–Jack Shle

སྙན་ངག་གི་ལྷ་མོ་ཡོད་པ་ནས་བཟུང
ང་རང་སྙན་ངག་ལ་འཁྲེང་བའི་ཆགས་ཞེན་ཅན་ཞིག་ཏུ་གྱུར
སྙན་ངག་གི་ལྷ་མོ་ཡོད་པས
ང་སྐྱོ་ན་སྡུག་སྨྲེ་ཡིས་སྨྱུག་ཁ་ཤོག་ངོས་སུ་བསྒྱུར་ཞིང
ང་དགའ་ན་སེམས་ཀྱི་ཡོད་ཚད་ངེད་གཉིས་ཀྱི་ལོངས་སྤྱོད་དུ་གྱུར

སྙན་ངག་གི་ལྷ་མོ་ཡོད་པས
ངའི་སེམས་ཀྱི་གསང་བ་ཡོད་ཚད་ཕྱི་ལ་ཤོར
སྙན་ངག་གི་ལྷ་མོ་ཀྱེ་ཀྱེ
ཁྱེད་རང་བདག་ལ་བྲལ་ནས་ཡུན་ཞིག་འགོར་ཡང
ངའི་སེམས་ཀྱི་རྡོ་རིང་ངོས་སུ་བསུབ་ཏུ་མེད་པ་ནི
ཁྱེད་ཀྱི་མེ་ཏོག་ལྟ་བུའི་འཛུམ་ཞལ་དང
དབྱངས་ཅན་བཞིན་གྱི་སྐད་ངག་གི་འགྱུར་ཁུག
ལྡེམ་ལྡེམ་ལུས་ཀྱི་སྟངས་སྟབས
རྒྱ་ལྕང་ལོ་མའི་རྗེས་འགྲོའི་སྐྲ་ལོ
དུང་དཀར་བཞིན་དཀར་ཐག་ཆོད་པའི་སེམས་པ་དྭངས་མོ་སྟེ
ཡོད་ཚད་ཁྱེད་ཀྱི་ལུས་སྟེང་ནས་རྙེད་པའི་གཏམ་རྒྱུད་བཞིན
ཇི་འདྲའི་མཛེས་སྡུག་གི་ལོངས་སྤྱོད་ཅིག
འོན་ཀྱང
རང་རྩིས་ཆེ་བའི་བདག་གིས
སྙན་ངག་གི་དུང་བ་དེ་བསྐྱུར་ནས
ལོ་ཟླ་ག་ཚོད་ཅིག་ཉིན་ཐོག་ཟླ་བརྩེགས་ཀྱིས་འགྲོ་བཞིན་འདུག
ད་ལྟ་བདག་ལ་ཕངས་སེམས་ཤིག་སྐྱེེས་འོངས་སྟེ
སྙན་ངག་ལ་རྒྱབ་འགལ་བྱས་པ་ནི
ཁྱེད་ལ་རྒྱབ་འགལ་དང་གློ་ཐག་རིང་བ་བྱས་པ་དང་འདྲ་བས
བདག་གིས་བཟོད་ཀྱི་མི་འདུག
བདག་གིས་བསྲན་ཐུབ་ཀྱི་མི་འདུག
སྔོན་ཆད་ཅིག་ལ་བདག་གིས་སྙན་ངག་གི་ལྷ་མོ་ཟེར་བའི་མིང་བྱང་དེ
ཡིད་སེམས་ཀྱི་ཞིང་ས་ལས་གཞན་ཞིག་ཏུ་སྤྱུགས་པར་འདོད་ཀྱང
དེ་ནི་ཆེས་བྲལ་དཀའ་བ་དང་སྐྱུར་དཀའ་བའི་བྱ་བ་ཞིག་ཡིན་པ་གཞི་ནས་རྟོགས
ད་ལྟ
ཁེར་རྐྱང་དུ་ལུས་པའི་མི་བུ་ཨུ་ཚུགས་ཅན་དེ་ཡང
འགྱོད་གདུང་གི་རལ་གྲི་རྣོན་པོས་རབ་ཏུ་གཙེས་ཀྱིན་འདུག
དེ་རིང
བདག་གིས་འགྱོད་སེམས་དང་བཅས་ཏེ་ཁྱེད་ལ་དགོངས་དག་ཞུ
ལྷད་མེད་ཀྱིས་ངང་ནས་ཁྱེད་ལ་བཀའ་དྲིན་ཡང་ཞུ་དགོས་ཏེ
རྒྱུ་མཚན་ནི
ཁྱེད་རང་ཡོད་པས་ང་ལ་སྙན་ངག་ཅེས་པའི་མཛེས་ཆ་ཞིག་དང
བདག་གི་ལོངས་སྤྱོད་དུ་གཏམ་རྒྱུད་གསོན་པ་ཞིག་གིས་སྐྱེས་མ་ཕུལ་བས་སོ