ཁོ་བོས་ནམ་དུ་ཡང་རང་མི་རིགས་ཀྱི་ལོ་རྒྱུས་ཀློག་དུས་རང་གི་ཁྱིམ་རྒྱུད་ཀྱི་དར་རྒུད་དྲན་ཞིང་འོངས། རང་གི་ཁྱིམ་རྒྱུད་ཀྱི་བྱུང་བ་ནི་མི་རིགས་འདིའི་ལོ་རྒྱུས་ཀྱི་བསྡུས་གཟུགས་ཤིག་དང་མཚུངས་སྙམ་ནས་རྟག་པར་དེ་ལ་དྲན་གསོ་བཞིན་ཡོད(དོན་དུ་བོད་མི་རེ་རེར་འདི་འདྲའི་མྱོང་སྣང་ཡོད་སྲིད)། སྐབས་ཤིག་ལ་རང་གི་རྨོ་མོའི་ངག་ལས་བྱུང་བའི་གསུང་འགས་མི་རིགས་འདིའི་རང་བཞིན་སྤྲོ་བོ་ཞིག་ཀྱང་མཐོང་བར་གྱུར།

   ངའི་རྨོ་མོ་ཞེས་བྲིས་ཀྱང་དོན་ལ་ཁོ་མོ་ངའི་ཨ་མྱེས་ཀྱི་མའི་ནུ་མོ་ཡིན་ལ། དེ་ལྟར་བཤད་ན་གོ་བདེ་བའི་ཕྱིར་ཙམ་མོ། མོ་རང་ཆུང་དུས་ལ་མོ་བདེ་ཆེན་དགོན་པའི་ཨ་ལགས་ཡང་ཆུང་གི་རིག་མར་སོང་བ་དང་ཕྱིས་བཙུན་མ་བྱས་ཏེ་གྲོངས་པའི་བར་དུའོ། །

   དུས་འགྱུར་གྱི་སྒང་ལ་བཙོན་དུ་བཟུང་ནས་ལོ་བཅོ་བརྒྱད་ཙམ་བསྡད། ང་སློབ་ཆུང་གི་སྐབས་སུ་བཙོན་གྲོལ་ཐོབ་སྟེ་ངེད་ཀྱི་ཁྱིམ་ལ་སླེབས་པ་ཡིན། མོ་བསྡད་པའི་བཙོན་རྭ་དེ་གང་ཡིན་པ་མི་ཤེས་ཀྱང་མེ་འཁོར་ལ་བསྡད་དེ་ཕར་ཚུར་སོང་བ་ཞིག་གླེང་བཞིན་འདུག་པས་ན་གོར་མོའི་བཙོན་རྭ་དེ་ཡིན་ཤས་ཆེ། བཙོན་རྭ་དེའི་ཁང་མིག་གཅིག་ལ་མི་བདུན་རེ་ཡོད་པར་བཤད་ཅིང་། ནམ་རྒྱུན་ངལ་རྩོལ་བྱེད་དགོས། ངལ་རྩོལ་བྱེད་དུས་སྨྱུང་གནས་བསྲུང་བ་ལྟར་ངག་བསྡམས་ནས་ཕན་ཚུན་ལ་སྐད་ཆ་བཤད་མི་ཆོག རང་གི་ངོ་ཤེས་སམ་ཉེ་མི་གཞན་མཐོང་ན་ཡང་མིག་བརྡ་རེ་བྱེད་པ་ལས་ཁམས་བདེའི་འཚམ་འདྲི་ཙམ་ཡང་བྱེད་ལོང་མེད་ཟེར།

  ཡུལ་དེ་བྱེ་ཚན་ཡིན་པས་བྱ་དང་བྱེའུ་རིགས་ནི་མཐོང་རྒྱུ་མེད་དེ། ཐོག་མར་ཡུལ་དེར་སླེབས་པ་ཙ་ན་མི་བདེ་བའི་སྣང་བ་སྟེར་མོད། ཡུད་ཙམ་ནས་བརྗེད་པ་ལྟ་བུར་གྱུར་ཏེ་ཡོད་པའི་སྐབས་ན། ཉི་མ་གཅིག་ལ་གློ་བུར་གར་འོང་འདིར་འོང་མེད་པའི་སྐྱ་ཀ་ཞིག་ཐོན་པས་སྐྱེ་ཕོ་མོ་ཀུན་མིག་ཆུ་ཤམ་ཤམ་བཞུར་སོང་ཟེར། དེ་ལྟ་ནའང་གཟའ་ཉི་མར་ངལ་གསོ་ཡོད་ཅིང་ངལ་གསོའི་ཉིན་ལ་སོས་བདེར་བསྡད་ཆོག་པ་ཡིན། ངལ་གསོའི་ཉིན་དེར་མི་བདུན་པོས་རེས་བསྐོར་ནས་གླུ་ལེན་པ་དང་། སྒྲུང་བཤད་པ། ཤགས་འགྱེད་པ་སོགས་བྱས་ནས་ཤིན་ཏུ་སྤྲོ་སྐྱིད་ལྡན་ཟེར།

