ཡེ་ཅེས་༼余杰༽བརྩམས། བྲ་ཚ་བས་བསྒྱུར།

ཁོ་ཚོའི་ཐོབ་ཐང་ནི་ཇི་འདྲའི་མཚུངས་པོ་ཞིག་རེད། སངས་ཆེ་ཟི་༼桑切斯༽ནི་ཀི་ཟི་ཏ་ལེན་ཅའི་༼哥斯达黎加༽དམངས་བདམས་སྲིད་འཛིན་དང་། ཅིན་ཏ་ཀྲུང་༼金大中༽ནི་ཁོ་རེ་ཡའི་དམངས་བདམས་སྲིད་འཛིན་རེད། ཁོ་གཉིས་ནི་ཞི་བདེའི་ནོ་བྷེར་བྱ་དགའ་ཐོབ་མཁན་དང་། ཁོང་གཉིས་ནི་དགེ་རྒན་ལ་གོང་བཀུར་བྱེད་ཅིང་། སློབ་གསོར་དོ་ཁུར་བྱེད་པའི་ཆབ་སྲིད་པ་ཆེན་པོ་གཉིས་ཀྱང་རེད།

ཁོ་གཉིས་ཀྱི་རྒྱབ་ཁབ་དེའང་ཇི་འདྲའི་མཚུངས་པོ་ཞིག་རེད་ཨང་། ཀི་ཟི་ཏ་ལེན་ཅས་༼哥斯达黎加༽ལོ་ངོ་བརྒྱ་དང་བཅོ་བརྒྱད་ཀྱི་རིང་ལ་རིན་མེད་ཀྱི་སློབ་གསོ་སྒྲུབ་པའི་འོས་འགན་ལག་བསྟར་བྱས་ཤིང་། ༡༩༤༨ལོ་ནས་བཟུང་ཁོ་ཚོར་དམག་དཔུང་མེད་ཀྱང་ཁོ་ཚོས་དུས་བདེ་འཚེ་མེད་ཀྱི་འཚོ་བ་རོལ་གྱིན་ཡོད་པ་རེད།     ཁོ་རེ་ཡའི་དཔལ་འབྱོར་བླ་ལྷག་གིས་འཕེལ་རྒྱས་སུ་སོང་བ་དེ་ནི། རྒྱལ་དམངས་ཀྱི་དཀའ་སྤྱད་སྟོབས་སྤེལ་གྱི་སྙིང་རུས་དང་། སློབ་སྦྱོང་ལ་སུན་སྣང་མེད་པའི་གཤིས་སྤྱོད་དང་འབྲེལ་བ་ཡོད་ཅིང་། སློབ་གསོ་འཕེལ་རྒྱས་སུ་འགྲོ་ཐུབ་པ་དེའང་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་སུ་སོང་བའི་ནང་ཁུལ་གྱི་སྒུལ་ཤུགས་རེད།     སྤྱི་ལོ་༢༠༠༡ལོའི་ཟླ༥ཚེས༡༤ཉིན། སྲིད་འཛིན་ཅིན་ཏ་ཀྲུང་གི་ཐོབ་ཐང་དེ་སྲིད་འཛིན་ནས་དགེ་རྒན་དཀྱུས་མ་ཞིག་ཏུ་གྱུར། ཁོས་རྒྱལ་ས་ཧན་ཁྲིན་གྱི་ནུབ་བྱང་ས་ཁུལ་གྱི་སློབ་ཆུང་ཞིག་ནས་༼ཉིན་གཅིག་གི་དགེ་རྒན་༽གྱི་འགན་ཁུར་བ་རེད། ཁོ་ནི་བྲེལ་བྲེལ་འཚུབ་འཚུབ་ཀྱི་སྲིད་ཚོང་པ་༼政客༽དང་མི་འདྲ་ལ། འགྲོ་བདེ་འདུག་བདེ་ངང་སློབ་གྲྭར་རྟོགས་དཔྱོད་བྱེད་པ་ཞིག་ཀྱང་