མ་ཏིའི་བརྩམས་ཤིང་སངས་རྒྱས་དོན་གྲུབ་ཀྱིས་བསྒྱུར།

ང་ཚོས་སྐད་ཆ་མི་བཤད་པ་ནི་སྐད་ཆ་བཤད་རྒྱུ་མེད་པའི་མདོ་རྩ་མིན་པར། སྐབས་ལན་རེར་མི་གཞན་པའི་མནར་སྡིག་བྱེད་པ་ཆེ་དྲགས་པས། རང་ཉིད་ཀྱིས་སྐད་ཆ་བཤད་འདོད་མེད་སོང་བ་ཡིན་ལ། སྐབས་ལེན་རེར་རང་ཉིད་ཀྱིས་ཀྱང་བསམ་འདང་བྱེད་པ་མང་དྲགས་པས། མཐའ་མར་བཤད་འདོད་མེད་སོང་བའང་ཡིན་སྲིད།བཤད་འདོད་ཀྱི་སྐད་ཆ་དེ་བཤད་ཀྱང་ཉན་མཁན་ཡོད་མེད་མི་ཤེས་ཤིང་། ཉན་མཁན་ཡོད་ཀྱང་སྐད་ཆའི་མདོ་རྩ་ལ་གོ་བ་ལོན་མཁན་ཀྱང་ཡོད་མེད་མ་ངེས་པས། མ་ཉན་ཚེ་མཐའ་འཇུག་གི་ཐོབ་བྱ་ཆེས་མང་བ་ནི་རེ་ཆད་ཡིན་ལ། གོ་བ་མ་ལོན་ཚེ་ཐུགས་མུག་བྱུང་སོང་བ་ཡིན། དེ་ལྟ་བས་ན་སྔར་བཞིན་མ་བཤད་པའི་བཟང་ཞིང་། ངག་གི་སྨྲ་སྒོར་བཅངས་ནས་སྒྲོས་ཚིག་གི་དབུ་མཁྱུད་བརྩམས་ནའང་། མཐའ་འཇུག་རང་ཉིད་ལ་ན་ཟུག་བསྐྲུན་ངེས་རེད།

མི་ལ་ལར་ཁྱེད་ཀྱིས་སྐད་ཆ་དེ་བཤད་པའི་རིན་ཐང་མེད་ཅིང་། ལ་ལར་བཤད་པའི་དགོས་དོན་ཀྱང་ཡོད་ངེས་མིན། ད་དུང་མི་མང་པོ་ཞིག་ལ་བཤད་ཀྱང་རང་བཤད་ཡིན་ངེས། བྱས་ཙང་། བཤད་ཡུལ་གྱི་མི་སྣ་འོས་མཚམས་ཤིག་དང་མ་འཕྲད་ཚེ། སྐད་ཆ་ལ་ལར་དུས་གཏན་དུ་བཤད་དགོས་དོན་མེད་ལ། ཐ་ན་ལོ་ངོ་བརྒྱ་ཕྲག་དང་སྟོང་ཕྲག་འགོར་ཡང་དེ་ཉིད་གཞི་རིང་བའི་སྟོངས་ཁམས་སུ་སྦ་སྐུང་བྱེད་དགོས་པའོ།

ཐ་སྙད་ཅིག་ལ་སྡུག་ཁོག་ལ་བཅངས་ནས་ཁར་མི་སྨྲ་ཟེར་བཞིན། ཁར་མི་སྨྲ་བའི་རྒྱུ་མཚན་ནི། གལ་སྲིད་ཁར་སྨྲས་ཀྱང་དེ་ནི་ཆིག་ལབ་བྱེད་པ་ལས་དོན་གཞན་མེད་པས་ཕྱིར་རོ། ཡིན་ཡང་དེ་ལ་ཡང་སྙིང་ཅི་ཞིག་ཡོད། ཕལ་ཆེར་གནམ་འོག་འདིར་མི་གྲངས་དུང་ཕྱུར་བཅུ་ལྷག་ཅིག་ཕར་ཡོང་ཚུར་ཡོང་གིས་འདུར་ཁ་རྒོད་ཀྱང་རུང་། མདོར་དེད་ན་རྣམ་དག་གི་སྐད་ཆ་བཤད་ཆོག་པའི་མི་ཞིག་རྙེད་སྲིད་དམ།

རྒྱུ་ནོམ་འཚོལ་སྙེག་བྱེད་པའི་མི་ཁྱིམ་གྱི་མདུན་དུ་རང་ཉིད་ལ་ཉེར་ལེན་མི་འཚོལ་བར་བགྱིས། དེ་ནི་ཁྱེད་ཀྱིས་ཉམས་ཆུང་གཉོམ་ཞན་གྱི་མིའི་མདུན་དུ་ཉེར་ལེན་མཐོང་ཐུབ་དཀའ་བ་དང་གཅིག་འདྲ་ཉིད། གལ་ཏེ་སྔོན་མར་ཉེར་ལེན་བྱེད་པར་མི་བརྟན་ཚེ། རྗེས་མར་དེ་ལས་ཀྱང་བརྟན་མདངས་ཀྱི་འོད་སྣང་མེད།

