རྩོམ་པ་པོ་རྔ་བ་ཆོས་གྲགས་དང་སྤྲོ་ཚིགས་ཆོས་གྲགས་གཉིས་ལ་ཕུལ།

དེ་རིང་ནི་གྲོགས་པོ་གཉིས་གྲོངས་རྗེས་ཀྱི་ཉིན་ལྔ་བ་དེ་རེད། ཐོག་དང་པོ་སྐད་ཆ་དེ་གོ་དུས་ཡིད་གཏན་ནས་མ་ཆེས། ཕྱི་ཉིན་ཁོང་གཉིས་ཡིན་པ་གསལ་ཐག་ཆོད་དུས། ངོ་མ་འདུག་མི་བཟོད་པའི་སྣང་བ་ཞིག་གིས་བཅངས་ཤིང་། ཅི་ཞིག་བྱ་དགོས་པའང་མ་ཤེས། ཐ་ན་གཉིད་ཉལ་ཚེ་རྨི་ལམ་དུ་ཡང་ཁོང་གཉིས་རེས་མོས་ཀྱིས་འཆར་འོངས་བཞིན་འདུག

གྲོགས་པོ་འདི་གཉིས་ནི་བདག་དང་སྐྱེ་ཡུལ་གཅིག་པ་སྟེ། དེང་གི་དུས་སུ་རྔ་བ་སྟག་མོ་རྫོང་ཞེས་གཟུར་ནས་སེམས་པ་དགའ་ས་དང་། ཕྲག་དོག་ཅན་སྙིང་ཁམས་གཟེར་སའི་ཡུལ་གྲུ་དེ་ནས་ཡིན། མ་ཟད་ཁོང་གཉིས་རྔ་ཆུ་དལ་འབབ་རིང་མོའི་ཕ་རོལ་ཚུལ་རོལ་རེད། ལྷག་ཏུ་ཁོང་གཉིས་སྔོན་དུས་ཆོས་ཞུགས་བྱ་སའི་དགོན་པ་བྱས་ན་ཡང་རྩོམ་པ་པོ་རྔ་བ་ཆོས་གྲགས་ནི་སྒོ་མང་དགོན་པ་དང་། སྤྲོ་ཚིགས་ཆོས་གྲོགས་ནི་ཀིརྟི་དགོན་པ་གཉིས་ནས་རེད། རྔ་ཡུལ་གྱི་དགོན་ཁག་བཞི་བཅུ་ལྷག་ནས་བོད་ཀྱི་རིག་གཞུང་གི་སྦྱངས་པ་ཤིན་ཏུ་ཟབ་པའི་དགོན་པ་དེ་གཉིས་ལས་དང་པོའི་རིག་གནས་སྦྱོང་བའི་འགོ་ཚུགས་པ་རེད།

ཁོང་གཉིས་ཀྱི་སྐྱེ་དུས་ཀྱི་ལོ་རབས་མི་གཅིག་ན་ཡང་འཆི་དུས་ཀྱི་གནས་བབས་ལ་བསམས་ན་ཁོང་གཉིས་ངོ་མ་ལོ་ཆུང་ཆུང་རེད། ཁོང་གཉིས་ནི་ཚོར་བ་ཙམ་ཡིག་ཐོག་ལ་བཀོད་ནས་ཁེངས་སེམས་ཀྱི་མགོ་བོ་མཐོ་བ་དག་དང་མི་འདྲ་བར་ཤེས་ཡོན་རིག་གནས་ལ་སྦྱངས་པ་རིང་དུ་སོང་ཞིང་། ཕུགས་བསམ་གྱི་འདུན་པ་རྒྱ་ཆེར་ཡོད་པའི་རྩོམ་པ་པོ་ཡག་པོ་གཉིས་ཡིན་པ་བདག་ལ་གསལ་ཆ་ཧ་ཅང་ཆེ།

བདག་ལ་མཚོན་ན་རྩོམ་པ་པོ་གཉིས་ཆར་འདྲིས་ཆ་ཡོད་ལ། ཁོང་གཉིས་ཀས་ཀྱང་རང་རང་གིས་བརྩམས་གནང་མཛད་པའི་དཔེ་ཆ་རེ་ཕྲན་ལ་གནངས་མྱངས། མ་ཟད་སྔོན་དུས་ཤིག་ལ་ཁོང་གཉིས་མཉམ་དུ་པར་རེ་རེ་བསྒྲོན་པ་ཡང་དྲན་བཞིན་འདུག རྒྱུ་མཚན་འདི་དག་ལ་བསམས་ན། གྲོགས་པོ་འདི་གཉིས་དེ་ཡག་དང་འདི་ངན་གྱི་སྐད་ཆ་བཤད་ཁྱོན་ནས་མི་ཤེས། མི་སྣ་འདི་གཉིས་ཀ་སོ་སོར་ཁྱད་ཆོས་རེ་ཡོད་མོད། ཁོང་གཉིས་ལ་འདྲ་བའི་ཆ་ཞིག་ཡོད་པ་ནི། བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་ཤིན་ཏུ་དགའ་བ་དེ་རེད།

