༈ རྒྱང་འབྲོག་གི་དབྱར་ཁ།

        འབྲོག་པའི་དབྱར་སར་བསླེབས་ན། སྐབས་རེར་གནམ་ས་གཉིས་ཁ་འཕྲོད་གྲབས་དང་ཤར་ནུབ་ཀུན་ཐོད་ཐུག་སྙམ་བྱེད་ཅིང་ལན་རེར་དེ་ཀུན་སྤྲུལ་པ་བཤིག་པ་བཞིན་མི་སྣང་སྟེ་རྩྭ་ཐང་ཆེན་པོ་དག་མུ་མཐའ་མེད་པར་ཤར་ཡོང་། མཉམ་བཞག་ན། རང་ཁྱིམ་ཚུན་ཆད་མིག་གིས་ཟིན་དཀའ་བའི་ཐག་རིང་ཞིག་ན་ཡོད་དུས་མང་། དེའུ་འབུར་རེའི་ཕག་ཏུ་སྡེ་ཚོ་སྐར་མ་བཞིན་བཀྲམ་ཡོད་ངེས་ལ། མདའ་རྒྱང་གང་གིས་རི་ངོས་ཡར་ཕྱིན་ན་གནམ་ལ་ལག་སྙོབ་བྱེད་ཐུབ་པ་ལྟ་བུའི་ཕོ་ཚོད་སྟེར་བར་བྱེད། ཆར་པ། འབྲུག་སྒྲ། གློག་དམར། འདི་ཡོད་ཚད་ལ་སྔོན་དཔག་ཙམ་ཡང་བྱེད་ལོང་མེད་ཨང་།    སྨུག་པ་རིམ་པ་རིམ་པས་ཚུར་ལུད་དེ་ཁྱིམ་མཚེས་གཡས་གཡོན་ཡང་མི་རྙེད་པར་བྱེད། རེ་ཞིག་ཙམ་དུ་བརྡ་བཏང་བ་བཞིན་རི་སྐེད་སྒང་ཟུར་གང་ཞིག་བསྡུས་ཏེ་བུད་འགྲོ། ཉི་མ་ཤར་སྒང་སྒང་དུ་ཐོག་གཞོབ་དྲི་ཐུལ་ལེ་བ་འཕེན་ཞིང། ན་ཁུད་ཡར་མར་དུ་བ་སྔོ་བྲེང་བྲེང་འགྲོ་བར་ཕྱིན་ཚེ་ཐོག་བརྒྱབ་ཤུལ་ཡིན་ཞེས་ས་གཤགས་པའི་རི་མོ་ལྟ་བུ་སྟོན་རྒྱུ་གདའ། གནམ་དགྲ་སྟེ་ཐོག་གིས་བསད་པ་ཡིན་ཞེས་ཁྱིམ་དང་ཐག་མི་རིང་བའི་སར་སེམས་ཅན་གཡག་ལུག་སོགས་ཀྱི་རོ་མང་པོ་ཁྱི་ལྡོམ་དང་བྱ་རྒོད་ཀྱིས་གཟན་དུ་ཟ་བ་ཡོད། ​སྨུག་པ་ཡར་ཡར་འགྲོ་བའི་ཚེ་རི་བོ་མར་མར་ལུག་བྱུང་བ་ལྟ་བུ་དང་། ཇི་སྲིད་བར་སྣང་ལ་སྤྲིན་བཞུར་བ་དེ་སྲིད་ས་ལ་གྲིབ་གཟུགས་སྣ་ཚོགས་པ་འགྲོ་རྒྱུ་ཡོད་ཅིང་། ལུང་པ་སྒང་གཤོང་ཀུན་ངང་ཙམ་གསལ་ངང་ཙམ་རིབ་པ་སྟེ་གཏམ་གྱིས་བརྡར་མི་བཏུབ་པ་ཞིག་གོ། སྔར་ལོ་ཙཱ་པ་དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་མཛེས་ལྗོངས་དེ་འདྲ་འདི་ནའང་ཡོད་འདུག རི་རྩེ་གཅིག་ནས་རི་རྩེ་གཞན་བར་ན་བུན་ཡུག་གཅིག་གིས་སྦྲེལ་ཏེ་ཡོད་པ་སོགས་སྐྱེ་བོ་རྣམས་ཆེད་གཉེར་བལྟར་འགྲོ་དགོས་པ་དེ་འདྲ་ཅི་བས་མང་། སྲོད་ཁ་མང་ཆེར་བར་སྣང་ཡོངས་རྫོགས་མུན་པས་བསྒྲིབས་ཏེ་ཤར་ཁུལ་ནས་བྱང་མཐའ་དང་། ཕྱོགས་མཚམས་སོགས་སུ་གློག་འོད་སྨྲེང་འཆོར་བ་རེ་དངོས་སུ་དཀར་ཚུབ་ཚུབ་བྱེད་ཅིང་། འབྲུག་སྐད་ཕྲ་ཤད་ལེ་བ་དག་ཐག་ཉེ་ནས་ཐག་རིང་དུའམ་རྒྱང་མ་ནས་ཉེ་གམ་དུ་ཡོང་སྟེ་དགའ་སྐྱོའི་སློང་རྐྱེན་དུ་འགྱུར་བར་བྱེད།

