—— ༼བསམ་བློ་རང་དབང་གི་དགོས་པ།༽ཞེས་པ་ལས་ཚན་བཤུས་བྱས་ཏེ་བསྒྱུར།

ཀྲུའུ་པའོ་སུང་གིས་བརྩམས།
རྡོག་སྒྲས་བསྒྱུར།

གལ་ཏེ། ང་ཚོ་བསམ་བློར་རང་དབང་མེད་པའི་སྤྱི་ཚོགས་ཤིག་ཏུ་འཚོ་བའི་དབང་དུ་བྱས་ན། སྤྱི་ཚོགས་དེའི་ནང་དུ་ཉེན་རྟོག་པས་སྤྱི་ཚོགས་ཀྱི་སྒྲིག་ལུགས་ཁོ་ན་ལ་བདག་སྐྱོང་བྱེད་པ་ཙམ་མིན་པར། ད་དུང་བསམ་བློའི་ཁ་ཕྱོགས་ལ་ཡང་བདག་ཉར་བྱས་ཏེ་མི་ཚང་མ་བསམ་བློའི་སྟེང་ནས་ཁྲིམས་འགལ་ལུགས་ལྡོག་གི་ལམ་ལ་མི་ཞུགས་པར་འགན་ལེན་བྱས་ཡོད། དེའི་ཕྱིར། གསར་ལམ་དྲ་འཕྲིན་སོགས་ལ་ལྟ་རྟོག་ཞིབ་མོ་དང་། དཔེ་དེབ་དཔར་འགྲེམ་ལ་ཡང་ཞིབ་བཤེར་ནན་མོ་བརྒྱུད་དགོས་ཤིང་། དྲ་བའི་གླེང་བརྗོད་ལ་དེ་ལས་ཀྱང་བཀག་འགོག་སྣ་ཚོགས་བྱས་ཡོད། ཡིན་ན་ཡང་། ཕན་ནུས་དང་ལྡན་པའི་སྒོ་ནས་སྔར་ལས་ལྷག་པར་བསམ་བློར་ཚད་བཀག་བྱ་དགོས་ན། དྲག་ཤུགས་ཀྱིས་འཇིགས་སྐུལ་བཙན་ཐབས་ཁོ་ན་བཀོལ་བས་མི་ཆོག་པར། ད་རུང་མངའ་སྡེའི་མི་ཚང་མར་བློ་འགྱོད་དང་དོགས་སྣང་གང་ཡང་མེད་པར་གཞུང་ཕྱོགས་ཀྱི་འདུ་ཤེས་འཛིན་སྟངས་གཅིག་པུ་དང་ལེན་བྱ་བར་བློ་བཀོད་སྣ་ཚོགས་འཐེན་ཏེ། མི་ཚོའི་ཀུན་གཞིའི་གཏིང་ནས་རང་རྟོག་ངང་བསམ་བློ་མི་གཅིག་པ་སྐྱེ་བར་སྔོན་འགོག་བྱ་རུ་འཇུག འདི་ལྟ་བུའི་སྤྱི་ཚོགས་ནང་སློབ་གསོ་དང་ཁྱབ་བསྒྲགས་ཀྱི་བྱ་བ་དེ་རིམ་གྱིས་རིམ་གྱིས་ཤིན་ཏུ་གལ་ཆེན་པོར་ཆགས་ཡོད། ཡིན་ཡང་། སློབ་གསོའི་དམིགས་ཡུལ་ནི་སློབ་མ་གསོ་སྐྱོང་བྱས་ཏེ་སྒེར་ཚུགས་ཀྱི་བསམ་བློ་དང་ལྡན་པ་ཞིག་ཏུ་འགྱུར་རྒྱུ་མིན་པར། བཀའ་གཏོང་བཀོད་འདོམས་ཀྱི་རྣམ་པས་བཙན་སྦྱོང་བཙན་ཁྲིད་བྱ་ཞིང་།འཆར་འགོད་ཞིབ་ཚགས་སོང་བའི་ཀླད་བཀྲུའི་བསླབ་ཚན་དང་རྒྱུགས་ལྟར་རིམ་བཀར་གྱི་ལམ་ལུགས་འོག་ཏུ། སློབ་མ་རྣམས་ཀྱི་དཔྱོད་ཤེས་བསམ་གཞིག་གི་ནུས་པ་ཆུང་དུས་ནས་ཉམས་པར་བྱས་ཏེ། དབང་གྲགས་ཁོ་ན་རབ་ཏུ་བཀུར