གྲོགས་པོ་འདི་གཉིས་ལ་ངན་པའི་ཆ་རེ་ནི་མི་ཞིག་ཡིན་པའི་ཆ་ནས་ཡོད་ངེས་པ་རེད། དྲི་མེད་དྭངས་གཙང་གི་མི་ཡག་པོ་ཞིག་སྲིད་ན་དཀོན་པས་སྐྱོན་ཆ་ནི་ཡོད་ཡོད་པ་རེད། ཡིན་ཡང་ད་སྐབས་ཁོང་གཉིས་ཀ་ཕྱི་མར་བཞུད་ཟིན་པས་སྐྱོན་ཆ་གླེང་དགོས་དོན་མི་འདུག་སྙམ། ང་ལ་མཚོན་ན་ང་རང་གི་ཚོར་བ་དང་མ་བསྟུན་པའི་སྐྱོན་ཆ་རེ་བཤད་དུ་ཡོད་སྲིད་ཀྱང་དོན་དངོས་ལ་གཟིས་ཡོད་མེད་ཅི་ཆ། ཡིན་ཡང་ཁོང་གཉིས་ཀྱི་ཡོན་ཏན་གྱི་ཆ་ལ་ཕྱི་དྲན་རེ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད།

དེའི་ཕྱིར་ན། རྔ་བ་ཆོས་གྲགས་ལགས་ནི། ཆུང་བྱིས་དུས་ནས་ད་བར་ཤེས་ཡོན་རྐྱང་པར་ཐོས་བསམ་བྱས་ཏེ་ཡོང་མཁན་ཞིག་རེད་ཅེས་བཤད་ཀྱང་ཆོག་པ་ཞིག་རེད། དེའི་རིང་ལ་《དམར་ཆུང་སྙིང་གི་འཕར་ལྡིང་། 》དང་《གཡག་རོག་ཞོལ་ཆེན་ཁྲོས་པའི་ཧར་སྒྲ》དེ་བཞིན་སྙན་རྩོམ་དེབ་གཞན་ཞིག་བཅས་སྙན་ངག་དེབ་གསུམ་དང་། དེ་བཞིན་《སྒྲུང་རྩོམ་སྙིང་ཁྲག་ཁོལ་བའི་རྦ་རླབས》ཏེ། བརྩམས་སྒྲུང་གི་དེབ་གཅིག གཞན་《ཆེས་འཐའ་འཇུག་གི་གསང་བའི་གནས》ཞེས་པ་དང་། 《 གྷོ་ར》ཞེས་པའི་བརྩམས་སྒྲུང་དེབ་རྒན་མ་གསུམ་བཅས་བསྒྱུར་རྩོམ་གཉིས་དང་མདོར་ན་དཔེ་དེབ་བདུན་ཙམ་ཡོད། འདི་དག་ནི་རྩོམ་པ་པོ་གང་ཉིད་ཀྱིས་ང་ཚོའི་མི་རིགས་ཀྱི་རིག་གནས་ལ་བཞག་པའི་རྗེས་ཤུལ་ངོ་མ་དེ་ཡིན་ཙ་ན་རྐང་རྗེས་ལག་བསུབ་བྱེད་སར་གཏན་ནས་མི་འགྲོ།

སྤྲོ་ཚིགས་ཆོས་གྲགས་ལགས་ནི། ཆུང་ནས་ད་བར་སློབ་སྦྱོང་མཚམས་མ་བཞག་པར་ཡོང་ཞིང་། ཞོར་དུ་ཆབ་སྲིད་ལ་ཡང་དོ་དབྱིངས་ཡོད་པའི་མི་བུ་ཞིག་ཡིན། ལྷག་ཏུ་ཁོང་གི་ལས་ཀ་མང་པོ་ཞིག་ཕྱི་ཚོགས་ཁྲོད་ཕྱིར་མངོན་བྱ་ཐུབ་ཡོད་པས་ཁོང་ངོ་ཤེས་མཁན་ཧ་ཅང་མང་པོ་རེད། དེ་བཞིན་ཁོང་གིས་《བོད་དང་བོད་ཀྱི་ཁྱད་ནོར》ཞེས་པའི་དཔྱད་རྩོམ་དེབ་ཅིག་དང་། 《བོད་རིག་པ་ཞིབ་འཇུག》ཅེས་པའི་ཞིབ་འཇུག་གི་དུས་དེབ་ཅིག་ཡོད། དེ་བཞིན་ལས་ཀའི་ངོས་ནས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་དང་། སྨོན་ལམ་བརྡ་ཕྲིན་ཞིབ་འཇུག་ཁང་གི་དྲུང་ཡིག་སོགས་བྱས། འདི་དག་ཚང་མ་གྲོགས་པོ་གང་གིས་བཞག་པའི་རྗེས་ཤུལ་ངོ་མ་དེ་ཡིན་པས་སུས་ཀྱང་བསྙོན་འདིང་མི་ཐུབ།

