འུ་ཚོ་མི་ཟེར་བ་འདི་དགོད་སྤྱད་ཅིག་རེད།  ངོ་མ་དགོད་སྤྱད་ཅིག་རེད།  མིས་ཁ་ནས་བཤད་པ་དང་སེམས་ནས་འདོད་པ། ལག་ནས་སྒྲུབ་པ་སོགས་ཁ་ཁ་སོ་སོ་རེད།

མི་ལ་སོ་སོའི་ལས་དབང་ཡོད་པ་ངོ་མ་རེད། མིའི་ལས་དབང་ཟེར་བ་ནི་འདི་ལྟ་སྟེ། ཁྱོད་རང་ཐོག་མར་འཇིག་རྟེན་ལ་ཐོན་དུས་ག་འདྲ་ཞིག་ཆགས་འོང་བ་དེ་ལས་དབང་གིས་ཐག་གཅོད་བསམས། དཔེར་ན། དབུལ་བོའི་ཁྱིམ། ཞ་བོའི་ལུས།  ཡང་ན་ཕ་ཕྱུག་པོ། བུ་སྐྱེ་ཡག  འདི་དག་ཚང་མ་ལས་དབང་གིས་ཐག་གཅོད་པ་རེད་བསམས། དེའི་རྗེས་ནས་ང་ཚོ་རང་ཉིད་ཀྱིས་ལས་དབང་ལ་ཁ་ལོ་བསྒྱུར་ཆོག་གི་རེད། འོན་ཀྱང་། མི་ཟེར་བ་འདིས་དོན་གནད་ཆུང་ཙམ་རེ་འཕྲད་ཚེ་འདི་ལས་དབང་རེད། གན་ཡང་ལས་དབང་རེད། དེ་ཁྱོའི་ལས་དབང་རེད། འདི་ངའི་ལས་དབང་རེད་ཟེར་བ་ལས་དེ་ལ་གདོང་གཏད་དང་བསྒྱུར་བཅོས་གནང་བའི་སྤོབས་སེམས་མེད་པ་འདི་སྐྱོ་ཨང་། ངས་རང་ཉིད་ལ་ཟེར་བ་ཡིན།ལས་དབང་ལ་ཁག་འདེད་པར་དགའ་བ་ཚང་མ་ལ་ཟེར་བ་ཡིན།

ངས་བསམ་ན་འཇིག་རྟེན་ནས་སྐྱེ་རྒ་ན་འཆི་མ་གཏོགས་གཞན་ཡོད་ཚད་ཀྱི་ཡོད་ཚད་མི་རང་རང་གིས་ཁ་ལོ་བསྒྱུར་ཆོག་གི་རེད། འོན་ཀྱང་སྡུག་རུས་དང་དཀའ་ཁག་ལ་གཏན་ནས་མགོ་སྒུར་རུང་བ་མ་རེད།

མིའི་ཨ་གསར་ཟེར་བ་དེ་དགོད་སྤྱད་ཅིག་ཡིན། མི་ཚང་མ་ངོ་ཤེས་གསར་བ་ལ་དགའ། གསར་བར་ཡིད་ཆེས་ཡོད།དེའི་ཆེད་དུ་འདུར་བ། ཁ་ཡག་བཤད་པ། ངོ་དགའ་བྱེད་པ། སྙིང་གཏམ་གློད་པ། སྐད་ཕྲ་མོ་དང་ངག་འཇམ་པོས་ཞུམ་ཞུམ་བྱེད་པ། འོན་ཀྱང་མི་འདི་ཚོའི་ནང་ན་ཁྱོད་བཙོང་མཁན་ཡོད། གཡོ་མཁན་ཡོད། བསླུ་མཁན་ཡོད། ང་ཚོས་དུས་རྒྱུན་རང་གི་ཕ་མ་དང་རང་ལ་ཆེས་ཤ་ཚ་བ་དང་རང་ལ་སེམས་ནས་དགའ་བའི་མི་དག་ལ། རྣམ་འགྱུར་འཇིགས་པོ་སྟོན་པ། དོ་སྣང་མེད་པ།  སྤོ་བཀོལ་བ། རོགས་མི་བྱ་བ། དུས་རྒྱུན་སེམས་ཁུར་མི་བྱེད་པ། ཁོག་མི་སྟོན་པ་རེད། ཏག་ཏག་དེ་དང་ལྡོག་སྟེ་རང་ལ་འབྲེལ་བ་མེད་པ། ཆ་མེད། ཤ་མི་ཉེ་བ། རང་ལ་དོན་གྱིས་མི་དགའ་བ་ཞིག་ལ་སེམས་སྟོན་དོན་ཅི་ཡིན། སྲོག་འབུལ་དོན་གང་ཡོད། དེའི་དོན་དུ་རང་ལ་གཅེས་པའི་མི་དག་འདོར་བའི་སྙིང་བོ་དང་རྩ་བ་གང་ལ་ཐུག་ཡོད།  འུ་ཚོ་མི་ཟེར་བ་འདི་འདྲའི་དགོད་སྤྱད་ཅིག་རེད།

འུ་ཚོ་མི་ཟེར་བ་འདི་ཁྲ་ཁྲ་མ་ཁྲ་ཞིག་རེད།  མི་ཁོག་མིས་མི་ལོན།རྡོ་ཁོག་ཆུས་མི་ལོན་ཞེས་པ་ཇི་འདྲའི་བདེན་ཨང་། མི་ལ་ཚུལ་འཆོས་ཅན། ཧམ་སེམས་ཅན། རང་འདོད་ཅན། གཡོ་སྒྱུ་ཅན་རིགས་མང་དུ་མཆིས། གྲོགས་སྒྲིག་སྟེ་འགྲོགས་ནས་ཡོང་ན། ལོབས་ནས་འགོར་ན་ད་བཟོད་མཚང་འདི་དང་དེ་ཕྱི་རུ་མངོན་པ་ལས།བལྟས་མ་ཐག་དང་འགྲོགས་མ་ཐག་མི་ཐམས་ཅད་བྱང་ཆུབ་སེམས་དཔའ་གསོན་པོ་ཏག་ཏག་དང་འདྲའོ།།

མི་ཟེར་བ་འདི་དགོད་སྤྱད་ཅིག་མིན་ན།  རང་ལ་ཡོད་པའི་ནོར་བུ་དག་ནམ་ཡང་ངོ་མི་ཟིན་པ་དང་ཁས་མི་ལེན་པ། དོར་ཅི་ཐུབ་བྱེད་པ་རེད།  དཔེར་ན་རང་ལ་ལྭ་ཡག་པོ་ཞིག་ཡོད་ན་རང་ཐོག་ན་ཡོད་དུས་མི་ཡག་པའི་ཚོར་སྣང་སྟེར། གཞན་ཐོག་ལ་བཀབ་ན་ཕྱི་ཡག་པ་དང་ནང་འཇམ་པ། བཅུད་ཡོད་པ་ཞིག་ཏུ་འདོད། དེ་བཞིན་རང་མི་རིགས་ལ་ཤེས་ཡོན་པ་དཔྱོད་ཤེས་ཅན་ཞིག་བྱུང་ན་ང་ཚོས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་མི་གཤིས་སོགས་སྐྱོན་ཆ་ཁབ་མགོ་འདྲ་འདྲ་ཞིག་བཙལ་ནས་མི་དེ་མར་འདྲེན་ཅི་ཐུབ་བྱ། མཐར་སྐྲོད་ཨེ་ཐུབ་ལྟ།  མི་ཞིག་ཡིན་ན་ཕལ་ཆེར་ལུས་ན་རིན་ཐང་ཡོད་པ་ཞིག་དང་མེད་པ་ཞིག་གཉིས་ཡོད་པ་རེད་བསམས།དེ་སེམས་ལ་འཛིན་དགོས། དང་ལེན་བྱ་དགོས། ང་ཚོས་རྩོམ་པ་པོ་ཞིག་ལ་བལྟ་དུས་མི་དེ་དང་དེའི་རྩོམ་གཉིས་བཀར་ནས་བལྟས་ན་རང་ལ་ཧ་གོ་རྒྱུ་ཞིག་ཡོང་གི་བསམས།  མ་ཡིན་ནམ་ནམ་ཞར་ཞར་སྒེར་གཅོད་དང་ཕྲག་དོག་གིས་བཟུང་ན་རང་གི་ལུས་སེམས་སྡུག་ལ་གཏད་པ་ལས་ཅི། དེ་བཞིན་ང་ཚོས་རང་ལ་དགའ་མི་དང་གྲོགས་པོ་དགའ་སེ་ཞིག་ལ་ཐུག་ན་ཡང་དོགས་པ་ཟ། གཅེས་སྤྲས་མེད།  མངོན་ལྐོག་བྱེད། ཁོག་མི་སྟོན། ཕན་ཚུན་བར་ལ་ཁོག་དཔུང་དང་བཟང་ངན་འགྲན། ཕྲག་དོག་དང་ང་རྒྱལ་བྱེད། ང་ཚོ་ཆུང་དུས་ནས། ཁྱིམ་ཚང་གི་སློབ་གསོ་མྱོང་དུས་ནས་ནད་བཙོག་འདི་དག་གཅིག་རེ་གཉིས་རེ་བྱས་ནས་ལུས་ལ་འགོས་ནས་འོང་།  འདི་ཅི་ལན་སོང་།

༢༠༡༤ལོར་བྲིས།