སེམས་པ་འདོད་སྲེད་ཀྱིས་བསླངས་བའི་མི་ཞིག་གིས། ཁྱེད་ཉིད་ལ་འགན་འཁུར་བྱེད་པའི་རེ་བཅོལ་མ་བཅངས་ཤིག རྒྱུ་མཚན་མི་དེས་རང་ཉིད་ཀྱི་འདོད་སྲེད་ཙམ་པོར་འགན་འཁུར་བྱེད་ངེས་རེད། རྒྱུ་ནོམ་དང་དབང་ཤུགས་འཚོལ་བའི་བར་གླགས་དེར། འབྱོར་ཕྱུག་ལས་ཁོ་ཚོར་དོར་གཙང་བྱེད་ཉན་མིན་ཏེ། གཞན་གང་ཞིག་ཡིན་ཀྱང་ཕལ་བར་བཞག་ཆོག མི་དེ་ཚོའི་མིག་མདུན་དུ། ཁྱེད་རང་བཟང་ངམ་མི་བཟང་ནི་ཁྱེད་ཀྱི་ཚེ་སྲོག་ཉིད། ཡིན་ཡང་དེ་ཚོས་ཁྱེད་ཀྱི་ཚེ་སྲོག་ལས་ཀྱང་ནམ་ཡང་གལ་ཆེ་བར་བརྩི་བ་ནི་རང་ཚོའི་རླུང་རྟ་ཙམ་པོའོ།

དེའི་ཕྱིར། རང་ཉིད་ཀྱི་མི་ཚེའི་རྒྱན་ཤོག་དག་མི་སྣ་འདིི་ཚོའི་སྟེང་དུ་མི་འཛུགས་པར་མཁྱེན། ཉིད་ཀྱི་རྒྱན་འཛུགས་ཀྱི་ཤོག་བྱང་དག་ཁོ་བོའི་རྨང་གྲངས་མིན་སྟེ། ཁོ་རང་ཕམ་ན་ཉིད་ཀྱང་ཕམ་ངེས་ཤིང་། ཁོ་རང་རྒྱལ་ན་ཁྱེད་རང་སྔར་བཞིན་ཕམ་འགྲོ་ངེས་ཡིན། དེ་བཞིན་ཁོ་རང་ལེ་དབར་སྟོང་ཕྲག་གསུམ་གྱི་རི་རབ་དང་ཁྲི་ཕྲག་མང་པོའི་མི་རྣམས་ལས་རྣམ་པར་རྒྱལ་ཀྱང་རུང་། གཏན་དུ་ཁྱེད་ལ་འོས་མཚམས་ཀྱི་སྟེགས་གནས་ཤིག་ཀྱང་བཀོད་སྒྲིག་བྱེད་ངེས་མིན། མདོར་དྲིལ་སྟེ་བཤད་ན། ཁྱེད་ཀྱིས་དེ་དག་དང་བསྟུན་ཐབས་ཀྱིས་ཤི་འཐབ་རོ་འཐབ་བྱས་ཀྱང་རུང་། དེ་ཚོས་ཁྱེད་དང་ཤི་གསོན་མཉམ་གནས་ཀྱི་བྱ་འཆར་ཞིག་ཀྱང་བསྒྲུབ་མི་སྲིད་པ་དེའོ།

ཁེ་གྲགས་འདོར་ཐུབ་པའི་མི་བུས་ད་གཟོད་འཇིག་རྟེན་འདི་ཉིད་ཁས་འཁུར་བྱེད་ཐུབ་ཅིང་། ཁེ་གྲགས་ནི་དེ་འདྲའི་གལ་ཆེན་དང་སྙིང་དོན་མེད་པར་བསམ་པའི་བར་གླགས་དེར། གཟོད་རང་མདུན་གྱི་མི་དེ་ཉིད་གལ་ཆེན་བརྗིད་དྲགས་ཤིག་ཏུ་འགྱུར་ངེས་རེད། ཉིད་ཀྱི་འཚོ་བ་དང་། ཉིད་ཀྱི་བརྩེ་དུང་། ཉིད་ཀྱི་མ་འོངས་བ། དེ་དག་གིས་ད་གཟོད་ཁྱེད་ཀྱི་བརྩེ་བར་ཁེག་འཁུར་བྱེད་ངེས།

