—–སྒོ་ཤེར་གྱི་སྐྱེས་ཆེན་གྱི་བཞུད་ལམ་ཞེས་པ་ཀློག་གིན་བྲིས།

མི་ཞིག་གི་དཔྲལ་ངོས་ན་ཡོད་པའི་མིག་དེ་ནི། འཇིག་རྟེན་མཐོང་བྱེད་ཀྱི་རིན་པོ་ཆེ་རེད་ལ། དེ་མེད་ཚེ། བྱ་དངོས་གང་ཡང་མཐོང་མི་ཐུབ། དེའི་ཕྱིར་ན། སྒེར་གཅོད་ཀྱི་བྱ་བར་གོམས་པའི་མྱི་དག་གིས་གནས་ལུགས་གསར་པ་མཐོང་བའི་མིའི་མིག་ཟུང་འབྲུ་བཞིན་ཡོད་པ་རེད།
དཔེར་ན། ལུང་ཤར་པའི་མིག་ཟུང་བྲུས་པ་ནི། དམ་པ་གང་གིས་འཇིག་རྟེན་གསར་པ་མང་པོ་ཞིག་མཐོང་པས་རེད་ཟེར། གང་ལྟར་སྒེར་གཅོད་པས་མཁས་པ་རྣམ་དཔྱོད་ཅན་གྱི་ཤེས་རབ་བྲུ་འདོད་པ་ཡིན་མོད། ཐབས་ཟད་དེ་ཆུ་བུར་མིག་དེ་བྲུས་པ་རེད། བྱས་ཙང་། ཆུ་བུར་མིག་དེ་བྲུས་པ་ནས་མི་དེས་འཇིག་རྟེན་གསར་པ་ཞིག་མཐོང་བར་ཧ་ཅང་ཁག

ཁོག་པའི་སྙིང་ནི་མི་ཞིག་ལ་མཚོན་ན་ཆེས་གལ་ཆེ་ཤོས་དེ་ཡིན། སྙིང་ནི་ཟུངས་ཁྲག་འཁོར་རྒྱུག་བྱེད་པའི་རྒྱུ་ཆ་གཙོ་བོ་ཡིན། སྙིང་ཡོད་པའི་མི་ཞིག་ཡིན་ན། འཇིག་རྟེན་ལ་བདེ་བླག་ངང་འཚོ་ཐུབ་པ་རེད། ལེགས་ཉེས་ཀྱི་བྱ་བ་གང་ཞིག་བསྒྲུབ་དགོས་ཀྱང་སྙིང་ཡོད་པའི་མྱིའི་དེས་བྱ་བྱེད་ལ་དཀའ་ཚེགས་ཡོད་མི་སྲིད། སྙིང་དང་བྲལ་ན་མི་དེ་ནི་ཤི་བ་ཉིད་ལས་མ་འདས།

དཔེར་བཞག་ན། རྒྱ་ནག་གི་མངའ་བདག་རྒྱལ་པོ་ཞེས་པའི་ལྟད་མོའི་ནང་གི་འདྲེ་མོ་དག་གིས་བློན་ཆེན་པིས་དཀར་གྱི་སྙིང་གསོན་འབྲུ་བྱས་པའི་སྐྱོ་གར་ཞིག་ཡོད་ལ། དེ་ཡང་སྒེར་གཅོད་ཀྱི་བྱ་བར་བག་ཚ་མེད་པའི་མྱི་དག་གི་བྱ་བྱེད་འབའ་ཞིག་གོ།

དེ་དང་འདྲ་བར་མི་རིགས་ཤིག་དང་ཡང་ན་སྤྱི་ཚོགས་གང་འདྲ་ཞིག་ཡིན་ཡང་། ཁོང་ཅག་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ནི། ཤེས་རབ་ལྡན་ལ་ལྷག་བསམ་གྱིས་ཕྱུག་པའི་ཤེས་ཡོན་པ་དག་ཡིན། གལ་ཏེ་སྤྱི་ཚོགས་གང་དེར་ཤེས་ཡོན་པ་ཞིག་མེད་ཚེ། དེ་ནི་མིག་ཞར་བའི་སྤྱི་ཚོགས་འབའ་ཞིག་ལས་གང་ཡང་མིན་ལ། ཡང་ན་བློ་མིག་མངའ་བའི་ཤེས་ཡོན་པ་ཞིག་མེད་ན། སྤྱི་ཚོགས་གང་དེ་བྱ་བྱེད་མེད་པའི་ཤི་རོ་ཁོ་ན་ལས་ཡིན་མི་སྲིད།

