དཔའ་ཆེན་དོན་གྲུབ།

ཟི་ལིང་ནས་ལམ་ལ་ཆས་དུས་ཡག་པོ་གཅིག་ཀྱང་མ་མཐོང་།

ཕྱི་ལོ་ ༢༠༠༦ ལོར་ལྷ་སར་ཕྱིན། ཡུལ་ནས་ཆུ་ཚོད་གསུམ་གྱི་རྗེས་སུ་ཁ་དབུགས་ལའང་རུལ་དྲི་དྲོ་བའི་ཟི་ལིང་གི་དབྱར་གཞུང་དང་འཕྲད། རྒྱ་རྒྱ་མོ་མང་ཞིང་། ཁ་ཆེ་ཕོ་མོ་ཚོ་ཚོང་ལས་ཙག་ཙིག་ལ་བྲེལ། ཟི་ལིང་ནི་ལྟོས་བཅོས་ཀྱིས་གྲོང་ཁྱེར་ཆེན་པོ་ཞིག་ཡིན་ནའང་བོད་པ་རྣམས་ནི། མེ་འཁོར་ས་ཚིགས་དང་རླངས་འཁོར་ས་ཚིགས་ཀྱི་ཉེ་འཁོར་དུ་སྐྱག་སྦྲང་དང་མཉམ་དུ་འཚང་ཁའི་ངང་གནས་ཤིང་། དེ་ལ་བོད་མིའི་ཁྲོམ་ཞེས་ཟེར། ཁྲོམ་རྭ་དེ་རུ་ལྷ་ས་ཟ་ཁང་། བོད་སོག་མགྲོན་ཁང་། རླུང་འཕྲིན་ཚོང་ར་སོགས་གཙང་སྦྲ་མི་བཟང་བའི་ཟ་ཁང་དང་མགྲོན་ཁང་། ཞབས་ཞུ་མི་ལེགས་པའི་རྒྱ་བོད་ཀྱི་ཚོང་ཁང་ཁག་ཅིག་ཡོད་པ་མ་ཟད། ས་སྲོད་ཅིག་ལ་སྲང་ལམ་ཆུང་ཆུང་དེ་གའི་ཁུག་གྱོག་ཅིག་ཏུ་གཅིན་གཏོང་གི་འགྲོ་དུས་སྒོ་ཆུང་ཞིག་ལས་རྒྱ་མོ་ཞིག་སླེབས་ཏེ་ཅི་ཞིག་བཙོང་རྒྱུ་ཡོད་མདོག་ཀྱང་སྟོན།

ཟི་ལིང་གྲོང་ཁྱེར་དུ་མི་གྲངས་ཡ་༢དང་འབུམ་༥ ཡོད།

ཟི་ལིང་གྲོང་ཁྱེར་དུ་མི་གྲངས་ཡ་༢དང་འབུམ་༥ ཡོད།

གྲོགས་པོ་ཞིག་དང་ཁ་ཆད་བཏབ་པ་ལྟར་ཟི་ལིང་གི་ལྷོ་རིའི་ཕྱོགས་སུ་སོང་ཞིང་། གནས་དེར་ཡང་བོད་ཀྱི་ཇ་ཁང་ཞིག་མཐོང་།  བོད་མིའི་ཁྲོམ་ལས་ཅུང་ཉམས་དགའ་བའི་སྣང་བ་ཞིག་སྟེར་ཡང་། ནང་དུ་འགྲོ་འདོད་མ་སྐྱེས་པར་གྲོགས་པོ་ཁྲིད་ནས་སྐད་སྒྲ་ནག་པོའི་ཆང་ཁང་དུ་སོང་། ཆང་མ་བཟང་ཞིང་། ལུས་དྲི་ཞིམ། སྟབས་ལེགས་ནས་ཕྱིར་ཞག་སྡོད་མགྲོན་ཁང་དུའང་ཞབས་ཞུ་གཙོ་མོའི་རླངས་འཁོར་གྱིས་བསྐྱལ། ལམ་བར་དུ་ཁྱོད་རང་ནང་བཞིན་ཁྱོད་ཀྱི་སེམས་ཀྱང་ཧ་ཅང་མཛེས་ཞེས་བཤད་པར་རྒྱ་མོས་ང་རང་སྣང་བར་འགྲོ་ཚུལ་ཟེར། བསྟོད་པ་འདི་སུ་ལའང་དགོས་ཀྱི་འདུག  སེམས་ལ་མ་རབས་ཤིག་དྲན་ཡང་སང་ཞོགས་ལམ་ལ་འབུད་དགོས་པས་རྗེས་མ་ཁྱོད་ལ་ཐུག་གི་ཡོང་གི་ཡིན་ཞེས་གྱེས་ཕྱག་ཕུལ།

