དུང་སེམས་ཀྱི་ལྷུག་བརྗོད་རིང་མོ་༼ལྷ་མོ༽་ལས་སྔོན་འགྲོའི་ལེའུ།།

ཨ།

ལྷ་མོ་ཞེས་པའི་མིང་འདི་ཐོས་མ་ཐག བདག་ལ་ལོ་ཟླ་དམར་པོ་ཞིག་དྲན་དུ་འཇུག་སྲིད་པས་ལྷ་མོ་ལ་ལྷ་མོ་ལས་གཞན་པའི་འགྲེལ་བརྗོད་དང་དམིགས་གསལ་གྱི་སྐད་ཆ་ཅི་ཡང་མི་འདུག འདི་ནི་བདག་ཁོ་ནའི་སྒེར་གཤིས་ཀྱི་དྲན་ཚུལ་ཞིག་ལས་ཁྱེད་ཀྱི་བསམ་བློ་དང་སྤྱོད་ཚུལ་མི་འདུ་ལ། བལྟ་བ་དང་བདེན་ལུགས་ནི་དེ་བས་ཀྱང་ག་ལ་མཚོན། ཡིན་ནའང་། བདག་གིས་ནི་བདག་གི་དྲན་ཚུལ་དེ་ལ་བདེན་ལུགས་གཅིག་ཀྱང་མེད་ཅེས་ཁེངས་སྐྱུང་གི་སྤྱོད་ལམ་འདྲ་ཆགས་པོ་ཞིག་གི་རྣམ་ཐར་སྐྱོང་འདོད་མེད། དོན་གལ་ཆེན་ཞིག་ཡོད་པ་ནི་ཁྱོད་ཀྱིས་ལྷ་མོ་ལ་བལྟ་ཚུལ་ག་རེ་འཛིན་གྱི་ཡོད་དམ་སྙམ་པ་ལས་བདག་གི་གངས་དཀར་སེམས་ཀྱི་འཆར་ཚུལ་དེ་ལ་དེ་ཙམ་གྱིས་གཙིགས་ཆེན་བྱེད་ཀི་མེད། དོན་དངོས་སུ་ཁྱོད་ཀྱི་མིག་ནང་གི་ལྷ་མོ་དེ་གང་འདྲ་ཞིག་ཡིན་ནམ། སེམས་ཀྱི་དྲི་བ་འདིའི་ལན་ནི་ཁ་སང་དེ་རིང་གི་དུས་ཚོད་འདིར་འདེབས་པའམ། ཡང་ན་དུང་བརྗོད་རིང་མོ་འདི་ལ་རྫོགས་ཚིག་གི་བཞི་ཤད་འགོད་དུས་བརྗོད་ཀྱང་ཆོག་ཆོག་ཡིན་མོད། ཤེས་དགོས་པ་ཞིག་ལ་གཏམ་རྒྱུད་འདིའི་མཇུག་ནི་ལྷ་མོའི་ཚེ་སྲོག་གི་མར་མེ་གཟིམས་པའི་དུས་སྐབས་སྐྱོ་བོ་དེ་ཡིན་མི་སྲིད། དེ་ནི་བདག་གི་དབུགས་ཀྱི་རྒྱུ་བ་ཆད་པའི་སྐད་ཅིག་མ་དེའོ།།