ཨ་མདོ་རྔ་བར་ཉེ་དུས་ཤེས་ཡོན་པ་ཉུང་ཉུང་ལས་མེད། ཤེས་ཡོན་པ་ཉུང་ཉུང་ལས་མེད་པའི་སྤྱི་ཚོགས་དེར་གླེན་ཞད་ཆེ་བའི་མི་མང་པོ་ཡོད། དེ་ནི་འཇིག་རྟེན་གྱི་གནས་ལུགས་མཐོང་བའི་ཤེས་ཡོན་པ་ཧ་ཅང་ཉུང་བས་རེད། གླེན་ཞད་ག་ཚོད་ཆེ་ན་དེའི་ཚོད་ཀྱིས་གླེན་རྟགས་སྟོན་པའི་སྣང་ཚུལ་རྒྱུན་མར་འབྱུང་སྲིད།

དེའི་ཕྱིར་གང་ཡོད་པའི་ཤེས་ཡོན་པ་ནི་སྤྱི་ཚོགས་དེའི་མིག་དང་ཡང་ན་ཚོགས་སྡེ་གང་ཞིག་གསོན་གནས་ཐུབ་པའི་སྙིང་རྡོག་རྡོག་དེ་ཡིན་མོད། སྒེར་གཅོད་པའི་ལག་འོག་ནས་མི་རིགས་དང་སྤྱི་ཚོགས་གང་ཞིག་གི་མིག་བྲུ་ཆོག་ཆོག་དང་། སྙིང་འདོན་ཆོག་ཆོག་རེད། སྐབས་དེར་མང་ཚོགས་ལ་རང་ཉིད་ཀྱི་མིག་དང་སྙིང་མ་འབྲུ་རོགས་ཟེར་བའི་དབང་ཆ་མེད་ལ། སྤོབས་པ་ཡང་ཡོད་མི་སྲིད།

ཨ་མདོ་རྔ་བ་ལ་མཚོན་ན། ནང་བསྟན་རིག་གཞུང་ལ་འཇུག་པ་ཡངས་ཤིང་། དེང་རབས་རིག་གནས་ཀྱི་དཔལ་ཡོན་ལ་བློ་མིག་གསལ་བའི་ཤེས་ཡོན་པ་ཞིག་ཡོད་པ་ནི། སྒོ་ཤེས་རབ་རྒྱ་མཚོ་ཡིན་ལ། ཁོང་ནི་བོད་ཨ་མདོ་རྔ་བའི་མང་ཚོགས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ཡིན་ཟེར་ན་ཆོག

རྒྱུ་མཚན་ནི་ཁོང་གི་འཆད་ཁྲིད་དང་དཔེ་དེབ་དག་རིམ་གྱིས་མཉན་ཞིང་ཀློག་པར་བྱོས་དང་། ཁོང་ལྟ་བུའི་མྱི་བུ་བརྩོན་འགྲུས་ཅན་ཞིག་དང་། ཤེས་རབ་རྣོ་བ་ཞིག་འུ་ཚང་ལ་སུ་ཞིག་འདུག་གམ། ངས་ནི་ཤ་རྒྱགས་པའི་མཁས་མིང་འཛིན་པ་རེ་དང་། དགེ་བཤེས་ཀྱི་མིང་ཡིག་རྫུན་མའི་འོག་ན། སྤྱི་ཚོགས་དང་དགོན་སྡེ་ཡོད་ཚད་ཁྲག་བཞིན་དཀྲུག་བཞིན་པ་འགའ་རེ་མཐོང་བ་ལས། ཐོས་བསམ་བློ་གཉེར་ལ་འབད་ཅིང་། ཤེས་རབ་འོད་སྣང་ལ་འབུངས་པའི་ཤེས་ཡོན་པ་ཞིག་ནི། འུ་ཚང་གི་སྤྱི་ཚོགས་ལ་སྒོ་ཤེར་ལས་ངོ་མ་མཐོང་མ་སོང་།

བསམ་བློ་གུ་ཡངས་ལ་དགའ་བ་དང་། ཤེས་རབ་བློ་མིག་ལ་མཉེས་པ་ནི། ཤེས་ཡོན་པའི་ཁྱད་ཆོས་འབའ་ཞིག་ཡིན། འོན་ཀྱང་བསམ་བློ་གུ་ཡངས་དང་ཤེས་རབ་བློ་མིག་ནི་སྒེར་གཅོད་སྤྱི་ཚོགས་སུ་དུག་བཞིན་བརྩི་ལ། གླེན་རྨོངས་ཀྱི་འཇིག་རྟེན་ནས་རིམས་ནད་བཞིན་ལྟ། དེའི་ཕྱིར་ན། འུ་ཚང་གིས་སྒོ་ཤེར་ལགས་བདག་པོ་མ་ཐུབ་པ་རེད། དེ་ནི་“མི་ལ་བསོད་ནམས་མེད་ན་གསེར་ཡང་ཕྱེ་མར་འགྱུར་”ཞེས་པའི་དཔེ་ལས་མ་འདས་པ་རེད།

