སེམས་རིས་དམར་པོ།

དཀར་པོ།

ལོ་ཟླའི་ཡོལ་བ་ཕར་ལ་དེད་པའི་འཕྲོར།།
སེམས་ངོགས་ཟླ་བ་ཇེ་གསལ་ཇེ་གསལ་དུ་གྱུར།།
བཙན་གྱིས་ཁ་བ་ལྷབ་ལྷུབ་གཡོ་བའི་ཚེ།།
མི་ནི་ཅི་འདྲའི་ཉམ་རེ་ཆུང་བ་རེད།།

བདག་གིས་བྲིས་པའི་ཞལ་བཞིན་དེ་ཉིད་ནི།།
སྐྱེད་མོ་ཚལ་གྱི་མེ་ཏོག་མིན་ན་ཡང་།།
འོད་ཀྱི་འདབ་མ་འཁྱིལ་བར་གསལ་བ་ཡིས།།
བདག་གི་རྨི་ལམ་འདི་ཡང་ཁྲ་ཁྲ་ཞིག།

སྙན་ངག་དབྱངས་ཀྱི་ལྷ་བུ་གཉོར་བའི་དུས།།
རླུང་ལ་བསྐྱོད་པའི་སྡོང་ལོ་སྐམ་པོ་དང་།།
མུན་ནག་ཀློང་གི་རྒྱུད་དྲུག་གང་ཞིག་ནི།།
དྲན་སེམས་གཏིང་གི་ཁྱོད་ལས་སུ་ཞིག་རེད།།

ཉིན་མཚན་བར་མེད་འཁོར་བའི་ཕྲེང་བ་རུ།།
མི་སེམས་འཁྱམ་པའི་བེམ་པོ་ཁེར་རྐྱང་ཞིག།
གདུང་བའི་དགྲ་ཚོགས་ཀུན་གྱིས་གཙེས་པ་འདི།།
རྣམ་ཤེས་ཁྱེར་བའི་བདག་མོ་ཁྱོད་རང་ལན།།

སྙན་ངག་ཟེར་བཞིན་གཞོན་དུས་ལང་ཚོ་རྫོགས།།
བརྩེ་དུངས་ཟེར་བཞིན་ཁོ་བོ་ཁེར་རྐྱང་ལུས།།
ཅི་ཡང་མེད་པར་འཁོར་བར་འཁོར་བ་དེ།།
ལས་དབང་ཟེར་བའི་གོ་སྐབས་མེད་པས་འཆི།།

ནམ་ཞིག་འགྱིང་སྟོབས་ཆེན་བའི་གངས་རི་དེ།།
གོ་ལའི་ཏོག་ནས་ཤུགས་ཀྱིས་འགུལ་བ་ན།།
བདག་གི་རུམ་པའི་ན་ཟུག་མང་པོ་ཞིག།
ས་ཆེན་དཀྱིལ་ནས་ཐང་མར་བརྡལ་ཡང་ཆོག།

བཀའ་དྲིན་གཏིང་མཐའ་དཔག་དཀའི་ཡུམ་ཆེན་ལ།།
གསེར་གྱི་མེ་ཏོག་ལན་གཅིག་ཕུལ་བ་འདི།།
བདག་ཉིད་མི་རུ་སྐྱེས་ཀྱང་མི་ནི་མིན།།
འོན་ཀྱང་འགྱོད་པའི་ཕྱག་ནི་ཤི་བའི་མིག།

འཇིག་རྟེན་འདི་ལ་ཁྱོད་རང་ཐོན་པ་ལན།།
ཡང་ན་ཁོ་བོ་ཐོན་པ་ལན་ནོ་ཞེས།།
བདག་གིས་འུར་གྱིས་སྒྲོག་པའི་ཚེ་ན་ཡང་།།
སྙན་ངག་འདི་ལ་མིག་ནི་ནམ་ཡང་མེད།།