ཨི།

མི་གན་ཚོས་ལྷ་མོ་ནི་འདྲེ་མོ་ཟངས་ཀྱི་མཆུ་ཏོ་ཅན་ཞིག་རེད་ཅེས་ལབ་གིན་འདུག ཡང་མི་གན་ཚོས་ལྷ་མོ་ནི་བདུད་མོ་མགོ་ན་རྭ་ཅོ་ཅན་ཞིག་རེད་ཅེས་སྒྲོག་གིན་འདུག དེ་ལའང་རྒྱུ་མཚན་མེད་པ་ཞིག་གཏན་ནས་མིན། བདག་གི་ཕ་མས་རང་འཐད་མ་ཡིན་པའི་ཕྱུག་བདག་གམ་གོ་ས་ཅན་གྱི་བུ་མོ་མང་པོ་ཞིག་བདག་ལ་བག་མར་བསླངས་ཡང་བདག་གིས་ནི་ལྷ་མོ་གཅུག་པུའི་ཆེད་དུ་རེ་རེ་བཞིན་མི་དགོས་ཞེས་ཨུ་ཚུགས་མཐར་བསྐྱལ་བྱས་ཏེ་ཁོང་ཚོའི་དགོས་འདུན་གྲུབ་ཏུ་མ་བཅུག་པ་དང་། རེ་བར་ཆུ་འཁྱག་བླུགས་སོང་པས་ཡིན། ལྷ་མོ་ལ་སྐུར་འདེབས་ཀྱི་དུག་ཚེར་དང་མྱི་ཁའི་སད་སེར། ཁ་མཆུའི་རླུང་ནག་འདྲེན་མཁན་ལ་གཟན་ཤུབས་གྱོན་པའི་གྲྭ་བ་དང་། ལྕང་ལོ་འཛིན་པའི་སྔགས་འཆང་། སྐྱ་མིན་སེར་མིན་གྱི་བསྟན་དགྲ ང་མྱི་ཡིན་ཟེར་མཁན་གྱི་སྡེ། དེའི་ཁྲོད་དུ་ཁ་ཡག་ཁོག་བཙོག་གི་བདག་གི་ཕ་ཡར་གན་ཡང་ཡོད། ཁོང་ཚོའི་བསམ་དོན་གྲུབ་ཡོད་མེད་བདག་ལ་གསལ་ཁ་མེད་ཀྱང་དུས་དེ་ནས་བཟུང་བདག་གི་ལྷ་མོ་ལགས། མ་ཉེས་ཁག་ཡོག་གིས་གནོན་ཤུགས་མ་ཐེག་པར་ཕྱི་ཡུལ་ལ་འཁྱམས་ནས་མི་ལོ་མང་པོ་ཞིག་འགོར་སོང་། ཡིན་ནའང་ངེད་གཉིས་བར་གྱི་བརྩེ་དུང་གི་གཏམ་རྒྱུད་དེ་ད་དུང་ཡང་………..

ཨུ།

ལྷ་མོའི་སྐྱེས་ཡུལ་ནི་སྟག་གདོང་རྫ་རིའི་འདབས་རོལ་ཞིག་ཡིན་པ་རྣ་ཐོས་སུ་གྱུར་བ་ལས་ཕ་མ་སུ་ཞིག་ཡིན་མིན་དང་སྤུན་མཆེད་དུ་ཡོད་མེད། སོ་སོའི་ལས་ཀ་ཅི་ཞིག་ཡིན་མིན་གྱི་གནས་ཚུལ་གཅིག་ཀྱང་མི་ཤེས། ཨ་ཤུ་རེ། བག་ཆགས་རྙིང་པ་དང་སྲོལ་རྒྱུན་ངན་པའི་བསམ་བློའི་རྫོང་མི་འཐུག་རྒྱུ་ན་སྟག་གདོང་རྫ་རི་ནི་ཡར་ནང་གན་ཡིན་པས་བསང་རྫས་ཞིག་དང་མཆོད་ཆང་དམ་བུ་གང་བཟུང་ནས་ལྷ་མོའི་སྐྱིད་སྡུག་གི་ཆེད་དུ་སྐྱེས་ལྷ་ཨ་མྱེས་སྟག་གདོང་ལ་བསང་མཆོད་ཐེངས་གཅིག་དང་། ཞོར་ཏུ་གནས་ཚུལ་རེ་དྲིས་ན་ཆོག་མོད། བདག་གི་ཕ་ཡར་གྱི་ལག་འོག་ན་རྣ་རིང་བོ་ཅན་དང་མིག་གསལ་བོ་ཅན། རིག་པ་གྲུམ་པོ་ཅན་ཧ་ཅང་མང་པས་དོན་དེ་ཕ་ཡར་གྱི་རྣ་བར་བརྒྱུད་ཚེ་བདག་གི་སུག་བཞིའི་རྐང་རྡུང་ལ་ཁད་ཅིག་བྱེད་པ་ནི་བརྒྱ་ཆ་བརྒྱ་ཡིན་མོད། ཕ་ཡར་གཙོ་བྱས་པའི་ཉན་པ་རྣ་རིང་དང་བལྟ་བ་རྒྱང་མཐོང་དག་གི་བཅའ་སྲོལ་ལས་སྲོལ་ལ་སྐྲག་དགོས་དོན་གཅིག་ཀྱང་མེད་དེ། སེམས་ཁུར་ལྷག་མ་ཞིག་གིས་ཡོངས་སུ་བཅུམས་འོང་བ་ནི་ལྷ་མོ་ནི་ཕ་འཛོམས་མ་འཛོམས། ནང་ཕུ་ནུའི་ཁ་ཞག་གྱི་ལེ། ཁུག་ཞག་ལྡེམ་མེ། ཕ་ཨ་ཁུ་ཉི་ཟླ་ཁ་སྤྲོད་ཡིན་ན་ནི་བདག་ཨ་སྐྱོ་སྤྲང་ཕྲུག་ལྟ་བུ་འདི་ཁོ་ཚང་གི་ཡར་ཞག་ཐོད་པ་དང་མ་ཞག་རྡོག་པ་ཕ་ཞོག ངའི་བུ་མོ་ད་སྤྲོད། ཞིབ་ཕྲའི་རྩིས་རྒྱོབ་ཅེས་ཡར་ལུག་ རོ་དང་མར་ཁྱི་རོ་འདྲུད་འདྲུད་ཅིག་བྱེད་སྲིད། ཁ་དཔེ་ལ་སྔོན་མ་སྔོན་མ་དག་གིས་བཅས་པ། ཕྱི་མ་ཕྱི་མ་དག་གིས་འཁུར་དགོས་ཟེར་བ་ལྟར་རེད། ལྷག་པར་དུ་འགན་འདི་རང་གིས་ཁུར་ན་འགྲིག་པ་ལས་ཁོང་ཚོར་ཁྲེལ་མེད་ཀྱི་ཁ་ངོ་འདི་སྟོན་སྲོལ་ཞིག་གང་ན་ཡོད།