ཁོང་གཉིས་ལས་སློབ་སྦྱོང་གི་བརྒྱུད་རིམ་དང་གནས་ཚད་ཀྱི་གཏིང་ཟབ་རིམ་གྱི་ངོས་ནས་བསམས་ན། རྔ་བ་ཆོས་གྲགས་ཕུན་སུམ་ཚོགས་པར་ངེས། རྒྱུ་མཚན་ནི། ཁོང་གིས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ཕྱོགས་ཡོངས་ནས་སྦྱངས་པ་མི་དམན་པར་མ་ཟད། རྒྱ་སྐད་དང་ལེགས་སྦྱར། ཧིན་དུ་སྐད་སོགས་ལ་ཡང་སློབ་སྦྱོང་བྱས་ཡོད་པ་རེད། དེ་བཞིན་དབྱིན་ཡིག་ལ་ཆེད་སྦྱོང་བྱས་ཏེ། ལོ་མང་པོ་ཕྱིན་ཡོད་པ་རེད། ཡིན་ཡང་ལོ་ཚད་ཀྱི་ངོས་ནས་བལྟས་ན་ཁོང་གཉིས་བར་ལ་ལོ་བཅུ་ལྷག་གི་ཁྱད་པར་ཡོད་པས་སྤྲོ་ཚིགས་ཆོས་གྲགས་ལགས་སུ་ད་དུང་སློབ་སྦྱོང་བྱེད་པའི་དུས་ཚོད་ཧ་ཅང་རིང་ཞིང་། བློ་རིག་རྣམ་པར་བཀྲ་བས་ན་ཁོང་ལ་མདུན་ལམ་རྒྱ་ཆེན་པོ་རེད། དེའི་ཕྱིར་ན། ཁོང་གཉིས་གང་ལ་བལྟས་ཀྱང་བོད་ཀྱི་ཤེས་ཡོན་རིག་གནས་ཀྱི་ངོས་ནས། ཧ་ཅང་ཕངས་པའི་རྩོམ་པ་པོ་གཉིས་ཡིན།

དེང་དུས་འདི་གཉིས་ཀྱི་སྐོར་འབྲི་མཁན་ཁྲོད་ན། མི་སྣ་དེ་གཉིས་ཀྱི་ཤེས་ཡོན་གྱི་ངོས་ནས་གལ་ཆེའི་རང་བཞིན་དུ་མི་བལྟ་བར་རང་གི་འབྲེལ་བ་ཡོད་མེད་གཙོ་བོར་བཟུང་སྟེ། གཅིག་བཟང་གཅིག་ངན་གྱི་ཡིག་འཆལ་སྣ་ཚོགས་འབྲི་བཞིན་པ་ནི་བློ་ཕམ་གྱི་གནས་ཤིག་ལས་གང་ཡང་མི་འདུག སྤྲོ་ཚིགས་ཆོས་གྲགས་གྲྭ་ཟུར་ཞིག་ཡིན་ལ། ཁོང་ནི་ཆོས་སྲིད་གཉིས་ཀར་ཁ་ཕྱོགས་པའི་ཤེས་ཡོན་ཅན་ཞིག་ཡིན། ཁོང་གིས་དོན་དངོས་བོད་ཀྱི་རིག་གནས་ཀྱི་ཐད་ལ་ལས་ཀ་གང་ཞིག་བྱས་ཡོད་མེད། ང་ཚོ་ཚང་མས་མཐོང་ཆོས་མྱོང་གྱུར་དང་གླེང་བཞིན་པ་དེ་ལས་གཞན་དམིགས་བསལ་བཤད་རྒྱུ་གང་ཡང་མེད། ཡིན་ཡང་ཁོང་ནི་འགྲུལ་ལམ་སོགས་གང་དུ་ཆས་ཀྱང་དེབ་ཅིག་དང་རྟགས་སྨྱུག་ཅིག་བཟུང་ནས། ཁོམ་སྐབས་ནམ་ཡོད་ལ་དཔེ་དེབ་ཀློག་ཅིང་དཔེ་རྟགས་བརྒྱབས་ནས་འདུག་མཁན་ཞིག་ཡིན། མ་ཟད་ཁོང་གིས་ང་ལ“མིག་ཆུ། ནམ་རྒྱུན་ཚོར་པ་ཙམ་འབྲི་མི་འདུག་པར་ཞིབ་འཇུག་གི་གནས་ཚད་རན་པའི་རྩོམ་ཡིག་སྤུས་ལེགས་ཤིག་བྲི་བར་ཤུགས་བརྒྱབ་དགོས། དེ་བཞིན་རིག་གཞུང་གི་རྐང་ཟིན་པའི་བོད་ཀྱི་གནའ་བོའི་དཔེ་རྙིང་ཚད་ལྡན་དག་བཀླག་དགོས”ཞེས་གསུངས་མྱོང་ལ། ཁོང་གིས་རྣམ་རྒྱུན་ངས་དངོས་མིང་གི་མི་འབོད་པར་པིར་མིང་གི་ལམ་ནས་མིག་ཆུ་ཞེས་འབོད་པ་ཡིན།