ཟི་ལིང་བོད་མིའི་ཁྲོམ་རྙིང་བར་ཡོད་པའི་གུར་གྱི་བཟོ་གྲྭ་ཞིག

ཟི་ལིང་བོད་མིའི་ཁྲོམ་རྙིང་བར་ཡོད་པའི་གུར་གྱི་བཟོ་གྲྭ་ཞིག

ཟི་ལིང་དང་བྲལ་ཁར་རྒྱ་ཁ་ཆེ་ཞིག་ལ་ལག་ཐུག་གྲབས་བྱས། འགྲུལ་བསྐྱལ་རླངས་འཁོར་དུ་ཉིན་ཞག་ཁ་ཤས་ལ་འགྲོ་བར་གྲ་སྒྲིག་ཏུ་ཐང་ཁྲོམ་ལས་གནས་སྐབས་ཙམ་ལ་བེད་སྤྱོད་ཆོག་པའི་ཆུ་ཚོད་ཅིག་ཉོས། ཐང་ཁྲོམ་དང་བྲལ་ནས་གོམ་གཅིག་གཉིས་རྗེས་སུ་ཆུ་ཚོད་འཁོར་རྒྱུ་མེད་པར་གྱུར་འདུག་པས་ཕྱིར་སོང་ནས་ཁ་ཆེའི་ཚོང་ཤག་ལ་བརྗེ་བོ་རྒྱག་དགོས་པར་བཤད་ཀྱང་ངེད་གཉིས་ཁ་མ་འཆམས།  སྐད་ཆ་ཡར་གཏུགས་མར་གཏུགས་བྱས་ཀྱང་ཉོས་ཚར་ཚེ་ཁོ་ལ་གང་ཡང་བཤད་རྒྱུ་མེད་ཅེས་ཟེར། ཁ་ཆེ་མང་པོས་འདུས་རུབ་བྱེད་ཅིང་། ཚོང་ཤག་ཁ་ཆེ་ངར་ངར་ཆེ་རུ་འགྲོ་གི་འདུག་ཀྱང་ཉིན་དཀར་ཡིན་པས་ཁོ་བོའང་ཞུམ་ཞུམ་བྱས་མེད། བོད་པ་ཁག་ཅིག་སླེབས་ན་ཅི་མ་རུང་སྙམ་ཡང་གཅིག་ཀྱང་སླེབས་མ་སོང་། བོད་པ་ཚོང་པ་རེ་ཉེ་འཁོར་ནས་མཐོང་ཡང་ཁ་ཐག་ཅུང་རིང་བས་མ་གསན་པ་འདྲ། ང་རང་འུ་ཐུག་ནས་གྲི་མགོར་ལག་པ་བཞག་མ་བཞག་གི་མཚམས་ལ་ཁ་ཆེ་ཞིག་གིས་མཐོང་རྩ་ནས་འཇུས་སོང་ཡང་། བྲང་ལ་ཤུགས་རྒྱག་ཅིག་བྱས་པར་ལག་ནས་ཤོར་སོང་། དེའི་མཚམས་ཁ་ཆེ་མང་རུ་སོང་བ་དང་། ང་ཡང་ཞེད་སྣང་རེ་ཡོང་གི་འདུག གྲི་མགོར་ལག་པ་བརྟན་པོ་བཞག་ནས་འཇིགས་སྣང་ཙམ་རེ་སྐུལ་འུ་ཐུབ་སྙམ་བཞིན་པའི་སྐབས་ཤིག་ ༡༡༠ སླེབས་ནས་ཉེན་ཁ་ལས་ཐར། ཆུ་ཚོད་ཀྱང་གསར་པ་ཞིག་ལ་བརྗེ། འོན་ཀྱང་། ༡༡༠ གྱིས་གྲི་ལག་ནས་འཕྲོག་སོང་། དེ་ནས་བཟུང་གྲི་བཏགས་མ་མྱོང་།

ཚུར་ཡོང་དུས་བོད་རྒན་ཞིག་གིས་སློབ་གསོ་གཏོང་དོན། འདི་རྒྱ་ས་རེད་རྒྱ་ཁ་ཆེའི་རིགས་ལ་ངོ་ཡ་ལོན་གི་མ་རེད། དེ་ལས་གྱོང་ཅུང་རེ་རག་ཀྱང་མགོ་སྒུར་ནས་འགྲོ་དགོས་ཞེས་ཟེར། ངས་ཁོའི་གདོང་ནས་ཐུར་རྐང་མགོ་བར་དུ་ཞིབ་ཏུ་བལྟས་ཏེ་ཅི་ཡང་མ་བརྗོད་པར་སླེབས།  རླངས་འཁོར་པ་སེ་ཉོས་རྗེས་ཀྱི་ཆུ་ཚོད་གཅིག་གི་རྗེས་སུ་ལམ་ལ་ཆས། གཏོང་མཁན་ཡང་ཁ་ཆེ་རེད། ཁ་ཆེ་ནི་ཞོག་ཁོག་ནང་བཞིན་བོད་སར་མེད་པའི་ས་ཞིག་མི་འདུག ཟི་ལིང་གྲོང་ཁྱེར་གྱི་ཕྱི་རོལ་ལ་ཐོན་དུས་ཕྱི་དྲོའི་ཆུ་ཚོད་བཞི་བ་བརྒལ་ཙམ་རེད།

