ཡིད་ཆེས་དང་སྤོབས་པའི་ཁེངས་བའི་སློབ་བུ་རྣམས་པ།        ཁྱེད་ཚོ་བདེ་མོ་ཡིན་ནམ།

དེ་རིང་ནི་ཁྱེད་ཅག་གི་རེ་སྒུག་བྱེད་བཞིན་པའི་དྲུག་གཅིག་བྱིས་པའི་དུས་ཆེན་རེད། ངས་ཁྱེད་ཅག་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་ཡིན། ངས་དེ་རིང་འདིར་ཁྱེད་ཅག་ལ་གཏམ་རྒྱུད་ཅིག་བཤད་འདོད།  གཏམ་རྒྱུད་འདི་ཁྱེད་ཅག་གིས་ཀྱང་ཤེས་ལ། ཐ་ན་བོད་མི་ཡོངས་རྫོགས་ཀྱིས་ཤེས་བའི་གཏམ་རྒྱུད་ཅིག་ཡིན། ངས་དེ་རིང་འདི་ནས་གཏམ་རྒྱུད་འདི་བཤད་དོན་ནི་ཁྱེད་ཅག་ལ་གསལ་བརྡ་ཞིག་གཏོང་འདོད་པ་ཡིན།

གཏམ་རྒྱུད་དེ་ནི་ལོ་ངོ་ཆིག་སྟོང་སུམ་བརྒྱ་ཡས་མས་ཤིག་གི་སྔོན་ལ་བྱུང་བའི་གཏམ་རྒྱུད་ཅིག་ཡིན། སྔོན་ཆད་ཅིག་ལ་ང་ཚོ་ལ་མེས་པོ་ཐོན་མི་སམ་བྷོ་ཊ་ཟེར་བ་ཞིག་འཁྲུངས་མྱངས།  ཁོང་ཆུང་དུས་སུ།  ཕལ་ཆེར་ཁྱོད་ཚོ་དང་ལོ་ཚོད་གཅིག་པའི་དུས་སུ།  བགྲོད་པར་དཀའ་བའི་ལམ། ཐག་ཧ་ཅང་རིང་བའི་ལམ་བརྒྱུད་དེ་རྒྱ་གར་དུ་སློབ་སྦྱོང་ལ་སོང་སྟེ་འབད་པ་ཆེན་པོའི་མི་ལོ་བདུན་ལ་དཀའ་བ་སྤྱད་པ་རེད། སྐབས་དེར་ངེད་ཅག་བོད་ཀྱི་ཡུལ་འདི་ལ་ཡུལ་མཐའ་འཁོབ་ཅེས་འབོད་པ་རེད།མཐའ་འཁོབ་ཅེས་པ་ནི་རིག་གནས་སོགས་མི་དར་བའི་ཡུལ་ལ་གོ་བ་རེད།  ཐོན་མིས་རྒྱ་གར་དུ་སློབ་སྦྱོང་བཟང་བོ་ཞིག་བྱས་རྗེས་ཕྱིར་བོད་དུ་ཕེབས་ཏེ་ཕ་བོང་ཁའི་སྐུ་མཁར་མ་རུ་ཟེར་བའི་བྲག་ཁོང་ཞིག་གི་ནང་དུ་མཚམས་ལ་བཞུགས་ནས་མི་མཐུད་དུ་སློབ་སྦྱོང་ལ་འབད་བརྩོན་གནང་བ་རེད། དུས་དེ་ཙམ་ཞིག་ནས་བཟུང་བོད་ཡུལ་ལ་ཤེས་རིག་རྒྱལ་ཁབ་ཅེས་མིང་གིས་འབོད་པ་རེད།  དེ་ནི་ཐོན་མིས་འབད་བརྩོན་གྱི་འབྲས་བུ་རེད།  ཁོ་མི་གཅིག་གི་ཤེས་རབ་ཀྱིས་ཡུལ་ཕྱོགས་གཅིག་གམ་མི་རིགས་ཤིག་གི་ལས་དབང་ལ་དེ་ལྟར་འགྱུར་བ་བཏང་སོང་།  དེ་ལྟ་བུའི་ཤེས་རབ་ནི་ཐོན་མི་གཅིག་པོར་མ་གཏོག་མེད་པ་ཞིག་རྩ་བ་ནས་མ་རེད།  ང་ཚོ་མི་རེ་རེ་ལ་དེ་ལྟ་བུའི་ཤེས་རབ་དང་རྣམ་དཔྱོད་ཡོད་པ་བདག་གིས་བཤད་པར་སྤོབས་ལ་དམ་བཅའ་བར་སྤོབས།  ཐོན་མི་འཁྲུངས་ནས་ད་ལྟའི་བར་མི་ལོ་ཆིག་སྟོང་སུམ་བརྒྱ་འདུས་ཚར།  