་ཞིང་། བསམ་བློ་དང་མཛེས་དཔྱོད། ཚོར་འདུ་དང་སྤྱོད་ལམ་སོགས་གང་གི་ཐད་ནས་ཀྱང་སྣ་བརྒྱ་ལུགས་གཅིག་ཏུ་བསྒྱུར་ནས་ས་ཐིག་གཅིག་གི་ཁྱབ་ཁོངས་ལས་གོམ་གང་ཡང་བགྲོད་མི་སྤོབས་པ་བྱས་ཡོད། ཁྱབ་བསྒྲགས་སྡེ་ཁག་གིས་ཀྱང་། དེ་བཞིན་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྐད་སྒྲ་མི་མཐུན་པའམ་སྨྲ་བརྗོད་ཡན་གར་བ་མཐའ་དག་བཀག་འགོག་དང་སྣོག་བསུབ་བྱས་ཏེ། དེ་དང་མཉམ་པོར་མི་རྣམས་ལ་སྤྱི་ཚོགས་མི་འདྲ་བ་མང་བོ་ལས་ད་སྔ་འཚོ་སྡོད་བྱེད་ས་འདི་གཅིག་པུ་ནི་ཆེས་བཟང་ཤོས་ཡིན་པའི་འཁྲུལ་སྣང་ཡིད་ཆེས་སུ་འཇགས་པར་བྱེད།   སྤྱི་ཚོགས་འདི་ལྟ་བུ་ཞིག་ཏུ་འཚོ་ཚེ། ངན་སྐྱོན་གང་དག་ཡོད་དམ་ཟེར་ན། ཐོག་མར། ང་ཚོ་དུས་རྟག་པར་འཇིགས་སྣང་ངམ་དོགས་འཚེར་གྱི་ཁྲོད་དུ་གནས་ཡོད་དེ། ཁྱོད་ཀྱིས་ངེས་པར་སེམས་ཆུང་འགྲོ་ཤེས་བྱས་ཏེ་བསམ་བློ་ལོག་ལམ་ལ་འགྲོ་མི་ཉན་པ་བྱ་དགོས། རྒྱུ་མཚན། ཁྱོད་ཀྱིས་ལྟ་མི་ཉན་པའི་དཔེ་ཆ་ཞིག་བཀླགས་པའམ་བཤད་མི་ཉན་པའི་སྐད་ཆ་རེ་ལབ་པའི་ཚེ། སུ་ཞིག་གིས་ཁྱོད་རང་གང་ཞིག་ནས་བཙལ་ཡོང་སྟེ་ལན་ཆགས་བཟོ་ངེས་ལ། མ་ཟད། ཁྱོད་ཀྱིས་རྒྱུན་པར་ཉེན་ཁའི་མཚམས་ཐིག་གང་དུ་ཡོད་པ་མི་ཤེས་པར། སྟབས་ཁ་ཅུང་ཙམ་མ་འགྲིག་ཚེ། བློ་ཡིད་ལས་འདས་པའི་གོད་ཆགས་གནམ་ལྷུང་མ་དག་གར་ཐོན་མི་ཤེས། དེ་ལྟར་རིམ་གྱིས་རིམ་གྱིས་ཁྱོད་ཀྱང་རང་ཉིད་ལ་དག་བཤེར་བྱེད་ལོབས་སུ་འགྲོ་ཞིང་། རྟག་པར་ཞིབ་བཤེར་མཁན་གྱིས་ཅི་ཞིག་བྱེད་དུ་འཇུག་པ་དང་གང་ཞིག་སྒྲུབ་ཏུ་མི་འཇུག་པར་དོགས་གཞིག་རྐྱང་རྐྱང་གིས་འཚོ་དགོས་ལ། ཁྱོད་རང་གང་ཞིག་ཏུ་ཐོན་པའི་ཚེ། གནས་དེར་ཉེན་རྟོག་པས་ཁྱོད་ཀྱི་ཕྱི་སྒོ་སྲུང་ཞིང་ཁྱོད་ཀྱི་ནང་སེམས་ལ་ཡང་བཙན་འཛུལ་བྱེད། གྲིབ་མ་བཞིན་དུ་འབྲལ་བ་མེད་ཅིང་གར་ཡོད་འདི་ཡོད་མི་ཤེས་པའི་འཇིགས་སྣང་དང་དོགས་འཚེར་འདི་དག་གིས་ཡུན་གྱིས་ཡུན་གྱིས་ཁྱོད་ཀྱི་ཚེ་སྲོག་ཀྱང་ཟས་སུ་བྱས་ཏེ། ཁྱོད་ལ་ཆེས་མ་མཐའི་མི་དང་མིའི་བར་གྱི་གཞི་རྩའི་ཡིད་ཆེས་དེ་ཡང་བརླག་ཏུ་འཇུག།   