དོན་དངོས་སྟེང་། ཉེར་ལེན་དགོས་པའི་མིར་ཁྱེད་ཀྱིས་ཁེག་འཁུར་འདྲ་ཅི་ཡང་བྱེད་དགོས་མི་སྲིད་ཅིང་། ཁོ་ཚོར་དགོས་པ་ནི་སྐབས་ལན་རེར་ཁྱེད་ཀྱི་ལྷད་མེད་ཀྱི་ཕྱིར་མདངས་མངོན་པ་ཙམ་མམ། ཡང་ན་དགོས་གལ་ཆེ་དུས། ཁོ་ཚོའི་ཆེད་དུ་དཔའ་སྤོབས་ཀྱིས་ཡར་འགྲེང་ཐུབ་པའི་སེམས་ཤིག་དགོས་པ་ཉིད་དོ།

མི་ལ་ལའི་བཟང་ངན་གྱི་དབྱེ་བ་ནི་ང་ཚོའི་དངུལ་སྒོར་ཟུར་གཅིག་ལའང་འབྲེལ་བ་མེད་ཅིང་། ང་ཚོས་གཅེས་བདག་བྱེད་པ་ནི་སེམས་གཏིང་དུ་རེ་བཞག་བཅངས་པའི་མི་སྣ་དེ་ཡིན་སྲིད། མི་སྣ་འདིའི་སྟེང་དུ་རང་ཉིད་ལ་དགོས་འདོད་ཆེ་བའི་གཙང་སྤྱོད་དང་མཆོག་གྱུར། སྙིང་རྗེ་ཡོད་ལ། ཁོ་ནི་མི་གཞིའི་མཐའ་མཇུག་གི་སྲུང་མཚམས་ཉག་གཅིག་གམ། རྟོལ་ཤེས་ཀྱི་ཆེས་མཐའི་ཀ་གདུང་ཀེར་གཅིག ཡང་ན་ནི་ཕུགས་བསམ་ཁྲོད་ཀྱི་དེད་བརྟེན་ནམ་སྙིང་སྟོབས་ཀྱི་སྤྲུལ་བ་ལྟ་བུ་ཡིན་སྟེ། མདོར་དྲིལ་ན་ཕ་རོལ་བོའི་རང་ཉིད་ལ་དགོས་འདོད་ཆེ་བ་དག་གསོ་སྐྱོང་བྱས་ཟིན་ཀྱང་རང་ཉིད་ཀྱིས་རྒྱུན་བར་འབྱོར་བསྟུན་གྱི་བྱད་བཞིན་བྱེད་ཐབས་བྲལ་བ་དེའོ།

རྒྱུ་མཚན་མི་འདིས་འཇིག་རྟེན་འདིའི་མི་ལེགས་པའི་སྣང་ཚུལ་གང་ཞིག་བཟོད་བསྲན་བྱས་སོང་བ་དང་། དེ་བཞིན་གནམ་འོག་རྙོག་འཛིང་དང་གཉོམ་ཆུང་བབ་ཆགས་ཇི་སྙེད་ཅིག་ལའང་སྐྲག་སྣང་གི་འདུ་ཚོར་མེད་མོད། དེ་ལས་ཆེས་དང་ལེན་བྱེད་ཐབས་མེད་པ་ནི་སེམས་གཏིང་གི་ཆེས་བཟང་བའི་མི་དེ་ངན་གཤིས་སུ་གྱུར་སོང་བ་དེ་ཡིན་ཞིང་།དངོས་བཞག་དོན་སྙིང་ཁྲོད་ཀྱི་གནམ་འོག་ལྡིབ་སོང་བ་དེའང་། འཇིག་རྟེན་འདིའི་ཁྲོད་དུ་འཁྱམས་མི་ག་ཚོད་ཅིག་ཡོད་པར་ལྟ་བ་མ་ཡིན་པར། ང་ཚོས་ཆེས་གཅེས་བདག་བྱེད་པའི་མི་དེ་ཉིད་འཁྱམས་མིར་གྱུར་སོང་བ་དེའོ།

འདི་ཉིད་རོ་ཉམས་ཇི་ལྟ་ཞིག་ཡིན་ཞེ་ན། དེ་ནི་གནམ་འོག་ཡོངས་འཁྱགས་རོམ་གྱིས་བསྡམས་པ་ཞིག་ཡིན་ཞིང་། ཁྱེད་ཉིད་ཀྱང་དེའི་ཁྲོད་དུ་ཡོད་ལ། རྐང་ཆིབས་གཅིག་གིས་རྫི་བར་སྟོངས་འགྲོ སྐད་ཆ་འདི་དག་བཤད་དེ་ཡིད་འོང་གི་མི་དེའི་གོ་བར་རེ་ཞིང་། སྐབས་ལན་རེར། མི་གཅིག་གི་བརྟན་སྲུང་དང་བརྟག་བརྟན་ནི་མི་གང་མང་ཞིག་གཟབ་ནན་གྱིས་འཚོ་བ་རོལ་བའི་དད་བརྟེན་དང་རྒྱུ་མཚན་དུ་གྱུར་བ་ཉིད་དོ།