དོན་དངོས་བྱས་ན་སྒོ་ཤེས་རབ་ལགས། འུ་ཚོའི་སྤྱི་ཚོགས་སུ་འདུག་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། ནང་བསྟན་རིག་གནས་དང་འགལ་ལམ། འཇིག་རྟེན་མི་ཆོས་ངོས་ནས་འགལ། ངས་ནི་ཤེས་མ་གྱུར། ཁོང་གི་བརྩམས་ཆོས་དག་དང་། ཡང་ན། འཆད་ཁྲིད་རྣམས་ལ་ཉན་བཞིན་ཉན་བཞིན་མིག་ཟུང་མཆི་མས་གང་འོངས་ཞིང་།དད་པའི་སྤུ་ལོངས་རྒྱས་ནས་ཡོང་།

གང་ལྟར་སྒོ་ཤེར་ལགས་ནི། རྔ་བ་མང་ཚོགས་ཀྱི་རྨོངས་པའི་མུན་ཚོགས་འཇོམས་པའི་སྒྲོན་མེ་དང་། དུས་རབས་ཀྱི་འཇིག་རྟེན་མཐོང་བའི་སྤྱན་མིག་རེད། མ་ཟད་རྔ་བ་མང་ཚོགས་བདེ་བླག་ཏུ་འཚོ་བར་ཤུགས་རྐྱེན་འཇོག་ཐུབ་པའི་བྲང་གཞུང་གི་སྙིང་གསོན་པོ་རེད། བྱས་ཙང་། མང་ཚོགས་ཀྱིས་རང་ཉིད་ཀྱི་དཔྲལ་བའི་མིག་དང་ཁོག་གི་སྙིང་བྲུས་པ་མ་ཡིན་མོད། སོ་སོའི་སྙིང་དང་མིག་གི་དགེ་མཚན་རང་ཉིད་ཀྱིས་ཤེས་དགོས་པ་ནི་སྨོས་ཅི་དགོས་ཨང་།

མང་ཚོགས་ཀྱི་སྙིང་དང་མིག་ཏུ་གྱུར་པའི་ཤེས་ཡོན་པ་ཞིག་འདི་ལྟར་རང་གི་སྤྱི་ཚོགས་དང་ཁ་བྲལ་བ་ནི། མང་ཚོགས་ལན་པ་མིན་མོད། རང་ཉིད་ཀྱི་མིག་དང་སྙིང་རང་སྲུང་བྱེད་པའི་འགན་ཁུར་དང་འོས་བབ་ཀྱི་འདུ་ཤེས་མེད་པས་རེད། དེའི་ཕྱིར་ན། སྒེར་གཅོད་སྤྱི་ཚོགས་ནུས་ཤུགས་ག་ཙམ་ཆེ་ན་མང་ཚོགས་ཀྱི་རང་སྲུང་གི་འདུ་ཤེས་དེ་ལྟར་ཆེ་དགོས་པའི་ཤེས་རྟོགས་ཅིས་ཀྱང་དགོས་ངེས།

མཁས་པ་དམ་པ་ནི་ས་གང་ལ་ས་ཡང་བདེ་བླག་ཏུ་འཚོ་བའི་གནས་ཡོད་ལ། ཡུལ་གང་དུ་བཞུགས་ཀྱང་སློབ་ཚོགས་སྡུད་པའི་ཁོར་ཡོད་ངེས། འོན་ཀྱང་མཁས་པ་གང་ཞིག་རང་གི་ས་ཁུངས་ནས་ཡུལ་གཞན་དུ་གྱར་ན། ཁ་བྲལ་ཡུལ་གྱི་སྤྱི་ཚོགས་ལ་གྱོང་ཡོད་པ་ང་ཚོས་མྱངས་པས་གྲུབ་ཡོད་པ་དེའོ།།