 ​ཐེངས་ཤིག་ང་དང་རྫི་བོ་འགའ་རི་ངོས་སུ་སྡོད་སྐབས་གློ་བུར་དུ་ནམ་མཁའ་མུན་པས་བསྒྲིབས་བྱུང་། ངང་ཚུལ་དེ་ཏག་ཏག་ས་རུབ་པ་དང་འདྲ། ངས་སྤྲིན་དེ་ཚོ་གང་ནས་བྱུང་བ་དང་ཇི་ལྟར་འདྲེས་པ་སོགས་ཡེ་ནས་མ་ཤེས། ལོ་ངོ་བདུན་བརྒྱད་རིང་ཕ་ཡུལ་དང་གྱེས་པའི་བདག་གི་མགོ་ཐོག་ལ་ཡང་བསྐྱར་གནམ་གྱི་ཆུ་ཐོར་བྱུང་། ཨ་ཨ། འདི་ཙམ་འཁྱགས་པ་ལ། ཆུ་འདིས་བདག་གི་ལུས་སྟེང་ནས་མཁར་གྲོང་ཁྲུས་རྫིང་དག་ཏུ་བཀྲུ་མ་ཐུབ་པའམ་ཁྲུས་རྫིང་དེ་དག་ལས་བྱུང་བའི་འབག་བཙོག་གཞན་མང་པོ་ཞིག་ཤིན་ཏུ་གཙང་མར་བཤལ་སོང་བ་འདྲ། ཆུ་འདིས་ངའི་རྒྱབ་གོས་བརྟོལ་བ་མ་ཟད་ཤ་ཡང་བརྟོལ་བྱུང་བ་འདྲ། ཡང་ན་བརྟོལ་བྱུང་བ་དང་འདྲ་བར་སྣང་བ་ཙམ། འདི་ཚོད་དུ། ངས་རྟ་མགྲིན་དུག་དབྱུང་དྲན་བྱུང་། རྣམ་འཇོམས་བྱབས་ཁྲུས་དྲན་བྱུང་། བག་ཙམ་ནས་ཆར་པ་ཤུགས་ཇེ་དྲག་གྱུར་ཏེ་དངངས་དགོས་པའི་ཚོད་དུ་ཐོན། འོན་ཏེ་ཁོ་ཚོས་མི་ཅི་སྙམ་པས་ང་ཡང་བསྲན་ཚུགས་ཀྱིས་བསྡད། བསྟུད་མར་འབྲུག་གྲགས་བྱུང་། གློག་འཁྱུགས་བྱུང་། ཐོག་བརྒྱབ་བྱུང། གནམ་ས་གཉིས་ཁ་འཕྲོད་རྒྱུ་ཡིན་པ་འདྲ། གནམ་ས་གཉིས་ཏན་ཏན་ཁ་འཕྲོད་རྒྱུ་ཡིན་པ་འདྲ། དགོང་མོ་ཞིག་ཡུལ་མི་ཚོ་དང་ལྷན་དུ་ཇ་བཏུང་སྟེ་ཁ་བརྡ་གློད། ཁོ་ཚོས་ལོ་རེར་ཐོག་གིས་བསད་པའི་མི་དང་ཕྱུགས་ཟོག་གི་ཁ་གྲངས་གླེང། རི་བོ་རེར་སེམས་ཅན་ཆེ་གེ་མོའི་མིང་གིས་འབོད་ཅིང་དེ་དག་འབའ་ཞིག་གཉན་ཚུལ་དང་བཙན་ཚུལ་བཤད། ཁོ་ཚོས་ཟེར་བ་དེ་དག་ལན་རེར་རླུང་ཞིག་ཡིན་ཞིང་ཡང་ལན་རེར་མེ་ཞིག་རེད། མཚམས་རེར་ཡ་གིའི་ལུང་པ་དེ་ཡིན་ཞིང་སྐབས་རེར་གམ་གྱི་ལབ་ཙེ་དེ་ཡིན་འདུག ཐབ་མེ་ལམ་ལམ་འབར་བའི་ངོགས་ནས་ཁོ་ཚོས་ག་ལེར་གོ་འདོན་བྱེད་མགོ་བརྩམས།