རྔ་བ་ཆོས་གྲགས་ནི། དགེ་འདུན་པ་ཞིག་ཡིན་པ་དང་ཤེས་ཡོན་རྐྱང་པར་བརྩོན་མཁན་ཞིག་ཡིན། ཁོང་ཕྱི་རྒྱལ་ནས་སློབ་མཐར་ཕྱིན་ཏེ་ས་རཱ་མཐོ་སློབ་ཏུ་འཆམ་བསྐྱོད་དུ་ཡོང་སྐབས་ཤིག་ལ་ངེད་གཉིས་ས་རུབ་ཁ་ཞིག་ལ་ཐུག་ཅིང་། སྐབས་དེར་ཁོང་གིས།“ མྱི་ལྡང་། སྦྱོང་གཞི་མང་པོ་ཞིག་སྦྱངས་ན་ཡག་པོ་རེད། ཡིན་ནའང་རིག་གཅིག་རྐང་འཛིན་བྱས་ཏེ། དེའི་སྒང་ལ་ཤུགས་བརྒྱབ་དགོས་པ་ཧ་ཅང་གལ་ཆེ། མང་པོ་ཞིག་སྦྱངས་ཏེ་གང་ནས་ཤོད་ཟེར་ནས་དེ་ནས་བཤད་རྒྱུ་ཡོད་ཀྱང་གཅིག་གི་སྒང་ལ་ཧྲ་ཐག་ཐག་ཅིག་བཤད་རྒྱུ་མེད་ན་ཐབས་སྐྱོ་བོ་རེད། དེ་འདྲ་ང་ཚོའི་སྤྱི་ཚོགས་ནང་མང་པོ་རེད། དེ་ངའི་ཉམས་མྱོང་ཡིན། ངེས་པར་གཅིག་གི་སྒང་ལ་ཡག་པོ་ཞིག་སྦྱོངས་”ཟེར། ཡང་ཁོང་གིས་“བདག་གིས་ནུབ་ཕྱོགས་ནས་སློབ་སྦྱོང་བྱས་རིང་། སྤྱིར་བཏང་རྒྱལ་ཁབ་གཅིག་ལ་གྲགས་པ་ཙམ་མ་ཡིན་པར་འཛམ་གླིང་ལ་སྐད་ཀྱིས་ཆོད་པའི་ནུབ་ཕྱོགས་མཚན་ཉིད་རིག་པ་སོགས་ལྟ་གྲུབ་གྱི་དཔེ་དེབ་བདུན་ཅུ་ལྷག་བཀླགས་ཟིན་ལ། ང་ཚོའི་མི་རིགས་འདི་ལ་དགོས་ངེས་ཀྱི་ནུབ་ཕྱོགས་ལྟ་གྲུབ་སྐོར་གྱི་དཔེ་དེབ་མང་པོ་འདུག”་ཟེར། སྐབས་དེར་ངས་འོ་ན་ཁྱོད་ཀྱི་ངོས་ནས་དེ་དག་ལས་ཚུར་གཅིག་བསྒྱུར་ན་ཞེས་བཤད་པ་ཡིན། ཁོང་གིས་འགའ་ཤས་བསྒྱུར་འདོད་ཀྱི་འདུན་པ་ཡོད་ཚུལ་སོགས་ང་ལ་བཤད་མྱོང་། དེ་བཤད་ནས་ལོ་འགའ་ཤས་ཕྱིན་ཟིན་པ་རེད།

གྲོགས་པོ་འདི་གཉིས་ཀྱིས་བདག་གི་སྒེར་ལ་དམིགས་པའི་སྐད་ཆ་དག་ནི། དོན་དངོས་ཁོང་གཉིས་ཀྱི་ཕུགས་བསམ་རེད་ལ། མ་ཟད་ཁོང་གཉིས་ཀྱི་དམིགས་ཡུལ་ཡང་རེད། ང་ལ་མཚོན་ན། གྲོགས་པོ་འདི་གཉིས་ལས་གང་གྲོངས་ཀྱང་ཕངས་སེམས་ཧ་ཅང་ཆེ། འདི་ནི་འབྲེལ་བ་ཙམ་མ་ཡིན་པར་ཁོང་གཉིས་ཀྱི་ཕུགས་བསམ་དང་། ཁོང་གཉིས་ཀྱི་ཤེས་ཚད། ཤུལ་བཞག་གི་རྩོམ་ཡིག་དག་གང་ལ་བལྟས་ཀྱང་བོད་ཀྱི་ཤེས་རིག་གི་ངོས་ནས་འདི་ལྟར་གཉིས་ཀ་གྲོངས་པར་ཧ་ཅང་ཕངས།

ཁོང་གཉིས་ཇི་ལྟར་གྲོངས་སོང་བ་དང་རྒྱུ་རྐྱེན་གང་ཡིན་བཤད་མཁན་དག་གིས་ཚོད་དཔག་ཙམ་ལས་གང་ཡང་ཤེས་བཞིན་མི་འདུག ལྷག་ཏུ་ཡུལ་ངོས་ནས་བྲིས་པ་ཡིན་ཟེར་པའི་ཡིག་འཆལ་དེ་འབྲི་མཁན་གྱིས་བདེན་ཐུབ་ཀྱི་སྐད་ཆ་ཞིག་བཤད་མི་འདུག སྔོན་མའི་གླེང་རྙོག་ཅིག་བསྐྱར་བཤད་བྱས་ཏེ། ཁྲག་དྲི་བྲོ་བའི་དོན་ཆེན་ཞིག་ཡང་བསྐྱར་འགོ་རྩོམ་པར་རེ་མི་འདུག་གམ་སྙམ། ལོ་བདུན་བརྒྱད་ཅིག་ཕྱིན་པའི་རྙིང་སོང་གི་རྙོག་གླེང་དེ་བསྐྱར་དུ་རྫུན་གཏམ་དང་འདྲེས་དེ་བཤད་དགོས་དོན་གང་ཡང་མི་འདུག་སྙམ། དེ་ལྟར་བསྐྱར་བཤད་ཡང་བཤད་བྱས་ཚེ། གླེང་རྙོག་གི་རྩ་བ་བཟོ་མཁན་འཚོལ་དགོས་པའི་སླར་ཡང་གནས་སྟངས་ཡ་ང་བ་ཞིག་མི་ཡོང་བའི་ངེས་པ་གང་ན་ཡོད།