འདི་ལྟ་བུའི་སྤྱི་ཚོགས་ནི་ཤིན་ཏུ་ཁ་དོག་བྲལ་བ་ཞིག་སྟེ། སྐྱེས་མ་ཐག་ནས་མི་ཞེས་དོན་ལྡན་དུ་བརྩི་བ་འདི་ཡང་། ཚད་ངེས་ཅན་ཞིག་ནས་བཤད་ན་མི་ཚེ་རེ་རེར་འབྱུང་ངེས་པ་ཅན་སྣ་ཚོགས་ཡོད་པས་ཏེ། ང་ཚོ་མི་རེ་རེ་ནི་སྐྱེས་མ་ཉིད་ནས་རང་གཤིས་མི་གཅིག་པ་དང་སྤྲོ་འདུན་མི་གཅིག་པ། བསམ་བློ་མི་གཅིག་པ་དང་འཚོལ་སྙེགས་མི་གཅིག་པས། རང་དབང་གི་སྤྱི་ཚོགས་ཁོར་ཡུག་ཅིག་ཡོད་པའི་ཚེ་ན། རང་བཞིན་གྱིས་གདམ་གསེས་མི་གཅིག་པ་བྱ་ངེས་ཡིན། འདི་འདྲའི་སྣ་མང་ངོས་མང་གི་འཇིག་རྟེན་དུ་ནི། སོ་སོ་རང་ཉིད་ཁྱད་འཕགས་ཅན་ཞིག་ཏུ་འཚོ་རྒྱུའི་གོ་སྐབས་དང་ལྡན་པར་མ་ཟད། དེ་ལས་ཀྱང་གཞན་དང་གཞན་གྱི་ངོ་མཚར་དང་ཁྱད་ཆོས་སྣ་ཚོགས་ལ་མངོན་པར་སྤྱོད་ཐུབ་སྟེ། དཔེར་ན། ང་རང་རྩོམ་མཁན་ཞིག་མིན་རུང་། རླབས་ཆེན་གྱི་རྩོམ་མཁན་གཞན་ཚོས་བརྩམས་ཆོས་ལ་མཇལ་ཐུབ་ལ། ང་ཡིས་རོལ་མ་དཀྲོལ་མི་ཤེས་ཀྱང་། གཞན་གྱི་སྙན་དབང་འགུག་པའི་སྒྲ་དབྱངས་ལ་ཉན་ཐུབ་པ་ཡིན། སྣ་མང་ཅན་གྱི་དགེ་མཚན་ནི་འདི་ལྟར་ཚེ་སྲོག་གི་མཚར་སྡུག་ལྷག་མེད་དུ་མངོན་པར་གེགས་མེད་པས་ཏེ། གལ་ཏེ། འཇིག་རྟེན་འདིར་སྐད་སྒྲ་གཅིག་དང་ལྟ་ཚུལ་གཅིག་ཁོ་ན་ལས་མ་ཤོང་ཚེ། རིགས་སྣ་མི་གཅིག་པ་གཞན་དག་ཚང་མ་བཙན་དྲག་འབའ་ཞིག་གིས་འབུར་འཇོམས་གཏོང་བར་བྱེད་ལ། མི་གཤིས་ཀྱི་འཁྱོག་བསྒྱུར་ཆེས་འཇིགས་སུ་རུང་བ་དེ་ཡང་འདི་ཡིན་ན། ང་ཚོས་ཤོར་ཟིན་པ་ནི་འཐོབ་སྲིད་པ་འདི་དག་ཁོ་ན་མ་ཡིན་པར།འཐོབ་འགྱུར་ལ་ཀུན་རྟོག་བྱེད་པའི་ནུས་པ་དེའང་རེད་ལ། ང་ཚོའི་མི་ཚེ་ཡང་མཚར་སྡུག་གི་འདབ་ལག་མ་གྲོལ་གོང་ནས་ཚེ་སྲོག་གི་རྩ་བ་རྙིད་པར་འགྱུར་ངེས་སོ།།

༢༠༡༤、༡༡、༢༡

****

ཁ་བྱང་སྒྱུར་མཁན་གྱིས་བཏགས།