གཞོན་པའི་ལོ་རྒྱུས་གཞལ་བའི་དུས་སུ་ནི།།
དྲན་པའི་གཤོག་པ་བྱིས་པའི་འཚོ་བར་འཕུར།།
ཤེས་པ་རྒྱ་རུ་ཚུད་པའི་ང་ཉིད་འདི།།
དྲན་པའི་ཀློང་ནས་རྒས་ན་ཤིན་ཏུ་འཕངས།།

འཚོ་བའི་དར་རྒུད་བཤད་པར་དཀའ་ན་ཡང་།།
ཁྱོད་ཀྱི་མི་ཚེའི་བརྩེ་བ་དམར་པོ་ལ།།
ལན་གཅིག་འཇུ་བའི་བསྐལ་བཟང་ལྡན་པ་ན།།
ཤི་བའི་ང་ཡང་འགྱོད་པའི་གདུང་བ་མེད།།

རྣམ་ཤེས་འཇུ་ཐག་ལྟ་བུའི་སྙན་ངག་ལ།།
ཁྱོད་ཀྱི་གཤིས་དང་ཞལ་བཞིན་ཁོ་ན་འབྲི།།
ལང་ཚོ་རྒས་ཀྱང་བརྩེ་བ་དར་ལ་གསོན།།
ཕྱི་མའི་ང་ལ་ཁྱོད་ཀྱི་མིང་ཡིག་སྐུར།།

མི་བརྗེད་མི་ཆོག་བརྗེད་ཀྱང་དྲན་པས་གསོ།།
མི་ཤེས་ཁད་ཀྱི་འཚོ་བའི་ཟུར་ངོས་སུ།།
མི་རིག་ཉམས་ཀྱི་ཁྱོད་ཀྱི་ལང་ཚོར་ལྟ།།
མི་ཤི་ཚེ་ལ་ཁྱོད་རང་གསལ་ལེར་ཡོད།།

ནམ་མཁའ་ཐེད་ཀྱང་སྐྱོ་སྣང་ཅི་ཡང་མེད།།
འབྱུང་བཞི་འཁྲུག་ཀྱང་སེམས་ཁུར་གང་ཡང་མེད།།
འཇིག་རྟེན་འདི་ཉིད་འཇིག་ཀྱང་ཆོག་ན་ཡང་།།
ཁྱོད་ལ་བར་ཆད་གང་ཡང་གཏན་མེད་ཤོག།

༢༠༡༥/༢/༡༤/ཉིན།

འོད་ཀྱི་རྨི་ལམ།

དགུང་གི་སྐར་ཚོམ་དབུས་ལ།།
འོད་ཀྱི་ཟླ་བ་བཀྲ་ཡོད།།
སེམས་ཀྱི་མཚོ་མོའི་དཀྱིལ་ལ།།
གསེར་གྱི་ངང་བ་བབས་ཡོད།།
མུན་པ་སྟུག་པོའི་མཚན་མོ།།
ཕྱི་ནང་འོད་ཀྱིས་ཁྱབ་ཡོད།།
འགྲོ་ལམ་དོག་པའི་ལམ་དུ།།
ལམ་གྲོགས་ཟེར་ཡ་མེད་ཀྱང་།།
འོད་ཀྱི་རྨི་ལམ་ཡོད་རེད།།

ཨ་སྔོན་ནམ་མཁའི་དབྱིངས་ལ།།
དྲོད་ཀྱི་ཉི་མ་ཤར་ན།།
དཔྱིད་ཀྱི་ཞིང་ས་རལ་བོར།།
འབྲུ་དྲུག་གང་བའི་རྟེན་འབྲེལ།།
སྙུ་གུས་གདུང་དབྱངས་བྲིས་ན།།
ཤོག་དཀར་ལེབ་མོ་འདི་ཡིས།།
མི་སེམས་རྟོགས་ཐབས་བྱུང་ན།།
ཚོར་བའི་མིག་ཆུ་ཞོག་འགྲོ།།
འོད་ཀྱི་རྨི་ལམ་ཡོད་རེད།།