གང་ལྟར་ཁོང་གཉིས་ཤེས་ཡོན་དང་རྣམ་དཔྱོད་ལྡན་པའི་མི་གཉིས་ཡིན་ནའང་ཁོང་ཁྲོའི་གཞན་དབང་དུ་གྱུར་པ་རེད། ཁོང་ཁྲོའི་གཞན་དབང་དུ་གྱུར་ན་སྐྱེས་བུ་དམ་པ་ཡིན་ཟེར་མཁན་དག་གིས་ཀྱང་མཚོན་ཆ་ཐོགས་ཏེ་མི་བསད་པའི་ལོ་རྒྱུས་བོད་ཀྱི་དེབ་ཐེར་དག་ན་གསལ་པོ་རེད། ཡིན་ཡང་སྐབས་ཐོག་གི་རྒྱུ་རྐྱེན་གང་ཡིན་ཡུལ་ངོས་ནས་བཙལ་ཞིང་རག་ཡོད་ན་ཧ་ཅང་བཟང་མོད། དེ་ནི་ཁོ་རང་གཉིས་ཀྱིས་ཤེས་པ་ལས་གཞན་སུས་ཀྱང་ཤེས་མི་སྲིད་པ་རེད། ཁོང་གཉིས་ལས་གྲི་འཛུགས་མཁན་དང་པོ་སུ་ཡིན་ཡང་རྒྱུ་དང་རྐྱེན་མེད་པར་གློ་བུར་དུ་འཛུགས་མི་སྲིད་པ་ཞིག་རེད། ཁོང་གཉིས་ཀ་མི་གཤིས་འཇམ་པོ་དང་སྣང་བ་སྐྱིད་པོ་ཡོད་པའི་མི་གཉིས་ཡིན། ནམ་རྒྱུན་ནས་ཁོང་གཉིས་ཆའི་ངོ་གདོང་ལ་འཛུམ་གྱིས་ཁེངས་སྡོད་ས་གཉིས་ཡིན།

དེའི་ཕྱིར་ན། གྲོགས་པོ་འདི་གཉིས་གྲོངས་ཟིན་པའི་བར་གླགས་དང་བསྟུན་ནས་སྐབས་འཚོལ་བ་དག་གིས་དོན་མེད་དགོས་མེད་ཀྱི་གླེང་ཕྱོགས་བཟོ་སྲིད་ལ་བཟོ་བཞིན་ཡང་འདུག་པས། དེ་དག་གིས་ངེས་པར་སྐད་ཆ་གང་བཤད་ལ་གཟབ་དགོས་པ་དང་། འགན་ཡང་ཁུར་དགོས་པ་རེད་འདོད་བཞིན་ཡོད། འགན་མེད་པའི་སྐད་ཆ་ཆུ་ནང་གི་ལྦུ་བ་བཞིན་བརྡོལ་ནས་མ་འོང་ན་ཡག་པོ་རེད་འདོད།

སྤྱིར་བཙན་བྱོལ་ནང་ལ་མིང་ཡོད་པའི་རྔ་བའི་ཤེས་ཡོན་པ་འགའ་ཤས་ཡོད་པ་ལས། རྔ་བ་ཤེས་རབ་དང་། བློ་བཟང་སྨོན་ལམ། རྔ་བ་ཆོས་གྲགས། སྤྲོ་ཚིགས་ཆོས་གྲོགས་བཅས་ཡིན་ལ། འདི་དག་གི་ཆེད་ལས་ཀྱི་ངོ་བོ་སོ་སོ་ནས་མི་འདྲ་བར་འདོད། དཔེར་ན། རྔ་བ་ཤེས་རབ་ལ་མཚོན་ན། ཚན་རིག་གི་ཕྱོགས་ལ་སློབ་སྦྱོང་བྱེད་བཞིན་ཡོད་ལ། སྨོན་ལམ་གྱིས་གློག་ཀླད་སྐོར་ནས་ནུས་ཤུགས་འདོན་བཞིན་པ་རེད། རྔ་བ་ཆོས་གྲགས་ཀྱིས་ནུབ་ཕྱོགས་རིག་གནས་ཀྱི་ལྟ་གྲུབ་དང་སྒྱུ་རྩལ་རྩོམ་རིག་བོད་བསྒྱུར་བྱེད་པའི་ཕྱོགས་ལ་འབད་བཞིན་ཡོད། སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་བོད་ཀྱི་རིག་གཞུང་གི་རྐང་འཛིན་པའི་ཐོག་བོད་རིག་པ་ཞིབ་འཇུག་ཡང་དག་པའི་མཁའ་དབུགས་གཙང་མ་ཞིག་ཡོང་བར་སྒོ་གང་ཐད་ནས་འབད་བཞིན་ཡོད།