  ངས“ཁྱེད་ཀྱིས་ཀྱང་གླུ་བླངས་པ་ཡིན་ནམ”ཞེས་དྲིས་པ་ན། “ང་ཇོ་མོ་ཞིག་གིས་གླུ་ལེན་ནམ”ཟེར། “ཨོ་ན། ཁྱེད་ལ་རེས་བབས་ན་ཅི་བྱེད་དགོས”ཞེས་དྲིས་དུས“ངས་འདི་ལྟར་བླངས་པ་ཡིན། ་་་་་་མཁར་མཐོན་པོའི་ལྕོག་གི་སྐྱ་ཀ། ཁྱོད་ད་ནངས་གང་ནས་ཐོན་ན།། ཁྱོད་ད་ནངས་ཡུལ་ནས་ཡོང་ན།། ངའི་དྲིན་ཆེན་མ་ལོ་བདེ་མོ།། ་་་་་་་་་ངའི་དྲིན་ཆེན་ཨ་མར་སྐད་ཅིག་གཏོང་།། ཉིན་བདུན་ལ་ལས་ཀ་ལས་དགོས།། ཉིན་བདུན་ནས་ངལ་གསོ་ཡོད་ཀི།་་་་་་་”ཞེས་སོགས་མ་ཎིའི་དབྱངས་རྟ་ལ་དྲངས་ནས་རྒྱུན་པར་བཟློ་སྲིད། མོས་བཤད་ན་དེ་ལྟར་གླུ་ལེན་མི་ཤེས་པ་དག་གིས་ཚིགས་བཅད་གོ་བདེ་རེ་བརྩམས་ཏེ་བཏོན་ན་གཞན་དག་གིས་ཉན་ནས་ཚིག་དེ་དང་དེ་མི་ཡག་གི་དེའི་ཚབ་ཏུ་འདི་ཡག་གི་ཞེས་དཔྱད་པ་དང་དག་བཅོས་གཏོང་བ་ཡིན་ཟེར།ངས་ད་ལྟ་བསམ་ན་ཇི་འདྲའི་རང་སེམས་སྐྱིད་པོར་གཏོང་ཤེས་པའི་མི་ཏག་ཏག་རེད་ཨང་སྙམ་པ་བྱུང་། བཙོན་ཁང་ནས་གླུ་དང་སྒྲུང་། ཚིགས་བཅད་རྩོམ་པ་ལ་སོགས་ཀྱིས་རང་སེམས་སྡུག་ཏུ་མ་བཅུག་པ་ནི་ངོ་མཚར་ཆེའོ། །

   དེ་ནས་ཁོ་མོ་ཡང་ང་དང་གཏན་ཏུ་གྱེས་ཏེ་ལོ་མང་ཐལ། ངའི་སེམས་ནས་ཀྱང་རྙིང་པར་གྱུར་ཏེ་བརྗེད་པ་ལྟ་བུར་སོང་།

   ན་ནིང་དགུན་ཁར་ང་རང་ལུས་ཕུང་མ་བདེ་བར་ཁྲི་ཀའི་ཚུ་ཚན་ལ་འཕྲོད་བསྟེན་དུ་ཕྱིན་པ་ཡིན། འགྲོ་ཁར་རོགས་པ་ཡང་མེད་པས་སུན་རྒྱུར་ངེས་སྙམ་ནས་དཔེ་ཆ་མང་པོ་ཞིག་འཁུར་ཏེ་ཕྱིན། ཡིན་ནའང་། བློ་ཡུལ་དུ་མ་འཆར་བ་ནི་དེ་ཀར་སླེབས་རྗེས། སུན་སྣང་ལྟ་ཅི་གནས་དེ་དང་འབྲལ་མི་འདོད་པ་ལྟ་བུར་གྱུར་སོང་། རྒྱུ་མཚན་གང་རེད་ཟེར་ན། དེར་སླེབས་པ་ཀུན་གཟུགས་གཞི་མ་བདེ་བའི་ནད་པ་དག་རེད་མོད། ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་ཕན་ཚུན་ལ་གཅེས་རོགས་ཤ་སྟག་བྱེད་པའི་རྐྱེན་དང་། མི་སྣ་མང་བས་ཡུལ་ལུང་མང་པོའི་གསར་འགྱུར་གཅིག་ཏུ་འདུ་བ། གླིང་བུ་ལ་སོགས་སྒྲ་སྙན་གྱི་རིགས་གོ་ནུས་པ། གླུ་དང་ལ་གཞས། རྡུང་ལེན་སོགས་ལ་མྱོང་རོལ་བྱ་ནུས་པས་སྤྲོ་སྐྱིད་ཀྱི་ནང་མ་ཁང་དང་གཉིས་སུ་མི་འདུག