ང་ཚོ་ཚང་མ་འདུ་ལོང་ལ་ལྟ་བར་དགའ་བའི་གཤིས་གོམས་ཤིག་ཡོད་ཅིང་། འདུ་ལོང་ལ་ལྟ་བར་དགའ་བ་དེ་དོན་དམ་དུ་མི་ཚེའི་བག་མེད་ཀྱི་མཚོན་རྟགས་འབའ་ཞིག་ཉིད་དེ། མི་ཞིག་གིས་རང་ཉིད་ལ་གར་འཁྲབ་མེད་པར་རློམ་པའི་བར་གླགས་དེར། གཞན་མིའི་མགྲོན་པོ་སྟེ་ལྟད་མོ་བར་གྱུར་ཡོད་ཅིང་། མི་ཚེ་གང་བོར་འཁྲབ་སྟོན་གཞན་མིའི་ལྟད་མོ་བར་བྱས་ཏེ། འཇིག་རྟེན་འདིའི་འཁྲུག་འཛིང་དང་འདུ་ལོང་མཐའ་དག་ལྟོས་ཚར་མོད། དོན་དུ་མི་ཚེའང་དེ་བསྟུན་གྱིས་སྐམ་ཐེར་༼དོན་སྟོངས་༽གྱུར་ཏེ་རྩེ་མོར་ཐོན་ཞིང་། འཚོ་བས་འདི་འདྲའི་དོན་གྱིས་དབུལ་བའི་མཐའ་མཇུག་གི་ཐག་གཅོད་ནི་ཁྱེད་རང་དམན་ཆུང་གཉོམ་ཞན་ཞིག་ཏུ་བསྒྱུར་ཡོད། དམན་ཆུང་སྟེ་ཕྱི་ནང་བཅུད་རྒྱན་གྱི་འཇིག་རྟེན་འདིར། ཁྱེད་ཉིད་ལ་སེན་རྗེས་ལྟ་བུའི་མཛད་རྣམ་ཞིག་ཀྱང་ཡོད་མ་ཡིན།

འཇིག་རྟེན་འདིར་མཚོན་ན། ཁྱེད་ཉིད་ཡོང་མྱོང་། འོན་ཀྱང་དེའང་ཡོང་མྱོང་བ་ཙམ་མོ། དེ་ལས་ཀྱང་དམན་ཆུང་ནི་སྤྱི་བཏང་མིན་སྟེ། སྤྱི་བཏང་ནི་རིན་ཐང་ཡོད་པའི་མི་ཚེ་ཞི་གནས་སུ་འཚོ་བར་མྱོང་བ་དེ་ཡིན་ཞིང་། དམན་ཆུང་ནི་རིན་ཐང་མེད་པའི་འཚོ་བ་དེ་སླར་དོན་སྙིང་མེད་པའི་སར་རོལ་བ་དེའོ། འདུ་ལོང་ལ་ལྟ་རྒྱུར་དགའ་བའི་གཞི་གཤིས་ནི་ཡམ་མེ་བའི་འདུ་འཛིང་ཞིག་ཡིན་སྟེ། ཁྱེད་ཀྱིས་མིར་བལྟ་བ་དང་མིས་ཁྱེད་ལ་བལྟ་བ་ལས། གཞན་ཚོར་སྤྲོ་རྩེད་ཇི་འདྲ་བྱུང་ན་ཁྱེད་ཀྱང་དེ་བསྟུན་གྱིས་སྤྲོ་དགའ་འབྱུང་སྲིད།

གཞན་མིའི་ལྟད་མོ་བ་བྱེད་པ་ལས་རང་ཉིད་ཀྱི་ལྟད་མོ་བ་བྱས་ན་མི་བཟང་ངམ། དེ་བཞིན་གཞན་མིར་སྡོད་རོགས་བྱེད་པ་ལས་རང་ཉིད་ལ་གཅེས་བདག་ལེགས་པོ་ཞིག་བྱས་ན་མི་བཟང་ངམ། སྤྱིར་བཏང་མིའི་ཚེ་སྲོག་གི་ཁྲོད་དུ། གཞས་སྙན་གང་རུང་ཞིག་ཡོད་ངེས་ཏེ། ཕྱོགས་གཅིག་ནས་མདུན་བསྐྱོད་བྱེད་ཞིར་ཉན་པ་དང་། ཕྱོགས་གཅིག་ནས་ཧ་ཅང་ལྷོད་བག་གི་གདངས་སུ་སྒྲོས་ནས་ཉན་པ་དེའོ།

༢༠༡༥ ༣ ༡༠ ཉིན།