​སྐྱབས་འགྲོ། དམིགས་བརྩེ་མ། མདོ། སྒྲོལ་མ། གདུགས་དཀར་སོགས་རིམ་པས་བཏོན་བྱུང་། ངང་ཙམ་ནས། གནས་དེ་དང་ཐག་མི་རིང་ས་ཞིག་ནས་སྤྱང་ཁུའམ་ཅི་ཞིག་དྲག་ཏུ་བརྒྱལ་བྱུང་། སྦྲའི་ཧྲག་བར་ནས་རླུང་ལྡང་བ་ནི་སྐད་དང་ལྡན་པ་ཞིག་རེད། ང་རང་འདང་རྒྱག་གིས་ཡར་ལངས་ཏེ་སྒོའི་ཕྱིར་སོང་བ་ཡིན། ངས་མུན་པའི་ཟབ་ཚད་ནས་ཕར་བལྟས་པས་རི་བོ་དག་དཀྱིལ་ཀྲུང་གིས་བསྡད་ཡོད་པ་མཐོང་། ཞིབ་ཏུ་བལྟས་པས་ས་ཚོད་རེ་ན་མེ་སྔོན་པོ་ལང་ལོང་དུ་འབར། ཁྱི་སྐད་ནུབ་རླུང་དང་བསྡོངས་ཏེ་རི་སྐེད་བར་རྒྱུ་ཞིང་ཡོད་དོ། ། ཏག་ཏག་མའི་སྐབས་འདིར། སྲེ་མོང་དང་ཨ་བྲ་ཡོངས་རྫོགས་ཉག་ག་རེ་ན་མེད་ཅེས་སུས་ཀྱང་བརྗོད་ཐབས་བྲལ། ནོར་གྱིས་སྐྱུག་ལྡད་བྱེད་པ་ཡང་ཇི་ལྟར་ཡིན་ནམ། ངའི་རྒྱབ་ཀྱི་སྦྲའི་ཕུ་ཆོན་སྟེང་ལ་བྱའམ་ཅི་ཞིག་འཁོར་ཞིང་ཡོད་དམ།

​འདི་ནས་ཡུན་རིང་བསྡད་ཚེ་ངས་ཀྱང་བསང་ཕུད་དེ་ཕྱག་འཚལ་སྲིད་དམ། འདི་ནས་ཡུན་རིང་བསྡད་ཚེ་ངས་ཀྱང་ཁོ་ཚོ་བཞིན་དམིགས་བརྩེ་མ་དབྱངས་སུ་གྱེར་སྲིད་དམ། ལྟོས་དང་། གནམ་གྱི་ཕྱེད་ཁེབས་པའི་གློག་འོད་ཅིག་མཚོ་མགོ་ནས་མཚོ་རྔའི་བར་འཁྱུགས་བྱུང་།