དེ་དང་གཅིག་མཚུངས་སུ་ཤེས་རབ་ཅན་གྱི་མི་ཁྲི་ཕྲག་མང་བོ་འཁྲུངས་ནས་མི་ལོ་ཁྲི་ཕྲག་མང་བོ་འདུས་ཚར་ཡོད།  ཡིན་ནའང་།  ཐོན་མི་མ་གཏོགས་ཚང་མ་ཁོང་ཚོའི་བེམ་པོ་དང་ལྷན་དུ་ཤེས་རབ་དང་རྣམ་དཔྱོད་ཀྱང་ཤི་སོང་བ་རེད། ཅི་འདྲའི་ཡིད་ཕངས་བ་ལ་ཨང་།   ལོ་ངོ་ཆིག་སྟོང་ལྷག་འདས་སོང་ནའང་ཐོན་མིའི་ཤེས་རབ་དང་རྣམ་དཔྱོད་ད་དུང་གསོན་པོར་གནས་བ་ནི་ཁོའི་བརྩོན་འགྲུས་དང་འབད་པ་ཡིས་བསྐྱེད་པའི་འབྲས་བུ་རེད།  ངས་དེ་རིང་ཁྱེད་ཚོར་བཤད་འདོད་པའང་འདི་ཡིན། མི་རིགས་ཤིག་མུན་ནག་གི་འཇིག་རྟེན་ནས་ཤེས་རིག་དང་དཔལ་ཡོན་གྱི་འཇིག་རྟེན་དུ་དྲངས་བ་ནི་ཐོན་མིས་བརྩོན་གྱི་འབྲས་བུ་རེད། ཐོན་མི་ལོ་ངོ་སྟོང་ཕྲག་ཅིག་གི་རྗེས་སུ་ད་དུང་ཡང་ང་ཚོའི་སེམས་སུ་གསོན་པོར་གནས་ཐུབ་པའང་ཁོའི་བརྩོན་འགྲུས་ཀྱི་འབྲས་བུ་རེད།   གོང་ནས་བཤད་པ་བཞིན་འཇིག་རྟེན་གྱི་སྐྱེ་བོ་སུ་ཡིན་ནའང་ཤེས་རབ་དང་རྣམ་དཔྱོད་ནི་འདྲ་མཉམ་དུ་ཡོད། ཤེས་རབ་དང་རྣམ་དཔྱོད་རྒྱ་ཆེན་པོ་མེད་པའི་སྐྱེས་བུ་གཅིག་ཀྱང་ཡོད་ནི་མེད།  ཡིན་ནའང་མི་འདྲ་ས་ཞིག་ཡོད་པ་ནི་ཁོང་ཚོའི་བརྩོན་འགྲུས་རེད།  དེ་བས་ཁྱེད་ཅག་ཀྱང་ཐོན་མི་ནང་བཞིན་ལོ་ངོ་སྟོང་ཕྲག་དང་ཡང་ན་ལོ་ངོ་ཁྲི་ཕྲག་དུ་མ་འདུས་ཀྱང་ཁྱེད་ཅག་གི་ཚ་བོ་ཚ་མོ་རྣམས་་ཀྱི་སེམས་ན་བརྟན་ལྷིང་ངེར་གནས་བའི་སྐྱེས་བུ་དམ་པ་རེ་བྱེད་ཐུབ་པར་སྨོན་འདུན་དང་རེ་བ་ཞུས་པ་ཡིན། སྐྱེས་བུ་དེ་ལྟ་བུ་ཞིག་བྱེད་ན་ཁྱེད་ཅག་གིས་བརྩོན་འགྲུས་ཀྱི་རྟ་བོའི་བང་ཁ་དུས་དང་ནམ་པ་ཀུན་ཏུ་ལྷོད་པ་མེད་པར་མདུན་ནས་མདུན་དུ་བསྐྱོད་རྒྱུ་དེ་རེད། ཁྱེད་ཅག་དེ་ལྟར་བསྐྱོད་ཐུབ་པར་ངས་ཁྱེད་ཅག་ལ་རེ་འདུན་ཞུས་པ་ཡིན།  སྨོན་ལམ་བཏབས་པ་ཡིན། དེ་ལྟར་བསྐྱོད་ཐུབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། དེ་དང་ཆབས་གཅིག་ཏུ་ཁྱེད་ཅག་གི་དེ་རིང་གི་དྲུག་གཅིག་བྱིས་པའི་དུས་ཆེན་ལའང་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།         བཀྲ་ཤིས་བདེ་ལེགས།    ཁ་དྲོ།