མི་འདི་དག་ཚང་མས་བོད་ཀྱི་ནང་བསྟན་རིག་གཞུང་ལ་སྦྱངས་པ་བྱས་ཡོད་པར་མ་ཟད། བོད་ཀྱི་ཐ་སྙད་རིག་གནས་ལ་ཡང་ཕུན་སུམ་ཚོགས་པ་རེ་ཡིན་ལབ་ཀྱང་ཆོག་མོད། གང་ལྟར་ཆེད་ལས་ཀྱི་ངོས་ནས་འདི་དག་ཚང་མས་བོད་མི་རིགས་ལ་བྱས་རྗེས་འཇོག་བཞིན་པའི་སྒང་ཡིན་ཙང་། སྤྲོ་ཚིགས་ཆོས་གྲགས་དང་རྔ་བ་ཆོས་གྲགས་གཉིས་གྲོངས་པར་བདག་ལ་ནི། བློ་ཕམ་ཆེན་པོ་བྱུང་།

སྐུ་ཚེའི་འཕེན་པ་རྫོགས་པའི་གྲོགས་པོ་འདི་གཉིས་ཀ་ཕྱི་མར་བཞུད་ཟིན་དུས། གཞི་ནས་འདི་གཉིས་ཀྱི་རིན་ཐང་ཤེས་འོང་ལ། དེ་ནི་ང་ཙམ་མ་ཡིན་པར་བོད་མི་མང་ཙམ་གྱི་གནའ་ནས་ད་བར་བརྒྱུད་དེ་འོང་བའི་རྒྱུན་སྲོལ་རྙིང་པ་ཞིག་རེད། སྤྲོ་ཚིགས་ཆོས་གྲགས་ངེད་གཉིས་ཤེས་ཚད་ཀྱི་ཆ་ནས་གནམ་དང་ས་ཡིན་ནའང་ལོ་ཚད་གཅིག་པ་ཡིན་པས་རྩོད་པ་མང་པོ་བྱེད་མྱོང་ལ། བསམ་བློའི་ཁ་ཕྱོགས་འཛིན་ཚུལ་ཡང་མི་འདྲ་བས་སྐབས་ལ་རེར་ཁོ་བོ་རླུང་མང་པོ་ལངས་མྱོང་། དེ་བཞིན་ཕྲན་གྱིས་གྲྭ་ས་ནས་དཔེ་ཆ་ཏོག་ཙམ་ལྟ་མྱོང་བའི་དབང་གིས་རྔ་བ་ཆོས་གྲགས་དང་མཉམ་དུ་ཀུན་མཁྱེན་འཇམ་བཞད་དང་པཎ་ཆེན་བསོད་གྲགས་པའི་ཡིག་ཆའི་སྐོར་ནས་རྩོད་ཁུལ་བྱེད་མྱོང་། གང་ལྟར་སྐད་ཆ་བཤད་ནས་གླགས་མ་ཁེལ་དུས་ཁོང་ཁྲོ་ཟ་མྱོང་། ཁོང་ཁྲོ་ལངས་རྒྱུ་ནི་ང་རང་གི་གཤིས་ཀ་ཞིག་རེད།

རྩོམ་ཡིག་འདིར་ངའི་སྐོར་གྱི་སྐད་ཆ་ཞིག་ཡོང་བཞིན་པ་ནི། ང་ཁོང་གཉིས་ལ་འདྲིས་ཆ་ཡོད་པའི་རྣམ་པ་ཞིག་བསྟན་པ་ལས། རང་ཉིད་ཤེས་ལྡན་པ་ཞིག་ཡིན་པར་གཏན་ནས་སྒྲུབ་བཞིན་མེད། འབྲེལ་འདྲིས་ཡོད་པའི་མི་ཞིག་ཡིན་པའི་ཆ་ནས་གྲོགས་པོ་འདི་གཉིས་གློ་བུར་དུ་སྐུ་གྲོངས་བ་ནི་བློ་ཡུལ་ལས་འདས་སོང་། གྲོགས་པོ་འདི་གཉིས་གྲོངས་པའི་གཏམ་ངན་དེ་རྣ་སྒོར་ལྷུང་དུས་སེམས་པ་སྐྱོ་གདུང་གིས་ཁེངས་ཤིང་། སྙིང་ཁམས་ན་ཟུག་གིས་གཟིར་སོང་།

ད་ནི་གྲོགས་པོ་འདི་གཉིས་ལ་བློ་དགའ་ཞིང་སེམས་དཀར་པའི་གྲོགས་པོ་རེ་ཡོད་ན། གླེང་ཕྱོགས་རྫུན་མས་ས་གཞི་ཁེབས་པར་མ་བྱས་པར་ཁོང་གཉིས་ཀྱི་ཤུལ་ཏུ་ལྷག་པའི་ཡིག་ཆ་དག་བདག་ཉར་ལེགས་པོ་བྱ་རྒྱུ་གལ་ཆེན་པོ་རེད། གློག་ཀླད་དང་ཡང་ན་འཐེན་སྒམ་གང་རུང་ན་ལྷག་པའི་སྒྱུར་རྩོམ་དང་། ཡང་ན་དཔྱད་པར་བྱས་པའི་ཞིབ་འཇུག་གི་དེབ་ཕྲེང་སོགས་ལྷག་ཡོད་སྲིད་པས། ངེས་པར་གྲོགས་ཀྱི་འདུ་ཤེས་དང་ལ་རྒྱ་ལ་བསམས་ན། ཁོང་གཉིས་གང་རུང་སྨད་ཅིང་བསྟོད་པར་བརྩོན་རྒྱུ་མ་ཡིན་པར་ལག་རྗེས་ཀྱི་ལྷག་མར་ལུས་པ་དེ་དག སྤུས་ཀ་ཡང་དག་གི་ངོས་ནས་བོད་ཀྱི་སྤྱི་ཚོགས་དང་། བོད་ཀྱི་ཤེས་རིག་ངོས་ལ་དེབ་ཏུ་དཔར་བསྐྲུན་བྱ་རྒྱུ་འགངས་ཆེན་རེད་འདོད་ཡོད།