   མཚན་མོར་ཆུ་ཚན་ལ་འཛུལ་ནས་ནམ་མཁའི་སྐར་ཚོམས་ལ་བལྟ་བཞིན་གཞོན་ནུ་ཕོ་མོ་སྐད་ངག་ཅན་དག་གིས་ལེན་རེས་བྱེད་བཞིན་པའི་ལ་གཞས་ལ་ཉན་དུས་འཇིག་རྟེན་ན་འདི་ལས་ལྷག་པའི་སྐྱིད་ཅིག་ཡོད་དམ་སྙམ་པ་འཆར། དེ་ནི་ང་རང་གྲོང་ཁྱེར་ནས་བསྡད་དྲགས་པས་ཡུལ་གྱི་འཚོ་བར་ཁ་ཐག་རིང་དུ་སོང་བའི་རྐྱེན་ཡིན་ཀྱང་སྲིད།

   གནས་དེར་ཨ་ཡེ་བདེ་སྐྱིད་ཟེར་བའི་གཟུགས་གཞི་མི་ཐང་བ་ཞིག་ཡོད་དེ། ཁོ་མོས་ལམ་འགྲམ་ནས་བསྡད་དེ་གླུ་ལེན་ཞིང་དངུལ་སློང་བར་བྱེད། གླུ་ཚིག་ནི་རེ་གཉིས་བསྐྱར་ཟློས་སུ་བྱེད་མོད། ཀུན་གྱིས་འཛོམས་ཚོད་ལྟར་དངུལ་སྦྱིན་པར་བྱེད་དེ། ཉི་མ་རེ་བཞིན་དངུལ་ཅུང་མང་པོ་འདུ་བ་ཡིན། མོས་ད་དུང་དངུལ་འདི་དག་ངས་སློང་མོ་བྱས་པ་དང་ཁྱེད་ཚོས་སྦྱིན་པ་ཞིག་མ་རེད། འདི་ང་རང་གི་ནུས་པ་ལ་བརྟེན་ནས་བཙལ་བ་ཡིན། དེ་མིན་ན་གླུ་ཁྱོད་ཚོས་ལོངས་དང་སྒོར་མོ་ངས་སྦྱིན་ཆོག་གི་རེད་ཟེར། སྐབས་དེར་ཀུན་གྱིས། དེ་རེད། དེ་བདེན་གི ཞེས་མོའི་ཁམས་དང་བསྟུན་ཅི་ཐུབ་བྱེད་དོ།།

   མོ་རང་རྒན་གསོ་ཁང་ལ་བསྐྱལ་ཡང་དེ་ནས་འདུག་མ་འདོད་པར་ཕྱིར་བྲོས་འོངས་པ་ཡིན་ཞེས་ཀྱང་ཟེར།་་་ ་་་ ད་དུང་མིག་གཉིས་ལོང་བར་གྱུར་པའི་སྐྱེས་པ་དེ། ད་དུང་རྐང་པ་གཉིས་ཀ་ཞ་བའི་བུད་མེད་དེ། ་་་ ་་་ཚང་མ་དགོད་བྲོ་བ་དང་སྤྲོ་སྣང་རྩེད་མཚར་ལ་གོམས་པ། རང་ཉིད་ཀྱི་སྐྱིད་མེད་སྙམ་པ་ཅན་ཤ་སྟག་ཡིན། གནས་དེའི་མི་སེམས་དྲོ་བའི་དོན་ཆེ་ཕྲ་ཀུན་བརྗོད་ཀྱིས་མི་ལང་སྟེ། སྤྱི་ཚོགས་རིག་པར་ཞིབ་འཇུག་བྱ་མཁན་དག་ལ་མཚོན་ན་དེ་ནི་བརྟག་དཔྱད་ཀྱི་ཡུལ་མ་ནོར་བ་ཞིག་གོ །

   བདག་གིས་འདིར་བརྗོད་འདོད་པ་ནི་འཇིག་རྟེན་འདིར་ཆེས་སྡུག་བསྔལ་བའི་གནས་གཉིས་ནི་བཙོན་ཁང་དང་སྨན་ཁང་གཉིས་ཡིན་སྲིད་མོད། དེ་ཀར་རང་རེའི་མི་རིགས་འདིས་རང་སེམས་གསོ་ཤེས་ཤིང་སྐྱིད་སར་འཇོག་ཤེས་ཨང་།

   རྣམ་པ་གཅིག་ཏུ་ན་དེ་ནི་མི་རིགས་གཉོམ་ཆུང་ཞིག་གི་དཔའ་སྤོབས་དང་བློ་རྒྱ་ཡིན་ཀྱང་སྲིད་དོ་སྙམ། །དཔའ་སྤོབས་སམ་བློ་རྒྱ་གང་དེ་རང་ཅག་གིས་ད་དུང་ཡང་དུས་ག་ཙམ་ལ་རྒྱུན་འཛིན་བྱ་ནུས་སམ།

                                                         སེམས་ཁོམ་པའི་ཉིན་མོར་དྲ་གྲོགས་དག་ལ་གླེང་མོལ་ཙམ་དུ།

                                                                          ༢༠༡༥•༡•༡༩