༈ ཉོན། ཁྱི་སྐད་དེ་ག་ནས་བྱུང་།

        དེ་ཉིན། ང་དང་གྲོགས་པོ་འགའ་རྒྱ་སྲང་ཡོད་སྐབས། གློ་བུར་གར་འོངས་མ་འཚལ་བའི་ཁྱི་སྐད་ཅིག་ཐོས་བྱུང་། བལྟས་པས་རྒྱབ་མདུན་གཡས་གཡོན་གང་དུའང་ཁྱིའི་གྲིབ་མ་ཙམ་ཡང་མི་འདུག་སྟེ། མི་རིང་བའི་སར། རྩལ་ལྭ་གྱོན་པའི་རྒྱ་མི་གཞོན་སྐྱེས་རེ་ཟུང་ངེད་ཅག་མཉམ་དུ་གོམ་པ་རྒྱག་གིན་གདའ། རེ་ཞིག་ཙམ་ནས་ཡང་བསྐྱར་གཟུགས་མེད་པའི་ཁྱི་སྐད་དེ་བསྟུད་མར་ཐོན། འོན་ཏེ་ཅི་ལྟར་བསམས་ནའང་རྒྱུ་མཚན་ཡང་དག་ཅིག་རྙེད་མ་སོང། ཡང་ན་བོངས་ཆུང་བ་ཁུ་ཚུར་ཙམ་གྱི་ཁྱིའམ་ཅི་ཞིག་ངེད་ཅག་ཁྲོད་ཀྱི་སུའི་ཨམ་ཕྲག་ཏུ་བླུགས་ཡོད་པ་ཨེ་ཡིན་ནམ། ལམ་སེང་ཕན་ཚུན་བསྔོགས་རེས་བྱས་ཀྱང་ཁྱི་རང་ལྟ་ཞོག་ཁྱི་སྤུ་ཙམ་ཡང་ལོན་རྒྱུ་མ་བྱུང།

    ངག་རྒྱུན་དུ་རྡོ་དཀར་རམ་རྡོ་ཀ་མ་རུ་ལྟོར་ཟ་བའི་བྱ་གོ་བོ་ཞེས་པར་གོའི་ཁྱིག་ཅེས་པ་ཡོད་ཅིང་། དེ་ནི་གཟུགས་དམའ་བ་ལྷམ་མགོ་ཙམ་ལ་རྩིག་པའི་ཕན་གྱི་དུག་སོགས་སྔོན་ཤེས་ཐུབ་མཁན་ཞིག་ཡོད་ཟེར། ལྕང་སྐྱ་པའི་སྐུ་ཕྲེང་ཞིག་རྒྱ་ནག་གོང་མའི་ཕོ་བྲང་དུ་དབུ་བླར་བྱོན་སྐབས་ནི་རྟག་པར་གོའི་ཁྱིག་དཔེ་མེད་ཅིག་ཕོར་བའི་ནང་བླུགས་ཡོད་ཅེས་གྲགས། ཡིན་ནའང་སྲང་ལམ་འདི་ནི་གོའི་ཁྱིག་ཁུར་དེ་ཉེན་ཟོན་བྱ་དགོས་པའི་གོང་མའི་ཕོ་བྲང་ནི་ཡིན་མི་སྲིད་དེ། ཡང་གཅིག་བཤད་ན་གོའི་ཁྱིག་ཅེས་པས་རང་ག་བའི་ཁྱི་ལྟར་འབ་སྐད་རྒྱག་མིན་ཡང་སུས་ཤེས། ང་ཚོས་མི་དྲན་དགུ་དྲན་གྱིས་ཁྱི་སྐད་དེའི་ཡོང་ཁུངས་ལ་བསམ་བློ་གཏོང་སྒང་། རྩལ་ལྭ་གྱོན་པ་དེ་དག་ཕན་ཚུན་གྲུ་སུག་རྒྱག་བཞིན་སིག་སིག་ཏུ་དགད་བྱུང་། ཡང་བསྐྱར་ཁྱི་སྐད་སྙིང་ནང་ཟུག་པ་ཞིག་བཏང་མཐར་ཧ་ཧ་ཞེས་དགད་བྱུང་། ཨ། སྡུག་ཤི་རྒྱག་རྒྱུའི་ཁྱི། ཨོ་མ་རེད་མྱི། གང་ལྟར་ང་ཚོ་ཧང་སང་སོང་།