ཨེ།

ལྷ་མོ་ངོ་ཤེས་དུས་ནི་བདག་གིས་ཀ་ཁ་ངོ་ཤེས་དུས་ཀྱི་སྐབས་དེར་ཁེལ་ཡོད། ངེད་གཉིས་མཉམ་དུ་སློབ་གྲྭར་འགྲིམས་པའི་སྐལ་བ་མི་ལྡན་ནའང་། སློབ་གྲྭ་ཡར་ཚོགས་མར་གྲོལ་གྱི་སྐབས་སུ་ཁོ་མོ་རྒྱུགས་འོང་ནས་བདག་ལ་དཔེ་ཁུག་འཁུར་རོགས་དང་། ལས་བྱ་འབྲི་རོགས། ཟ་མ་ཟ་རོགས་སོགས་བྱས་མྱོང་ལ། བདག་དང་ལྷ་མོའི་བྱིས་དུས་ཀྱི་གཏམ་རྒྱུད་ནི་ཕ་ཡུལ་གྱི་བྱ་ཆུ་དཀར་མོའི་འགྲམ། མར་ཁུ་ཐང་གི་སྤང་ཁུག་དག སྐྱེས་ལྷ་སྒྲོ་སྒང་གསེར་མཁར་སྨུག་པོའི་རི་འདབས་སོགས་སུ་རྩྭ་དང་རྩི་ཤིང་གིས་ཤབ་ཤུབ་གླེང་གིན་ཡོད། རྡོ་དང་རྡེའུས་ལྷུག་ལྷུག་བརྗོད་གིན་ཡོད། འདི་དག་ཡོད་ཚད་ཆེས་སྤྱིར་བཏང་དང་རང་བཞིན་གྱི་གཏམ་རྒྱུད་ཅིག་ལས་དམིགས་གསལ་གྱི་བརྩེ་དུང་གི་ཅིག་ཅིག་དང་ཉིག་ཉིག་རེད་ཅེས་བརྗོད་ག་ལ་རིག མ་གཞི་ནས་བྱིས་པའི་བློ་ཁ་ལ་ལྷད་མ་འདྲེས་པས་འདི་དག་བྱིས་དུས་ཀྱི་འཚོ་བ་ཙམ་དུ་ཟད། དོན་དངོས་སུ་ངེད་གཉིས་བར་ལ་བརྩེ་དུང་གི་མྱུ་གུ་འབུས་དུས་ནི………..

ཡང་སྐོར་ཞིག་གིས་ཁྱོད་ལ་ཆུང་མ་དང་བུ་ཕྲུག་ཡོད་བཞིན་དུ་ཁྲེལ་འདས་ཀྱི་ལས་འདི་འདྲ་མ་སྒྲུབ་ན་ལེགས་ཚུལ་ལབ་པར་ངེས་མོད། དེ་ནི་མ་ཤེས་པའི་སྐད་ཆ་ཞིག་སྟེ། བདག་ཕོ་ལོ་བཅུ་དགུའི་ཐེམ་སྐས་སུ་འགྲེངས་བའི་ལོ་དེར་གནམ་འོག་གི་རྨ་ཆུའི་ཁུག་པ་གཉིས་པའི་ཤེས་རིག་གི་སྐྱེལ་ཚལ་ཏེ། རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་གྲལ་མཐར་འཚང་དུས་སྐུར་མཁན་གྱི་མིང་ལས་སྐུར་ཡུལ་བྲིས་མེད་པའི་གནམ་ཡིག་ལྟ་བུའི་ལྷ་མོའི་འཕྲིན་ཡིག་དེ་ལག་ཏུ་མ་འབྱོར་བའི་དབང་དུ་བཏངས་ན། ད་ལྟ་མིང་ལ་ཚེ་རིང་མཚོ་མོ་ཟེར་བའི་དགའ་མ་ཞིག་དང་། གངས་ལྷ་ཆོས་སྒྲོན་དང་དུང་དཀར་མཚོ་ཞེས་པའི་བུ་མོ་སྙིང་རྗེ་བོ་གཉིས་ཀྱང་ཡོད་མི་སྲིད། གཏན་ནས་ཡོད་མི་སྲིད།