མདོར་ན། མི་བསད་ཁྲག་སྦྱོར་ལ་ཀི་རིངས་འདེབས་པའི་དྲ་ཐོག་གི་དྲྭ་འབུ་དག་དང་། ཡི་གེའི་གད་སྙིགས་སྤུངས་པར་དགའ་བའི་ཡི་གེ་བ་དེ་ཚོས་འཆམ་མཐུན་གྱི་ངོ་བོ་ལ་ངེས་ཟིན་དང་། མི་གཞིའི་རྩིས་ཐང་ལ་བརྩི་བཀུར་ཡོད་པའི་ཐོག་ནས་རྩོམ་ཡིག་རེ་བྲི་དགོས་པ་ནི། ད་ལྟའི་གནས་སྟངས་འདི་ཡིས་ངེས་ཤེས་འདྲོང་ཡོད་པར་ངེས། ད་ལྟའི་དོན་རྐྱེན་དེ་ནི་མི་སྒེར་གཉིས་ཀྱི་ཁོང་ཁྲོའི་བྱས་ཉེས་ལས་བྱུང་བ་ལས། ཚོགས་པ་དང་ཆོས་རྒྱུད་ག་གེ་མོ་ལ་བསྙོན་འཛུགས་ས་གང་ཡང་མེད་པ་ལོས་ཤེས་འདོད། བོད་ཀྱི་སྤྱི་ཚོགས་ཀྱི་ནང་རུལ་པ་དག་གིས་སྐྱོན་ཆུང་ཆུང་ཞིག་སྤྱི་ཚོགས་ཆེན་པོ་ཞིག་ལ་བཙན་འགེལ་བྱེད་བཞིན་པ་ནི། བོད་ཀྱི་ནང་ཁུལ་དཀྲུགས་པའི་རྒྱུ་ལས་གང་ཡང་མིན་པ་ཤེས་དགོས་པ་ཞིག་ཏུ་མཐོང་།

གང་ལྟར་ཁོང་གཉིས་འདི་ལྟར་དོན་མེད་དུ་མི་ཡུལ་ནས་ཆས་ཟིན་ལ། མ་ཟད་ཁོང་གཉིས་ཀྱིས་བོད་ཀྱི་ཤེས་རིག་ལ་བཞག་པའི་གྲུབ་འབྲས་དང་། ལྷག་ཏུ་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་མྱ་ངན་ཞུ་བཞིན་ཡོད། དེ་བཞིན་ཕྲན་གྱི་རྩོམ་ཡིག་འདི་གང་ཐུབ་ཀྱིས་རང་གི་ཚོར་སྣང་རྗེས་འབྲེལ་བྱས་པ་ཙམ་ལས། ཕྱོགས་ལྷུང་གི་བསམ་བློ་ཡིས་སེམས་ཁམས་བསླུས་ཏེ་བྲིས་མེད་པས་སྐད་ཆ་འདི་གཙང་མ་ཞིག་ཡོང་ཡོད་པར་ཡིད་ཆས་ཡོད། འོན་ཀྱང་གླེང་ཕྱོགས་བཟོ་བསྐྲུན་ལ་དགའ་བའི་རུལ་སུངས་ཀྱི་མྱི་དག་གིས་བསྐྱར་དུ་དགོས་མེད་ཀྱི་གླེང་མི་འགེལ་བའི་རེ་བ་ཡོད།

གྲོགས་པོ་ཁོང་གཉིས་ཕྱི་མར་བཞུད་པའི་གཏམ་ངན་དེ་གོ་དུས་མཚན་ཐུབ་ཀྱི་མཆོད་མེ་ཆེན་པོ་ཞིག་ཁོང་གཉིས་ཀྱི་དགེ་རྩ་ལ་སྤར་བ་ཡིན་ལ། དགེ་རྩ་འདིས་མ་འོངས་པར་བོད་ཡུལ་གྱི་གྲི་མཚོན་ནང་འཛིང་གི་ཁྲག་གི་འཁོར་ལོ་སྐོར་བའི་རྒྱུན་སྲོལ་ངན་པ་འདི་རྒྱུན་ཆད་པར་སྨོན་ཡོད་ལ། ལྷག་ཏུ་སྣང་གསལ་གྱི་སྒྲོན་འོད་བཞིན་གྲོགས་པོ་གང་གཉིས་བོད་ཀྱི་སྤྱི་ཚོགས་སུ་སྔར་ལས་ལྷག་པའི་ཤེས་ལྡན་མི་སྣ་རེའི་སྐྱེ་བ་ལེན་པའི་སྨོན་ལམ་བཏབ་པ་ཡིན། མ་ཟད་མཚན་ཐུབ་ཀྱི་མཆོད་མེ་གཉིས་མ་སྤར་བར་གཅིག་བསྒྲོན་དགོས་པ་འདིས་ཀྱང་ཁོང་གཉིས་སྐྱེ་བ་ཕྱི་མར་འོ་ཆུ་གཅིག་འདྲེས་ཀྱི་གྲོགས་པོ་བཟང་པོ་ཞིག་ཡོང་བར་སྨོན་ཡོད།