​  རྗེས་སུ་ཁོ་ཚོ་རེ་རེས་སྦོམ་ཕྲ་མི་གཅིག་ལ་འདེགས་འཇོག་མི་འདྲ་བའི་སྒོ་ནས་འབ་སྐད་སྣ་ཚོགས་བཏང་ཁར། རྔ་མ་གྱེན་ལ་བསླངས་པ་དང་ལྕེ་ཐུར་དུ་བསྣར་པ་སོགས་ཀྱི་བཟོ་ལྟ་འདྲ་མིན་བསྟན་བྱུང་བས་ངེད་ཚོ་རང་རང་སར་ཁྲོང་ངེར་བསྡད། ཁོ་བོ་དེ་ནས་བཟུང་དགོང་མོ་ཉལ་སའི་ནང་དུའང་ཚོད་ཚོད་དུ་ཁེར་དགོད་ཤོར་རྐྱང་ལས་དྲན་རྒྱུ་གཞན་མི་འདུག གང་ལ་དང་ཅི་ལྟར་དང་ཅིའི་ཕྱིར་སོགས་མ་འདྲི་རོགས། གཞོན་སྐྱེས་དེ་ཚོས་ནམ་ཞིག་སོ་སོའི་གཟུགས་པོའི་སྒང་ལ་ཁྱི་ལྤགས་དང་སྡེར་མོ་རེ་སྤོ་འཛུགས་བྱེད་ཐུབ་ཡིན་ན་ཏག་ཏག་ཅིག་ཡོང་ཡས་རེད་ཨང་། འདི་ནི་ཆེད་མངགས་ཁ་མཚར་རྒྱག་འདོད་ཀྱང་མིན། ཁ་ལག་མཆོད་པ་སོགས་ལ་འགྱུར་བ་ཏོག་ཙམ་གཏོང་བའམ་མི་ཁྱི་གཉིས་ཀྱི་སྡོད་ཁང་སོགས་སྐབས་ཤིག་རིང་བརྗེ་བོ་བརྒྱབ་པ་ཡིན་ན་ནི། ལྟད་མོ་ག་ཚད་འབྱུང་མིན་ལབ་ཁག་པོ་རེད། གལ་ཏེ་འདི་ནི་མི་ཡིས་ཁྱི་སོགས་སེམས་ཅན་གཞན་ལ་ལད་མོ་བྱས་པའི་དཔེ་གཞི་ཡིན་ན། ནམ་མཁའི་ནོར་བུའི་བྱང་འབྲོག་ལམ་ཡིག་ཏུ། ཨ་ཏ་ག་ཡུ་ཞེས་པའི་བྱེའུ་ཁ་དོག་སྐྱ་བོ་མཆུ་ཏོ་ནག་པོ་རྐང་ལག་སྐྱ་ནག་ཅན་ཞིག་གིས་ཁུང་བུར་གནས་འཆའ་བ་དང་། ཕྱི་ལོགས་སུ་ཐོན་ཚེ་ཨ་བྲ་དག་གི་རྒྱབ་ཏུ་ཞོན་ཏེ་འགྲོ་བ་དང་། ཨ་བྲ་དག་གནས་གཞན་དུ་འཕོ་བའི་ཚེ། དེ་དག་གི་གཟུགས་བོངས་དང་ནུས་རྩལ་གྱིས་བརྒལ་བར་མི་ནུས་པའི་རི་ཆུ་མང་པོར་ཨ་ཏ་ག་ཡུས་ཁྱེར་ཏེ་འགྲོ་བ་འབྲོག་མི་འགའ་རེས་དངོས་སུ་མཐོང་ཞེས་བྲིས་འདུག་པ་ནི། ཁྱི་སོགས་སེམས་ཅན་གཞན་གྱིས་འགྲོ་བ་མི་ལ་ལད་མོ་བྱེད་བཞིན་པའི་དཔེ་གཞི་མ་ཡིན་གྲང་།

​   དེ་ལྟ་ན། སྔོན་ཆད་བྱ་རྣམས་ཀྱིས་མི་སྐད་སྨྲས་ཞེས་པ་དེ་ཧམ་པ་ཤོད་ཡག་མིན་ཚོད་ལ། འབྱུང་འགྱུར་ཞིག་མི་རྣམས་ཀྱིས་ཁྱི་སྐད་བརྒྱག་པའི་དུས་ཀྱང་ཡོད་པ་རེད་ཅེས་སྨྲ་རིན་ཆོག་པ་ཨེ་འདུག་སོམས།

