད་འདོན་བཞིན་འདུག

ཁོང་ནི་བོད་དབུས་གཙང་ཕྱོགས་ཀྱི་སློབ་གསོའི་ལས་དོན་ལ་ཕྱག་རྗེས་ཆེ་བའི་སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་ཏུ་མ་ཟད། བོད་ཀྱི་སྐད་ཡིག་གི་ཐད་ལའང་ཚོར་སྣང་ཟབ་མོས་གནད་དོན་ངོས་ཟིན་ཐུབ་པ་དང་གནད་དོན་དེ་འབྲེལ་ཡོད་སྲིད་གཞུང་ལ་སྙིང་སྟོབས་ཆེན་པོས་བཤད་ཐུབ་མཁན་ཞིག་རེད། དེ་ཡང་རིམ་པར་༡༩༨༦དང་། ༢༠༠༧སོགས་སུ་སློབ་གསོ་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ་གྱི་ཆེད་དུ་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སོགས་སུ་ཤུགས་ཆེའི་སྙན་ཞུ་རིམ་པར་ཕུལ་ཡོད་མོད། ད་སྔ་རྩ་ཁྲིམས་ཀྱི་ངོས་ནས་བཤད་ན། བོད་ཀྱི་སྐད་ཡིག་ནི་དངུལ་བྱང་སྟོང་པ་ཞིག་དང་ཆ་འདྲ་སྟེ། མཐོང་རྒྱུ་ཡོད་ལ་སྤྱོད་རྒྱུ་མེད་པ་དེ་རེད།

མི་འདིའི་རིགས་ནི་བོད་ཙམ་དུ་མ་ཟད་འགྲོ་བ་མིའི་རིགས་ཀྱི་ཁྲོད་དུའང་ཉུང་ངུ་ལས་ཡོད་མི་སྲིད་པའི་གྲས་ཡིན་ངེས་ཏེ། སྐབས་འཕྲལ་གྱི་བདེ་བས་ཡིད་མི་ཚིམས་ཤིང་། བསམ་ཡུལ་འདས་པའི་ཆག་སྒོ་རབས་དང་རིམ་པས་ཀྱང་ཡིད་ཀྱི་བརྟན་པ་ཞུམ་པར་བྱེད་མི་ནུས་པས། ད་གཟོད་མི་སྤྱིར་བཏང་བ་ཞིག་གིས་ཡིད་ལའང་བསམ་མི་ཐུབ་པའི་ལས་དོན་ལག་པས་སྒྲུབ་ཐུབ་པ་རེད། བཤད་ཕོད་པ་དང་། སྒྲུབ་ཕོད་པའི་སྐྱེས་བུ་འདི་འདྲ་ང་ཚོར་ག་ཙམ་ཡོད་དམ།

རྗེ་མི་ལས། བླ་མའི་གདམ་ངག་མ་ཟབ་ན། །བདུད་ཀྱི་བར་ཆད་ཅི་ལ་འོང་། །གསུངས་པ་ལྟར། འུ་ཚོར་མཚོན་ན་བྱེད་འོས་པ་དང་བྱེད་ཐུབ་པའི་ལས་དོན་ཁག་ཅིག་ལ་བར་ཆད་ནི་ཀུ་རེའམ་བསམ་བཞིན་དུ་གང་ནས་ཅི་ལྟར་འོང་བ་ཆ་མི་འཚལ། འདས་པོ་ཁོང་གི་མཇུག་མཐའི་རེ་འདུན་གལ་ཆེ་ཤོས་ཏེ། བཀྲ་ཤིས་ཚེ་རིང་སློབ་གསོ་ཐེབས་རྩ་ཚོགས་པ་འཛུགས་རྒྱུར་ནུས་ཤུགས་གང་ཡོད་བཏོན་མོད། ཆོག་མཆན་མ་ཐོབ་པས་མཐར་རེ་བའི་དར་དཀར་ཕྲ་མོ་ཁ་བའི་ལྗོངས་སུ་འཐེན་བཞིན། ལྷ་ལྡན་གཙུག་ལག་ཁང་གི་ཉེ་འཁྲིས་ཀྱི་རང་ཤག་ཏུ་༢༠༡༤ལོའི་ཟླ་༡༢ཚེས་༥ཉིན་སྐུ་ཚེའི་འཕེན་པ་རྫོགས།