འཁོར་བའི་རྒྱ་མཚོ་ཀློང་ལ།།
ཁ་བ་ཡང་ཡང་བབས་ཀྱང་།།
འཁོར་བར་ཞེན་ཆགས་མེད་ལ།།
ཁ་བར་འཕང་སེམས་མེད་ན།།
གངས་ཀྱི་ལྷུན་པོ་ཞུ་ཚེ།།
འདུ་བྲལ་ཆོས་ལ་བདེ་མོ།།
མ་ཞུ་རྟག་ཏུ་བརྟན་ན།།
འགྲོ་དགོས་འདུན་པ་མེད་འགྲོ།།
འོད་ཀྱི་རྨི་ལམ་ཡོད་རེད།།

༢༠༡༥/༣/༡༡/

རྟོག་འགྱུ་དེ་ལ་སྦྱར།

སེམས་ཀྱི་འདུ་ཤེས་རྒོད་ལ་མྱུར་བ་སྟེ།།
བཅོ་ལྔའི་ཟླ་བས་ཁུར་ཏེ་ཆུ་ལ་ལྷུང་།།
གྲུ་བས་གྲུ་ཁེམ་ཆུ་ལ་གཏད་པའི་ཚེ།།
སེམས་ཀྱི་རྟོག་འགྱུ་ནམ་མཁའི་དབྱིངས་ནས་ལུས།།

རི་གྲོང་སྨུག་པ་རབ་རིབ་འཐིབ་པ་ན།།
ནགས་ཀློང་ཁུ་བྱུག་སྙན་དབྱངས་སྒྲོག་འགོ་བརྩམས།།
སྡོང་བོའི་ཡལ་ག་ལྟ་བཞིན་ཁུ་བྱུག་བཙལ།།
གཅིག་པར་ལུས་ཏེ་སྙན་ངག་འབྲི་དགོས་བྱུང་།།

རྒྱང་ནས་གྲགས་པའི་ཅོང་རྙིང་ཟད་པོའི་སྒྲས།།
སྲིད་འདིར་རྒུད་པའི་ཡིག་འབྲུ་དེད་དེ་ཐོན།།
ཉི་མ་ནུབ་པར་ལྟ་ཚེ་སྔངས་སྐྲག་སྐྱེས།།
བྱ་ལོང་སྡོད་ཁོམ་མེད་པར་ཐག་རིང་ཕྱོགས།།

༢༠༡༥/༣/༨/ཉིན།

དབྱིངས་ཀྱི་ལྷ་མོ།

འཛུམ་གྱིས་དབྱངས་གསལ་བྲི་ལ་མཁས།།
དྲན་དང་སྒོམ་ན་ན་ཟུག་འབྱིན།།
འདོད་པའི་ཆོས་ཀྱི་མིག་ཟུང་དུ།།
ང་ཡང་ལྟ་ལ་འདུན་པས་གཙེས།།

མི་ཡུལ་ཁམས་ཀྱི་སྲེད་པ་དེ།།
ལོ་འདབ་རྒྱས་ལ་རྩེ་མོ་སྨིན།།
འདོད་སེམས་དཀྲོག་པའི་གླུ་ཆུང་ལ།།
འདོད་དོན་འགྲུབ་པའི་སྟ་གོན་ཡོད།།

གཉིད་ཀྱིས་གཏིམ་ཡང་རྨི་ལམ་ན།།
གསེར་གྱི་ཞལ་ངོ་འཆར་ཏེ་ཡོད།།
བཟི་ཡིས་བསྡམ་ཡང་དྲན་ཀློང་ན།།
མི་བརྗེད་རི་མོ་བྲིས་ཏེ་ཡོད།།

སྲིད་པའི་མཁའ་དབྱིངས་ཆེན་མོ་འདི།།
ཁྱོད་ཀྱི་ཆོས་ཀྱི་གང་བའི་ཚེ།།
མཐའ་དག་འགྲོ་འདིའི་ཚོགས་ཀུན་ལ།།
མྱང་འདས་ཐོབ་པའི་རྟགས་མཚན་ཡིན།།

༢༠༡༥/༣/༣/