1 ཆུང་ཆུང་བྱིས་པའི་དུས་ནས་ད་ལྟ་ལ་ཐུག་གི་བར་དུ། སུ་ཞིག་གིས་ང་ཚོ་ལ་འཇིག་རྟེན་མི་རྟག་པའི་གནས་ལུགས་ཟབ་མོ་བཤད་བཤད་ལ་ཡོང་ན་ ཡང་། གནས་ནས་ད་ལྟའི་བར་དུ་ང་ཚོས་ཡོད་ཚད་རྟག་འཛིན་དུ་སྒོམ་སྟེ་འཆར་གཞི་ལུང་བ་གང་ གི་ཁྲོད་ནས་མ་ཁོམ་པར་འདུག་དགོས། དེ་བས་གནས་ལུགས་ནི་གནས་ལུགས་ཡིན་པ་ལས་འཚོ་བ་མ་རེད། གནས་ལུགས་ཀྱིས་འཇིག་རྟེན་ལ་སྙིང་བོ་ཅི་ཡང་མེད་པར་སྒྲུབ་ཐུབ་ན་ཡང་། ང་ཚོས་འཚོ་བ་སྔར་བཞིན་དུ་རོལ་དགོས།

2 ང་ཚོ་ནི་དད་པ་ཡོད་པའི་མི་རིགས་ཤིག་ཡིན་ཞེས་སུས་ཀྱང་ལབ། ལབ་མཁན་ཚོའི་ཁྲོད་ན་མཆོག་གསུམ་གྱི་མཚན་ཉིད་མི་ཤེས་མཁན་བགྲང་ལས་འདས་པ་གང་ལ་བཤད།

3  སྐྱབས་ཡུལ་རབ་རིབ་དང་མག་མོག་ཡིན་པའི་མི་ཚེའི་དད་པ་ཡི་མཐར་ཐུག་ནི་མུན་ནག་ཡིན། མུན་ནག་གི་སྔུན་ནས་མིག་བཙུམ་པ་ནི། ཀུན་གྱིས་ཁ་ན་རླངས་པ་བཞིན་གཏོང་བཞིན་པའི་དད་པ་ཟེར་བ་དེ་ཨེ་ཡིན་ནམ།

4དེ་རིང་ཁྱེད་ཀྱི་ཁ་ལ་ཇ་ཆང་མཆོད་ན་སང་ཉིན་ཁྱེད་ཀྱི་རྩོམ་ལ་དཔྱད་བརྗོད་སྤེལ་བའི། དེ་རིང་ཁྱེད་ལ་ཉི་མ་ཞེས་བསྔགས་ན་སང་ཉིན་ཁྱེད་ལ་ཟླ་བ་ཞེས་བསྟོད་པའི། ཤེས་ཡོན་པ་དང་རིག་གནས་པ་ཞེས་འགྲེང་མཁན་གྱི། ལངས་ཕྱོགས་ཀྱིས་བདེན་པ་གླེང་མཁན་གྱི། ཁོག་པ་ཆུང་ཞིང་མིག་རྒྱང་ཐུང་བའི་བོད་ཀྱི་རྩོམ་པ་པོའི་སྡེ་དངོས་གནས་འཚར་བོ་འདྲ་རེད།

201518228585039

5 རྩོམ་རིག་རང་ལྡོག་གི་མཛེས་པ་དང་བདེན་པ་གླེང་ན། ནམ་ཞར་ཐིག་ཤིང་བྱེད་ལ་གོམས་པའི་ཀློག་པོ་སྐོར་ཞིག་གིས་མི་རིགས་ཀྱི་འདུ་ཤེས་ སྐོར་ཡོད་མེད་གླེང་ཞིང་། དེ་ལས་འཕྲོས་པའི་སྡོམ་ཚིག་ཕྲ་མོ་རེ་ཡང་འཇོག་ལ་མོས། ཡིན་ནའང་མི་རིགས་ཀྱི་འདུ་ཤེས་ཟེར་བ་རྩོམ་ཐུང་རེ་ཟུང་དང་ལྟ་ཚུལ་རེ་གཉིས་ལ་ གཞི་བཅོལ་ནས་ཡོད་མེད་ཐག་གིས་བཅད་ཆོག་པ་ཞིག་ཀྱང་མིན། ཁ་དཔེ་ཞིག་ཡོད་དེ། ཆོས་ཆེ་བོ་ཨ་ཁུས་མི་ཤེས། ཆོས་ཆུང་ངུ་ཨ་ཁུས་མི་འདོན་ཟེར། ཏག་ཏག་རེད་དེ། འུ་ཚོའི་མི་རིགས་ནམ་ཡང་ཆེན་པོ་གླེང་ལ་དགའ། ཆུང་ངུ་གླེང་མཁན་དང་སྒྲུབ་མཁན་ལ་མི་མོས། མདོར་ན། དུས་རབས་ཉེར་གཅིག་པའི་ནངས་མོར་ཡང་ཁ་གཡང་དང་ལག་ལེན་གཉིས་ལས་ཁ་གཡང་ཧ་ཅང་བྲིན། དེ་ནི་ཁོ་བོས་ཕམ་ཁ་ཞིག་ཏུ་འདོད་ཀྱི་ཡོད།