07C6007C-027F-4160-8E92-D4633653F6F4_w748_r1_s

དབུས་ལམ་གྱི་དད་ལྡན།

དབུས་ལམ་ནས་ཚོང་བའི་འགྲུལ་བཞུད་མཐོང་།

ལམ་ལ་ཆས་ནས་ཡུན་རིང་མ་སོང་བའི་སྐབས་ནས་ང་རང་གཉིད་ལ་ཤོར་སོང་། རླངས་འཁོར་ནི་ཉལ་ཁྲི་སྒང་འོག་ཅན་ཡིན་པ་དང་། ངའི་ཉལ་ས་ནི་ཁ་ལོ་བའི་རྒྱབ་ཀྱི་ཉལ་ས་མདུན་མ་དེ་ག་རང་ལ་འཁེལ་འདུག་པས་འགྲོ་འདུག་ཧ་ཅང་སྟབས་བདེ་ཡིན་པ་མ་ཟད། རྔུལ་དྲི་དང་རྟུག་དྲི་སོགས་ཀྱང་འཐིབས་མི་ཡོང་། ཡིན་ཡང་། སྟབས་མ་ལེགས་པ་ཞིག་ལ་ལམ་བར་ནས་དགོང་ཟས་ཟ་ཁང་དུ་སླེབས་པ་ནས་ཁ་ལོ་བ་ཚོས་བུད་མེད་གཉིས་རླངས་འཁོར་དུ་ཁྲིད་སླེབས་ཤིང་། མཚན་རེ་བཞིན་ཁ་ལོ་བ་ཕོ་གསར་གསུམ་གྱིས་རེས་མོ་བྱས་ཏེ་རྒྱ་མོ་གཉིས་ལ་རྒྱོ་བར་བྱེད།   དང་པོ་ཐོས་དུས་སེམས་ལ་བྲེལ་ཤ་ལངས་པར་བྱེད་ཀྱང་། ག་ལེར་ག་ལེར་སྐྱུགས་བྲོ་བའི་སྣང་བ་ཞིག་བྱུང་བ་མ་ཟད། དྲི་ངན་ཞིག་ཀྱང་ཡང་ཡང་འཐུལ་འོངས།

ཕྱི་ཉིན་ཞོགས་པ་དབུས་འགྲོ་བ་ཚོས་ཞོགས་ཇ་འཐུང་སྐབས་ས་བབ་མཐོ་བའི་དབང་གིས་གནམ་གཤིས་ཅུང་གྲང་། ཀུན་པོ་ཟ་ཁང་གི་དཀྱིལ་དུ་ཡོད་པའི་ཚ་ཐབ་ཀྱི་འཁྲིས་སུ་གཏུགས་ཡོད་པའི་སྐབས་སུ་ཁ་ལོ་བའི་རྒྱ་མོ་གཉིས་ཀྱང་དེ་རུ་སླེབས་ནས་ང་ཚོའི་མཉམ་དུ་བསྡད། ང་ཚོས་ཚ་སོབ་སོབ་ཀྱི་ཐུག་པ་རེ་མངགས་ནས་དུས་ཡུན་གང་མཚམས་བསྡད་རིང་ཁོང་གཉིས་ལྟ་བུའི་གཞན་ཁག་ཅིག་ཀྱང་སླེབས་ཤིང་།  མང་ཆེ་བས་སི་ཁྲོད་ཀྱི་རྒྱ་སྐད་ལྟ་བུ་ཞིག་བཤད་ཀྱི་འདུག་ཀྱང་། ཁོ་ཚོ་ཚང་མས་སྤྱི་འགྲོས་སྐད་བཤད་ཤེས་ཀྱི་འདུག ང་ཚོའི་རླངས་འཁོར་དུ་མི་བཞི་བཅུ་མ་ཟིན་ཙམ་ཡོད་པའི་ནང་དུ་རྒྱ་མོ་ཁོ་ཚོ་ལྟ་བུ་བཅུ་བདུན་འདུག    ཁོ་ཚོའི་གྲས་ནས་ཆེས་སྤྱང་པོ་ཡིན་པར་བརྩི་ཆོག་པའི་རྒྱ་མོ་གཉིས་ཀྱིས་འགྲུལ་བསྐྱོད་ཀྱི་པ་སེ་ཉོ་མ་དགོས་པར་ཟ་མ་དང་ལམ་གླ་ཡོངས་རྫོགས་ཁ་ལོ་བས་བཏང་འདུག