༢༠༡༡ ༠༧ ༠༧

༈ བརྗེད་དུ་མེད་པའི་ཁྱོད།

                ___འཇིག་རྟེན་སྣང་བའི་འདྲེན་ཤུགས་དང་དེའི་ཟུག་ཚོར།

​ཁྱོད་ཉིད་ད་ལྟ་འཁོར་བའི་གཏིང་རིང་གཏིང་རིང་ཞིག་ན་ཡོད་དམ།

འཇིག་རྟེན་ལ་བྲོ་བ་མེད་ཅིང་བྱས་བྱས་ལ་གཏད་སོ་བྲལ་བའི་ཞེད་སྣང་རེ་ཡང་འོང་ངམ།

མིན། ཁྱོད་ཀྱིས་དེ་ལྟར་ཁས་ལེན་མི་སྲིད། མ་མཐའ་ཡང་ཁྱོད་ཀྱིས་ང་ལ་དེ་ལྟར་ཁས་ལེན་མི་སྲིད། དོན་དུ་འཇིག་རྟེན་ལ་བྲོ་བ་མེད་པའང་མིན་ཏེ། འདི་ནས་ཕྱིར་ལ་བརྩིས་པའི་མི་ལོ་བདུན་གྱི་ཡར་སྔོན་དུ་ཁྱོད་ལའང་སྐར་འོད་བཞིན་དྭངས་པའི་སེམས་རྒྱུ་གཙང་མ་ཞིག་ཡོད་མྱོང་བ་རེད། དེ་ནི་ཁྱོད་ཀྱིས་མི་ཡུལ་འདི་ནས་ངོམ་ཆོག་ཆོག་གི་དུས་སྐབས་ཏེ་ན་ཆུང་བའི་ལོ་ཟླ་ཁོ་ན་རེད། རླབས་ཆེན་གྱི་ལོ་ཟླ་དེ་ནི་ཁྱོད་ཀྱིས་སུ་ཞིག་དང་མཉམ་དུ་བསྐྱལ་པ་ཡིན། དྲི་ཡིས་མ་གོས་པའི་ལང་ཚོ་དེ་ཡང་ཁྱོད་ཀྱིས་སུ་ཞིག་ལ་ཕངས་མེད་བསྟབས་པ་ཡིན།

ལྷད་མེད་བཅོས་མེད་ཀྱི་སྐྱིད་སྣང་དེའི་ཕྱེད་ཀ་དོན་དམ་པར་སུའི་ཡིན།

​མཚམས་འདིར་ཁྱོད་གློ་བུར་དུ་མི་ཞིག་ལ་སྡང་བ་ཡིན། ཆགས་པ་ཡིན། དགའ་བ་ཡིན། དེའང་མཐར་གཏུགས་ན་དྲན་པ་ཡིན། དེ་ནི་ཁྱོད་ཀྱི་བྱིས་དུས་ཀྱི་མཛའ་བོ་སྟེ། དེ་ནི་ང་རེད། དེ་དང་དེ་སོགས་ཐོག་མའི་བརྩེ་དུང་གི་ཟུག་བག་དང་། བར་གྱི་མཉམ་འགྲོགས་ཀྱི་མཛའ་ཞེན། མཐའ་མའི་གྱེས་བྲལ་གྱི་ངུ་སྔངས་སོགས་ནི་ཇི་འདྲའི་བརྗེད་དུ་དཀའ་བ་ཞིག་ཡིན་ཨང་།

ཡང་ཟོལ་དག་གཡའ་དག་གི་ཐོག་མའི་བརྩེ་དུང་དེ་ཉིད་རི་མོ་ཞིག་ཡིན་ཚེ། ཚོན་མདངས་ཁྱོད་ཡིན་ན་པིར་སྨྱུག་ང་ཡིན་དགོས། ཡང་དེ་ཉིད་སྙན་ངག་ཅིག་ཡིན་ཚེ། ང་ཚིག་སྦྱོར་ཡིན་ན་ཁྱོད་བརྗོད་བྱ་ཡིན་དགོས། ང་ལ་ཚང་རྩིས་བྱེད་ན་ཐོག་མར་ཁྱོད་ནས་མགོ་འཛུགས་དགོས་ཤིང་། ཁྱོད་ལ་གདེང་འཇོག་བྱེད་ན་ཡང་མཐའ་མར་ང་ལ་ཁུངས་གཏུག་དགོས། ང་བླངས་པའི་ཁྱོད་ཀྱི་རྣམ་ཐར་ནི་མགོ་མེད་མཇུག་རྡུམ་དུ་སོང་ཡོད་ལ། ཁྱོད་བསྐྱུར་པའི་ཁོ་བོའི་ལོ་རྒྱུས་ཀྱང་ཆ་ཀ་ཡ་སྡེབ་ཏུ་འགྱུར་འགྲོ་བ་རེད།