གང་ལྟར་ཁྱེད་གཉིས་གྲི་གཅིག་གི་མཚོན་རྩེ་ནས་ལྔ་ལམ་དུ་ཆས་ཤིང་། དེ་རིང་ཡང་གོ་ཐོས་ལྟར་ན། ཞུགས་ཆེན་འོད་ཀློང་ན་ཕུང་པོ་མེར་བསྲེགས་ཤིང་རྣམ་ཤེས་གཉིས་དུད་ཞགས་ཀྱི་རྨུ་ཐག་དང་སྦྲེལ་ནས་བཞུད་པའི་ཉིན་མ་དེ་ཡིན་སྐད། སྐབས་འདི་ལ་སྐྱིད་སྡུག་གཅིག་པའི་རང་རེའི་ཕ་ཡུལ་གཅིག་པ་མང་དག་ཅིག་ལྷན་གཅིག་ཏུ་འཛོམས་ཏེ། ཁྱེད་གཉིས་ལ་ཕེབས་སྐྱེལ་གྱི་རྫོངས་པ་བྱེད་བཞིན་འདུག་སྐད་ལ། ཕ་ཡུལ་གཅིག་པའི་སྤུན་ཟླ་དག་གིས་ཁྱེད་གཉིས་ཀྱི་བྱེད་ཕྱོགས་ལ་ངོ་ཚ་ཞིག་དང་གནོངས་ཤིག་ཁུར་ཏེ་ཡོད་ངེས། འོན་ཀྱང་ཁྱེད་གཉིས་ཀྱི་ལོ་ཟླ་མང་པོ་ཞིག་ལ་དཀའ་སྤྱད་སྡུག་རུས་བྱས་པ་དག་སེམས་ནས་བརྗེད་ཡོད་མི་སྲིད།ཕ་ཡུལ་གཅིག་པའི་སྤུན་ཟླ་མང་དག་ཅིག་ཁྱོད་གཉིས་ཀྱི་དུར་ཁུངས་སུ་འཛོམས་སྐད་འདུག་ལ། ཁྱོད་གཉིས་དམར་འཛིང་བྱེད་སའི་གནས་དེ་ནས་སྐྱོ་སྡུག་གི་འཁུན་སྒྲ་རེ་འབྱིན་ཞིང་མིག་ཟུང་ནས་མཆི་མ་རེ་ལྷུང་མྱོང་པའི་སྐད་ཆ་ཡང་མང་ཙམ་འདུག

རྒྱུ་མཚན་ནི། མི་འདི་དག་ཚང་མ་ཁྱེད་གཉིས་ལ་དགའ་བ་མང་ཞིང་རེ་བ་ལྕི་དྲགས་པས་ལོས་ཡིན། གང་ལྟར་ད་ནི་ཕྱི་མར་བཞུད་ཟིན་པས་བདེ་བར་བཞུད་ཅིག ངས་ཀྱང་རང་ཉིད་ལ་གསལ་འདེབས་བྱེད་བཞིན་སྔར་ཁྱེད་གཉིས་ཀྱིས་ང་ལ་བཤད་པའི་སྐད་ཆ་དེའི་དོན་སྙིང་གི་ཕྱོགས་ལ་གཞོལ་དགོས།

ད་ནས་བཟུང་རྔ་བ་ཆོས་གྲགས་དང་སྤྲོ་ཚིགས་ཆོས་གྲགས་ཞེས་ང་ཚོའི་ཕ་ཡུལ་གྱི་མིང་ཡིག་གིས་བརྒྱན་པའི་རེ་བ་ཅན་གྱི་ཆོས་གྲགས་གཉིས་མེད་སོང་བ་རེད། ངོམ་དུ་རེ་བའི་གྲོགས་པོ་གཉིས་ང་ཚོ་དང་གཏན་དུ་བྲལ་སོང་བ་རེད། འོན་ཀྱང་ཁྱེད་གཉིས་ཀྱི་དཔེ་དེབ་དག་གིས་སླར་ཡང་ང་ཚོ་དང་བགྲོ་གླེང་བྱ་ངེས་ལ། བསྐྱར་དུ་བསམ་བློ་བརྗེ་སྲིད། གྲོགས་སྤྲོ་ཚིགས་ཆོས་གྲགས་ཀྱིས་བདག་ལ་འབོད་པ་ལྟར། མིག་ཆུ་མོད་པོ་ཞིག་གིས་གྱེས་འཚམས་འཇོག སླར་ཡང་བོད་ཡུལ་ལ་ཕེབས་ཤོག དེ་ལས་ཀྱང་རང་རེའི་ཕ་ཡུལ་ལ་ལོག་ཤོག