བོད་ཀྱི་སྤྱི་ཚོགས་གང་ཞིག་ཡིན་ཡང་རང་ཉིད་ཀྱི་དཔྲལ་བའི་མིག་དང་། ཁོག་པའི་སྙིང་དུ་གྱུར་པའི་ཤེས་ཡོན་པ་གང་མང་ཞིག་སྒེར་གཅོད་པ་རེ་གཉིས་ཤིག་གི་ལག་འོག་དུ་ཤོར་བཅུག་སྟེ། མཐའ་མ་སྤྱི་ཚོགས་རང་ཉིད་ཞ་ར་དང་རོ་ཡི་ཕུང་པོ་ཙམ་ལས་མ་འདས་པ་དེ་རེད། མང་ཚོགས་ཀྱིས་ནམ་ཡང་འཇིག་རྟེན་གསར་པ་མཐོང་བའི་མིག་དང་། ཡུན་རིང་བདེ་བར་འཚོ་བའི་སྙིང་གསོན་པོ་ནི། ཁ་ཤུགས་དབང་ཤུགས་ཆེ་བའི་སྒེར་གཅོད་པ་དག་མ་ཡིན་པར་ནང་བསྟན་གཞུང་ལུགས་ལ་འཇུག་སྒོ་ཡངས་ཤིང་། འཇིག་རྟེན་སྐྱེ་འགྲོ་ཀུན་ལ་འདྲ་མཉམ་ཀྱི་འདུ་ཤེས་འཛིན་ཞིང་། ལྟ་བ་སྣ་མང་ལྷན་ཅིག་ཏུ་གནས་དགོས་པར་སྨྲ་བའི་ཤེས་ཡོན་པ་རྣལ་མ་དག་ཡིན་པའི་ངེས་ཤེས་འདྲོངས་དགོས།

དེའི་ཕྱིར་ན། སྒོ་ཤེས་རབ་ལགས་ནི་རྔ་བ་ཙམ་མ་ཡིན་པར་བོད་སྤྱི་ཚོགས་ཧྲིལ་བོའི་ཁྲོད་ན། གལ་འགངས་ཆེ་ལ་ཀུན་གྱིས་དོ་སྣང་བྱེད་འོས་ཀྱི་གནས་སུ་གྱུར་པ་ནི། ཉིས་སྟོང་བཅུ་བཞི་ལོའི་ཁོང་གི་རྩོམ་དེབ་དེ་སྐབས་དེའི་བྲིན་ཆེ་ཤོས་ཀྱི་ཕྱག་དཔེ་ཡིན་པ་དེས་ཀྱང་གྲུབ་པས་རྣ་བ་འོན་པ་དང་མིག་ཟུང་ཞ་ར་བྱས་ན་མ་གཏོགས། སྐད་འཕྲིན་གྱི་སྐད་སྐུར་གླིང་དང་རྒྱབ་ལྗོངས་ཡོད་ཚད་ན། སྒོ་ཤེར་གྱི་འཆད་ཁྲིད་དང་རྩོམ་ཡིག་དག་གིས་ཁེབས་ནས་འོངས་ཤིང་། དཔེ་དེབ་དང་ཚགས་པར་གང་མང་ཞིག་གིས་སྒོ་ཤེར་གླེང་ནས་ཡོང་གི་ཡོད་ན། ང་ཚོ་གཡོལ་ས་ཞིག་གང་ན་ཡོད། སྐབས་དེར་ངའི་བསམ་པར་སྒེར་གཅོད་པ་དང་ཕྲག་དོག་ཅན་དག་སྙིང་རེ་རྗེ་ཨང་སྙམ་སྟེ། གང་ན་ཡིབ་ཡོད་དམ། ག་པར་འཛུལ་ཡོད་དམ་སྙམ་ཡོང་གི་འདུག

མདོར་ན། སྤྱི་ཚོགས་ཆུང་ཆུང་ཞིག་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་དུ་གྱུར་པའི་ཤེས་ཡོན་པའི་གནས་སྟངས་ལ་བརྟེན་ནས། བྱེ་བྲག་མཐོང་བས་སྤྱི་ལ་ངོས་འཛིན་དགོས་པ་བཞིན་བོད་སྤྱི་ཚོགས་ཆེན་པོའི་མང་ཚོགས་དག་གིས་རང་ཉིད་ལ་ཕན་ཐོགས་ཤིང་། སྙིང་ཉེ་བའི་སློབ་གཉེར་པ་རྣལ་མ་དག་གཅེས་སྲུང་བྱེད་པའི་གོ་རྟོགས་སད་དགོས་བཞིན་འདུག སྒེར་གཅོད་པའི་ལག་གི་སྤུ་གྲུ་ཞིག་ཏུ་མ་གྱུར་པའི་ཕྱོགས་ལ་མནོ་བསམ་གཏོང་དགོས་ཀྱི་འདུག་ཟེར་རྒྱུ་དེའོ།།