དེ་བས་ང་མེད་ན་ཁྱོད་མི་འགྲུབ་ཅིང། ཁྱོད་མེད་ན་ང་ཡང་ཚང་བ་མིན།

ཀྱེ་མ། འདི་ལྟར་བསམ་མི་ཕོད། འདི་ལྟར་དངོས་གནས་བསམ་མི་ཕོད་ལགས།

དེ་བས་ཁྱོད་ཀྱིས་“ང་ཁྱོད་ལ་གཏན་ནས་དགའ་མྱོང་”ཞེས་ཨུ་ཚུགས་བྱེད་འདོད་དམ། ངས་ཀྱང་དེ་ལྟར་སྨྲས་ན་བསམ། ཡིན་ནའང་། ཁྱོད་ཀྱིས་ང་ལ་“སྙིང་སྡུག་”ཅེས་བོས་མྱོང་ལ། ངས་ཀྱང་ཁྱོད་ལ་“ཚེ་སྲོག་”ཅེས་གཅེས་མྱོང་། དེ་ནི་བཅོས་མའི་འུད་ཤོབ་ཅིག་ཡིན་དུ་ཆུགས། དེས་ན། རི་ཆུ་ཁྲི་སྟོང་གོམ་ཐུང་གིས་བཅལ་ཏེ་ང་ཡིས་ཁྱོད་བཙལ་ཅིང་། དགུན་ཟླའི་གྲང་ངར་ན་ཟུག་གིས་བསྲན་ཏེ་ཁྱོད་ཀྱིས་ང་ལ་བསྒུགས་པའི་སེམས་བྱུང་དེ་ནི་ཅི་ཞིག་རེད།

སྙིང་སྡུག་ལགས། གསུང་རོགས་གནོངས་དང་།

ཁྱོད་ད་དུང་རང་ཉིད་ལ་དོགས་པ་ཟ་ན། རང་གི་གློ་སྙིང་ཧྲིལ་པོར་ཞིབ་ལྟ་ཐེངས་ཤིག་བྱོས་དང་། ཁྱོད་ང་ལ་དགའ་བ་ནི་ཁྱོད་ཁྱོད་ལ་དགའ་བ་ལས་ཀྱང་ལྡབ་འགྱུར་གྱིས་མང་འདུག་པ་ཡིན།

ཧ་ཅང་དྲང་པོར་བཤད་ན། དབང་ཐོབ་དང་འབྱོར་ཚོགས་མ་བཤད་དང་། གློ་ཁུག་ནང་དུ་དངུལ་རྡོག་འགའ་ཡང་མེད་པའི་འབྲོག་ཕྲུག་ཕལ་བ་ཞིག་གི་ཕྱིར་དུ། ཁྱོད་ཀྱིས་ཡོད་ཚད་དོར་ཅིང་ཡོད་ཚད་ཕུལ་སོང་བ་དེས། ཁྱོད་རང་སུ་ལ་དགའ་བ་ཀྲིག་ཅར་གསལ་ཞིང་དེས་འགྲོ་བ་མིའི་རིགས་ཀྱིས་མཐའ་གཅིག་ཏུ་རླབས་ཆེན་དུ་བརྩི་བའི་ཕོ་མོའི་བརྩེ་དུང་ཞེས་པའང་ཡོངས་སུ་མཚོན་ཐུབ་པ་ཡིན། གལ་ཏེ་ཁྱོད་ཀྱིས་དྲན་གདུང་གི་རྨི་ལམ་འདི་ཉིད་སུ་ཞིག་དང་གླེང་སློང་བྱས་ཚེ། སེམས་ཁམས་གཉིས་ཡིན་ལ། དོན་དག་ཀྱང་གཉིས་ཡིན་པས། གཞན་དགོད་དུས་ཁྱོད་ངུ་དགོས་ལ། གཞན་ངུ་དུས་ཁྱོད་དགོད་དགོས་པའི་བར་ཐག་ཅིག་ངང་གིས་ལྷག་ཡོད་ཅིང་། ད་ལྟའམ་ཉིན་ཞིག་ངེད་རང་གཉིས་ལ་དེ་ལྟའི་སྐལ་བ་ཞིག་ལྡན་ཚེ། དགོད་པ་མཉམ་དགོད་དང་། ངུ་བ་མཉམ་ངུ། ཐ་ན་བྲང་ཁོག་གི་སྙིང་ཆུང་གཉིས་ཀྱང་མཉམ་དུ་འཕྱོ་བ་ཡིན་ན། གཞན་དག་ལྟ་ཅི་སྨོས།