ཨོ།

སྐབས་ལན་རེར་བདག་གིས་རང་གི་སྐྱེས་ལྷ་སྒྲོ་རི་ལགས་ལ་རྒྱུ་མཚན་ཅིའི་ཕྱིར་ལྷ་མོ་ངེད་གཉིས་ལ་མཇལ་འཛོམས་ཀྱི་སྐལ་བ་མ་ལྡན་པ་ཡིན་ནམ། ཁོ་མོས་ཚེ་སྔོན་བྱས་ཉེས་ཅི་ཞིག་བསོགས་སོང་བས་ད་བཟོད་ཚེ་འདིར་ཁྲིམས་ཆད་ལྟ་བུ་འདི་ཁུར་དགོས་པ་རེད། ཁོ་མོའི་དཀའ་སྡུག་ཡོད་ཚད་ངེད་གཉིས་ཀྱིས་མཉམ་དུ་གདོང་ལེན་བྱེད་པའི་གོ་སྐབས་ཞིག་ཅིས་ཀྱང་མི་སྟེར་དོན་ག་རེ་ཡིན་ནམ། ཁྱོད་ལ་ཡེ་ཤེས་ཀྱི་སྤྱན་མི་འདུག ཅེས་ལེ་བདའ་བྱས་པ་དང་། ཡང་མཚམས་མཚམས་སུ་གལ་ཏེ་ལྷ་མོས་ཡུལ་གྱར་གྱི་ལམ་ཁ་འདི་མ་གདམ་པར་ཨུ་ཚུགས་བྱས་ནས་བསྡད་ཡོད་ཚེ་མྱི་ཁ་དང་འཕྱ་དམོད་ཀྱིས་རྩབ་ཧྲལ་བཏངས་ནས་བདག་དང་བཅས་པའི་འཇིག་རྟེན་འདི་ལ་བདེ་མོ་བཞག་ཡོད་སྲིད། དེ་འདྲ་ཡིན་ན་ནི་དེ་རིང་གི་བདག་ཡང་ཁོ་མོ་དང་མཉམ་དུ་ཕྱིར་མིག་དང་འཁང་ར་མེད་པར་ལམ་ལ་ཆས་ཟིན། ༄ཀྱེེ། སྒྲོ་རི་རབ་བརྟན་ཐོག་མེད།། ཕོ་ལས་དུང་སྐྱོང་དཀར་མོ།། དགྲ་ལས་གསེར་མཁར་གཉེན་པོ།། མི་ཟོག་ར་བ་བཅུ་གསུམ་པོ།། ཁྱེད་ཀྱི་སྐྱབས་འོག་དང་མཐུ་འོག་ནས་མ་འདོར།། ཁྱེད་ཀྱི་བཀའ་དྲིན་དང་སྐུ་དྲིན་ལ།།……ཞེས་ལེ་བདའ་ལ་འགྱོད་བཤགས་དང་བཀའ་དྲིན་སྐྱབས་འཇུག་ཞུས་པ་ཡིན། སྐབས་འདི་དག་ལ་རང་ཉིད་རྨི་ལམ་རིང་མོ་ཞིག་གི་ཁུག་པ་ན་ད་དུང་ཡང་སད་མེད་པའི་སྣང་བ་ཤར་ཡོང་། ཁྲིགས་ཁྲིགས་མེད་ན་འདི་ནི་རྨི་ལམ་གྱི་བསླུ་བྲིད་ཅིག་ཡིན་གྱང་སྲིད། ཡང་ངོ་ལོག་གི་ལྷུག་བརྗོད་ཅིག་ཡིན་གྱང་ངེས། གང་ལྟར་ལྷ་མོ་དྲན་ཡོང་དུས་ཕོ་ལོ་ཉེར་ལྔར་བདེ་མོ་གཏམ་ཚར་བའི་བདག་ལ་ན་ཟུག་ཅིག་འདུག སྙིང་ནད་ཅིག་འདུག

དུང་སེམས་ཀྱི་ལྷུག་བརྗོད་རིང་མོ་༼ལྷ་མོ༽་ལས་སྔོན་འགྲོའི་ལེའུ་རྫོགས་སོ།།

མུ་འགོད།