6 ཁ་ཅིག་ན་རེ། རྩོམ་རིག་གིས་མི་རིགས་དང་ལ་རྒྱ། ཡང་ན་ལོ་རྒྱུས་སོགས་མི་གླེང་བར། མིའི་རང་བཞིན་དང་།མིའི་དགའ་སྐྱོ་ཆགས་སྡང་གི་འཚོ་བ་སོགས་མཚོན་ཐབས་སྣ་ཚོགས་ ཀྱིས་གསར་སྐྲུན་བྱེད་པ་ལ་ནི་སྙིང་བོ་མེད་པར་སྨྲ། ཁོ་བོ་ན་རེ། གང་ཟག་སྒེར་བ་དང་མིའི་རང་བཞིན་བརྗོད་སྙིང་དུ་མ་བཟུང་བའི་མི་རིགས་དང་ལ་རྒྱ་ ཞིག་ཀྱང་ཡོད་མི་སྲིད་སྙམ།


7  ཁོ་བོས་གོ་བ་ལེན་སྟངས་ལྟར་ན། སྒེར་ཚུགས་ཅན་ཟེར་བ་ནི། ལས་དོན་གང་ཡིན་རུང་རིག་པ་ཟབ་མོ་ཞིག་དང་གནས་ལུགས་ངེས་ཅན་ཞིག་ལ་དཔུང་བཅོལ་ནས་ ཚུགས་ཐུབ་ཀྱིས་ཡར་འགྲེང་མཁན་ལ་ཟེར་གྱི། གཞན་གྱིས་ཡར་བཤད་ན་བསམ་བཞིན་དུ་མར་བཤད་པ་དང་ཀ་ཞེས་བཏོན་ན་བསམ་བཞིན་དུ་ཁ་ ཞེས་བཟློ་མཁན་དེ། སྐོར་ལོག་དང་གཅུས་ལོག་གི་རིགས་ལ་བསམ་ན་ཁྱེད་རང་ནོར་སོང་།

8 རྩོམ་པ་པོ་ཞིག་ལ་ཆ་མཚོན་ན། མ་མཐའི་ཆ་རྐྱེན་གཅིག་ཚང་དགོས་པ་ནི། ཁུངས་མི་བཙུན་པའི་གཏམ་འཆལ་ལ་གཞི་བཅོལ་ནས་གཞན་ལ་ཞྭ་མོ་བསྐོན་པ་དང་། གནོད་འཚེ་མི་གཏོང་རྒྱུ་དེ་རེད་ལ། ཁོ་བོས་བསམ་ན་དེ་ནི་སྨྲ་བརྗོད་རང་དབང་དང་ཅི་བསམ་གང་དྲན་གཉིས་ཀྱི་སོ་མཚམས་ ནས་ཀུན་ལ་ངེས་དགོས་པའི་རྒྱུན་ཤེས་ཕྲ་མོ་ཞིག་ཀྱང་རེད་སྙམ།

9 ཀློག་པ་པོ་སྐོར་ཞིག་གིས། ང་ཁྱེད་ཀྱི་རྩོམ་ཡིག་ལ་མོས་པ་ཡོད་ཚུལ་དང་ཁྱེད་ཀྱི་མི་གཤིས་ལ་དུངས་པ་ཡོད་ རབས་ཀྱི་གཏམ་ཡངས་མོ་བ་སྤུ་ལྟ་བུ་རྣ་ལམ་ལ་སྤུར་ནའང་། ནམ་ཞིག་ཁྱེད་ཀྱི་བསམ་བློ་དང་སྐད་ཆ་ཁོ་ཚོའི་ཐིག་ཤིང་གིས་བཅད་ཡོད་པའི་ལམ་བུར་ མ་ཕྱིན་ཚེ། ཁྱི་སྐྱག་གིས་མཚོན་པའི་སྐྱག་ཚོགས་ཀྱི་རྡེའུ་ཡང་མགོ་ལ་འཕེན་སྲིད་པས། ཐོག་མ་ཉིད་ནས་རང་གིས་གཏོང་འདོད་པ་དེ་བཏང་ན་ལེགས་པ་ལས། ཁོ་ཚོའི་གདོང་གི་ཁ་དོག་འཚོ་བ་ནི་རང་ཉིད་གཞན་དུ་བསྒྱུར་བའི་ཐོག་མའི་སྔོན་འགྲོའོ།

10 ངས་བསམ་ན། ལས་རིགས་གང་ཞིག་ཡིན་རུང་། བྱ་བ་ཅི་ཞིག་སྒྲུབ་ཀྱང་། 80རྗེས་ཀྱི་ན་གཞོན་དག་གི་འགན་འཁྲི་གཙོ་བོ་ནི། 60དང70རྗེས་ཀྱི་མི་དག་གི་ཁ་གཡང་དང་རང་སྤུར་ལས་བརྒལ་ཏེ། ལག་ལེན་དང་ལས་ཀའི་སྟེང་ནས་མངོན་དགོས་པ་དེ་རེད་སྙམ།

11 མི་ནི་འགྱུར་བའི་ཆོས་ཉིད་ཅན་ཡིན་པས། ང་ནི་འདི་བྱེད་མཁན་ཁོ་ན་ཡིན་ཞེས་སྡོམ་ཚིག་འཇོག་མ་སྔ། ཁྲིགས་ཁྲིགས་མེད་ན་ང་ཚོ་ཏན་ཏན་ཆུང་དུས་ཀྱི་རྨི་ལམ་དང་ཕུགས་བསམ་མང་པོའི་ འཇིག་རྟེན་ལ་ཐོན་ཐུབ་ན་ཡང་ཐང་།