ཡང་ན། ད་ལྟ་ཁྱོད་ཀྱིས་རང་གི་སེམས་ཁོང་གི་གསུབ་ཏུ་མེད་པའི་ཚེ་སྲོག་གི་མངོན་སྟངས་འདི་ཉིད་བདག་པོ་སུ་ཞིག་ལ་གསང་ཅི་ཐུབ་དང་སྦེད་ཅི་ནུས་བྱེད་དགོས་ཀྱང་སྲིད། ད་དུང་བཅོས་མའི་མཛའ་བརྩེ་གང་ཞིག་ལ་དབང་མེད་དུ་བདེན་ཁ་སྟེར་ཡང་སྲིད། ལན་རེར་དྭངས་བསིལ་ཆུ་མོའི་ཤག་སྒྲ་དང་འདྲ་བའི་འུ་གཉིས་ཀྱི་གཏམ་རྒྱུད་དེ་ཡིས་ཁྱོད་རང་གཉིད་ལས་སློང་ཡང་སྲིད། གང་དེ་སྐད་ཅིག་གློ་བུར་ལ་ཁྱོད་ཀྱི་མིག་ལམ་དུ་གསལ་གསལ་འཆར་ཞིང་། དེ་ཡི་ཟེར་འོད་ཕྲ་མོས་ཀྱང་བདག་པོ་སུ་ཞིག་ལ་ཐད་ཀར་ཕོག་ཐུག་གཏོང་ཡང་སྲིད། དེ་དུས་ཁྱོད་ཀྱིས་ཁོ་ལ་ཕྱི་ཤུན་རང་གི་ཡིན་ཞིང་ནང་སྙིང་གཞན་གྱི་ཡིན་པའི་དཀར་རྫུན་མང་པོ་བཤད་ཀྱང་སྲིད། སྐབས་དེར་བདེན་པའི་བུ་ཆུང་ཞིག་གིས་ཁྱོད་དང་ང་ཡི་བར་སྣང་ནས་རྒྱུ་འབྲས་ཀྱིས་ཁ་རྡུང་གཏོང་ཡང་སྲིད།

​གང་ལྟར་བརྩེ་དུང་གི་དབང་གིས། ཡང་ན་བརྩེ་དུང་གི་ཆག་གྲུམ་གྱི་དབང་གིས། དུས་ད་ལྟ་ཡིན་ཡང་ངེད་གཉིས་ཀྱིས་རང་རང་ས་ན་རང་གི་བླ་སྲོག་ལ་ངོ་ལོག་བྱེད་ཀྱིན་ཡོད་ལ། གཞན་གྱི་བླ་སྲོག་ལ་རྡོག་རྫིས་གཏོང་བཞིན་ཡང་ཡོད། ཡིན་ནའང་། ཁྱོད་ཀྱིས་སྐྱེ་བོ་ཕལ་བ་མང་མང་ལ་ཡོད་པའི་གཏན་ཚིགས་ཏེ། “ལོ་ན་གཞོན་དུས་བསམ་མ་ཤེས་པ་རེད་”ཅེས་བཤད་ཚེ། ཡོད་ཚད་ཀྱི་ཡོད་ཚད་ཞི་འཇགས་སུ་གཏང་ཆོག་ལ། ཁྱོད་ཁྱོད་ཡིན་ཞིང་ཁྱོད་ཁྱོད་མིན་པའི་དུས་སྐབས་སུ་ཡང་བསླེབས་ཟིན་པས། དེ་ནི་སྐྱི་གཡའ་བའི་འཇིག་རྟེན་གཞན་ཞིག་རེད་ལ། མི་ཡི་སྤྱི་ཚོགས་འདིར་ཐོན་ལ་ཉེ་བའི་འཇིག་རྟེན་ཞིག་ཡིན་ཡང་སྲིད།

གང་ལྟར་ངས་ནི་ཐམས་ཅད་པོ་ཁས་ལེན་གྱིན་ཡོད། ཐེ་ཚོམ་མེད་པར་ཁྱོད་ལ་དགའ་བ་ཁས་ལེན་གྱིན་ཡོད། དགའ་བའི་དབང་གིས་ཁྱོད་དང་བྲལ་བ་ཁས་ལེན་གྱིན་ཡོད། བྲལ་བའི་དབང་གིས་སླར་ཡང་དྲན་པའང་ཁས་ལེན་གྱིན་ཡོད། ཐ་ན་“སྔོ་རྩྭ་རྐང་གཅིག་གིས་ཅི་ཞིག་བདེན་དཔང་བྱས་པ་”དེའང་ཁས་ལེན་གྱིན་ཡོད།

༢༠༠༧ ༢ ༢༣