ཚོང་ཤག་ལ་ངང་སྒུག་བྱེད་བཞིན་པའི་སྨད་འཚོང་མ།

ཚོང་ཤག་ལ་ངང་སྒུག་བྱེད་བཞིན་པའི་སྨད་འཚོང་མ།

ངས་གཞི་ནས་ང་ཚོའི་འགྲུལ་བསྐྱོད་རླངས་འཁོར་ནང་དུ་བོད་པ་ཡོད་མེད་དོ་སྣང་བྱས། ཟ་མ་ཟ་དུས་ཨ་མདོ་འབྲོག་ཁུལ་ཞིག་ནས་ཡིན་པའི་རྒན་རྒོན་གཉིས་འདུག་ཀྱང་ཁོང་གཉིས་ཀྱིས་ང་རྐུན་མ་རེད་བསམ་པ་ཡིན་ནམ། ཁ་ཡ་བྱེད་ཀྱི་མི་འདུག་པས་ངས་ཀྱང་ཁོང་རྣམ་པ་གཉིས་ཀྱི་དོགས་པའི་སྟེང་ལ་སེམས་ངལ་མི་འབྱུང་ཆེད་རྒྱང་བཀྱེད་ནས་རྒྱ་རྒྱ་མོ་ཚོར་ལབ་ཆེན་རྒྱབ་ནས་སོང་བ་ཡིན།  སྐབས་ཤིག་ཁ་ནང་ནས་ཅི་ཡིན་འདི་ཡིན་མེད་པར་ང་ནི་ལྷ་ས་ནས་ལོ་མང་བསྡད་པ་དང་། རང་གི་གཉེན་ཉེ་ལ་མཇལ་འཕྲད་དུ་སོང་བ་ཡིན་ཚུལ་སོགས་བཤད་པར། རྒྱ་མོ་རྣམས་ང་ལ་དུངས་པ་སྐྱེས་ཤིང་། ཁོ་ཚོ་ཡང་ལྷ་སར་ཚོང་རྒྱག་གི་འགྲོ་གི་ཡོད་པས་ཚོང་ཇི་ལྟར་བརྒྱབ་ན་བཟང་ཞེས་སོགས་འདྲི། ངས་ཀྱང་ཚོང་བ་རྒྱུ་ཐོག་ལ་འབུད་འདོད་ཡོད་པ་ཁག་ཅིག་ཡིན་ཤག་གིས་གོ་ཐོས་རྣ་ཐོས་མང་ཙམ་བཤད་ཀྱང་། མགོ་བོ་ལྡེམ་པ་ཙམ་ལས་དོ་སྣང་ཆེན་པོ་བྱེད་ཀྱི་མི་འདུག ལྷ་སར་བསྡད་ནས་ལོ་གཅིག་མ་ཟིན་ཙམ་གྱི་མཚམས་སུ་ངས་གཞི་ནས་ཁོ་ཚོའི་ཚོང་ནི་ལམ་ཆེན་གཉིས་པ་དང་། ཅང་སུའུ་ལམ་ཁོ་ན་ལ་མ་གཏོགས་མེད་པ་ཧ་གོ་སོང་། དེ་ལས་གཞོན་གཞོན་ཁག་ཅིག་མགྲོན་ཁང་སོགས་སུ་སོང་ཡོད་སྲིད།

ཕྱི་ལོ་ ༡༩༣༦ ལོར་སྐྱོན་པའི་པོ་ཏཱ་ལའི་པར།

ཕྱི་ལོ་ ༡༩༣༦ ལོར་སྐྱོན་པའི་པོ་ཏཱ་ལའི་པར།

ཉིན་མཚན་ཁག་ཅིག་གི་རྗེས་ཀྱི་ཞོགས་པ་ཞིག་ལ་ངས་ཐོག་དང་པོར་པོ་ཏ་ལ་མཇལ་ཞིང་། རླངས་འཁོར་སྒེའུ་ཁུང་ལས་རྒྱང་མཇལ་ཞུས་པའི་པོ་ཏ་ལའི་རྔམ་བརྗིད་ལྡན་པའི་འགྱིངས་སྟོབས་དེ་ཡིས་ང་ལ་དབུགས་ཀྱང་ལེན་དཀའ་བའི་སྣང་བ་ཞིག་བསྩལ།