འཐབ་རྩོད་ཀྱི་ཁྲོད་ནས་འཚར་ལོངས་བྱུང་ཞིང་། འཐབ་རྩོད་ཀྱི་ངང་ནས་ཚེ་ཡི་འཕེན་པ་རྫོགས། འདི་ནི་ཁོང་གིས་གསུངས་པ་ཇི་བཞིན་“ངའི་སེམས་ནང་། བློས་གཏོང་བྱེད་པ་དང་གོ་སྐབས་དམ་འཛིན་བྱེད་པ་ནི། ང་ཚོའི་མི་རབས་འདིའི་ལས་འགན་དང་དམིགས་འབེན་རེད་དྲན། ང་རང་གི་དམིགས་འབེན་ནི་ད་ལྟ་འདི་ག་རང་དུ་སྟེ། བོད་ནང་ལ་ཡོད།”P149 འདི་ནི་བློས་གཏོང་དང་གོ་སྐབས་དམ་འཛིན་བྱེད་པའི་གོ་རིམ་ཞིག་ཡིན་ནམ། ཡང་ན་་་་་་་་་་་་་་་་་་་་་་་་་་་་་

མཇུག་མཐར་འདས་པོ་ཁོང་གི་ཀྱག་ཀྱོག་གི་མི་ཚེ་ཇི་བཞིན། ཁོང་གི་ལོ་རྒྱུས་མཇུག་སྡོམ་ཁྲོད་ཀྱི་ཚིག་དུམ་འདིར་ཡང་ཡང་བལྟ་བར་ཐལ་་་་་་་

“ངས་རྟག་པར་རང་ཉིད་བོད་རིགས་ཀྱི་མི་རིགས་རང་ལུགས་པ་དང་ཞིག་དང་རྒྱལ་ཞེན་པ་ཞིག་ཏུ་བརྩི་བཞིན་ཡོད། འོན་ཀྱང་ཐ་སྙད་འདི་ཚོས་མི་མ་འདྲ་བར་གོ་བ་མ་འདྲ་བ་རེ་ལེན་དགོས་པ་ད་ལྟ་ངས་ཤེས་སོང་ལ། ང་རང་རང་གི་ལྟ་ཚུལ་རྣམས་བར་མཚམས་མེད་པའི་ལོ་རྒྱུས་ཀྱི་གནོན་ཤུགས་དྲག་པོའི་འོག་ངར་ཤུགས་ཇི་ཙམ་མར་བཅག་ཀྱང་དེ་ཙམ་ཡར་ལངས་ཀྱི་ཡོད། ང་སྔོན་མའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ཞིང་བྲན་སྤྱི་ཚོགས་དེར་བསྐྱར་ལོག་བྱེད་འདོད་མཐའ་གཅིག་ཏུ་མེད་ལ། དེ་བཞིན་དུ་སྒྱུར་བཅོས་དང་དེང་རབས་ཅན་གྱི་རིན་དོད་དུ་རང་གི་སྐད་ཡིག་དང་རིག་གཞུང་རྩ་བརླག་ཏུ་འགྲོ་དགོས་པ་རེད་རྩ་བ་ནས་བསམ་གྱི་མེད། རིག་གནས་གསར་བརྗེ་ཆེན་པོས་ང་ལ་དེ་དག་ཇི་ཙམ་གྱིས་རྩ་ཆེན་ཡིན་པའི་བསླབ་བྱ་སྤྲད་བྱུང་། དེར་བརྟེན་དེང་རབས་ཅན་དུ་སྐྱོད་པའི་བོད་ཀྱི་གོམ་སྟབས་ལ་ངས་བཅོས་མིན་གྱི་དགའ་བསུ་བྱེད་པ་དང་ཆབས་ཅིག རང་གི་སྐད་ཡིག་དང་རིག་གཞུང་གི་ཤུལ་བཞག་རྣམས་རྩ་བརླག་མི་འགྲོ་བའི་འགན་ལེན་ཡོང་ཆེད་ང་ཚོ་བོད་མི་ཚོས་འཐབ་རྩོད་བྱེད་དགོས་པའི་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད། དམིགས་ཡུལ་འདི་དག་བསྒྲུབ་པར་ཤེས་ཡོན་སློབ་གསོ་ནི་གཙོ་གནད་ཡིན་པར་མངོན།”

2015/1/1ཞོགས་པར།