མ་ཡིན། ཁོས་བདེན་པ་བདེན་དྲང་གིས་ཆེས་སྤྱིར་བཏང་གི་སློབ་ཆུང་འདིའི་སློབ་མ་རྣམས་ལ་ཉིན་གང་བོ་ཐུགས་ནན་མོས་སློབ་ཁྲིད་བྱས་པ་རེད། འདས་པའི་ལོ་ངོ་ཞིག་ལ་ཁོས་སྲིད་དབང་སྒེར་གཅོད་ལ་ངོ་རྒོལ་བྱས་རྐྱེན། གསང་མྱུལ་པས་བློ་ཞིབ་མོས་གཡོ་ཐབས་འཐེན་པའི་རླངས་འཁོར་གྱི་དོན་རྐྱེན་དེས། ཁོའི་རྐང་བར་རྨས་སྐྱོན་བྱུང་སྟེ་ཚེ་གང་བོར་དབང་བོ་སྐྱོན་ཅན་ཞིག་ཏུ་གྱུར་ནས། ད་སྐབས་ཁོ་འགྲོ་དུས་གོམ་འགྲོས་འཆོལ་ནས་འགྲོ་ཡི་ཡོད་པ་རེད། འོན་ཀྱང་། ཁོ་ནི་ལོ་ན་བདུན་ཅུར་སོན་པ་ཞིག་དང་མི་འདྲ་བར་ལུས་ཕུང་ཧ་ཅང་བདེ་ཐང་ཡིན་ཞིང་། ཉིན་རྒྱུན་རྙོག་རྫོབ་ཆེ་བའི་རྒྱལ་སྲིད་ཀྱི་བྱ་བར་བྲེལ་བཞིན་ཡོད་ནའང་། ཨ་ཐང་ཆད་པའི་སྣང་བ་མེད་པར་བློ་རིག་གྲུང་པོ་རེད། ཁོས་ཐེངས་འདིའི་སློབ་ཁྲིད་དེའང་རྒྱལ་སྲིད་གྲོས་ཚོགས་འཚོགས་པའི་སྐབས་དང་། ཡང་ན། རྒྱལ་ཡོངས་སུ་གཏམ་བཤད་གནང་སྐབས་ཀྱི་རྣམ་པ་དང་འདྲ་བར་བློ་སེམས་རྣལ་མས་འཆད་པ་རེད།     ཁོས་གཏིང་ཟབ་ཅིང་གོ་སླ་བའི་སྒོ་ནས་བྱིས་པ་ཚོར་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་། ཁོ་རང་ཉིད་གཤིན་རྗེ་འཕྲང་སྒོ་ནས་ཐར་བའི་མི་ཚེའི་བརྒྱུད་རིམ་བཤད་ཅིང་། ཁོའི་རྐང་བ་རྨས་སྐྱོན་ཕོག་མྱོང་ནའང་། ཁོ་འཆད་ཁྲིད་སྟེགས་བུའི་སྟེང་དུ་དུས་ཚོད་ཡུན་རིང་བོ་ཞིག་ལ་ལངས་ཏེ་བཤད་པ་རེད། ཁོའི་མིག་མདུན་དུ་འོད་སྣང་འཚེར་བའི་ལོ་རིམ་དྲུག་པའི་བྱིས་པ་ཚོ་ལ། ༼ལུས་ཕུང་ནི་བསམ་བློ་ཡང་དག་པོ་ཞིག་གི་མ་མཐའི་ཆ་རྐྱེན་དང་། ལུས་ཕུང་བདེ་ཐང་ཡིན་ཚེ་ད་གཟོད་འགྲན་རྩོད་ཀྱི་རླུང་ཁ་ནས་འཚོ་ཐུབ་ཅིང་རྒྱལ་ཁ་ལེན་ཐུབ་ངེས་རེད་༽ཅེས་བཤད། སྔར་སོང་གི་ལོ་ཟླ་ཞིག་ལ་དམག་མིའི་སྲིད་དབང་འགྲན་རྩོད་ཀྱི་ཁྲོད་དུ། ཅིན་ཏ་ཀྲུང་ཐེངས་མང་བོ་ཞིག་ལ་ཤི་བའི་ལམ་ཁ་ནས་ལུས་དུས། ཁོ་རང་གཤིན་རྗེའི་འཇིགས་སྐུལ་ལ་ཡེ་ནས་མ་སྐྲག༼ཕལ་ཆེར་ཁོ་ཏན་ཏན་དུ་འཇིག་རྟེན་འདིར་སྐྱེས་པ་ནི་སྲིད་དབང་སྒེར་གཅོད་ལ་ངོ་རྒོལ་བྱེད་ཆེད་དུ་སྐྱེས་ཤིང་དེའི་ཆེད་ཤི་འགྲོ་ངེས་ནའང་ཐང་།༽ གལ་ཏེ། ང་རང་དངོས་གནས་ཤི་སོང་ཚེ་ངས་རེ་སྙེག་བྱེད་པའི་དམངས་གཙོ་རིང་ལུགས་ཀྱི་མེ་ཏོག་དེ་ངའི་དུར་སའི་ཐོག་ནས་སྐྱེ་ཞིང་བཞད་ངེས་ཡིན། ཁོས་ད་དུང་སློབ་མ་ཚོར་བྱིས་དུས་ཀྱི་ལང་ཚོ་འདི་བེད་སྤྱད་དེ་དཔེ་ཆ་མོད་པོ་ཀློག་དགོས་ཞེས་ཁ་ཏ་གནང་ཞིང་། ༼ཡར་སྔོན་ལ། ང་རང་སྲིད་དབང་སྒེར་གཅོད་པས་བཀག་བཟུང་བྱེད་དུས། དཔེ་ཀློག་གིས་ངའི་བཙོན་ཁང་གི་དཀའ་སྡུག་དེ་བདེ་སྐྱིད་ལྡན་པའི་དུས་སྐབས་ཤིག་ཏུ་བསྒྱུར་༽ཞེས་བཤད། སྐབས་དེར་ཅིན་ཏ་ཀྲུང་གིས་བཙོན་ཁང་དུ་ཉིན་རྒྱུན་དུས་ཚོད་བཅུ་ལ་དཔེ་ཀློག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ——ལྷ་སྒྲུང་རིག་པ། མཚན་ཉིད་རིག་པ། ལོ་རྒྱུས། ཆབ་སྲིད། སྒྲུང་གཏམ་སོགས་མོད་པོ་ལ་བལྟས་ཤིང་། ཁོའི་ཡུལ་མིས་ཁོ་ལ་དངོས་པོ་བསྐྱལ་བའི་ཁྲོད་དུ་ཆེས་མང་བ་ནི་དཔེ་ཆ་རེད། རྒྱུ་མཚན་བཙོན་ཁང་ནང་དུ་ཡོད་པའི་དཔེ་ཆ་དག་གིས་ཁོའི་འདོད་བློ་བསྐོང་མ་ཐུབ་པས་རེད་ལ། ཅིན་ཏ་ཀྲུང་གིས་ཆུང་མར་བྲིས་པའི་འཕྲིན་ཡིག་ཅིག་ཏུ་རང་རློམ་ཡོད་པའི་སྒོ་ནས་འདི་ལྟར་བཤད་འདུག་སྟེ། ༼སྐབས་ལན་རེ། ངའི་ཚོར་བ་ཞིག་ལ། གལ་ཏེ། འདི་ལྟ་བུའི་ལྕགས་ཀྱི་སྒེའུ་ཁུང་ཞིག་ནས་འཚོ་བ་རོལ་བ་མིན་ཚེ། ང་ལ་དཔེ་ཆ་མོད་པོ་ཀློག་པའི་གོ་སྐབས་ཡོད་མི་སྲིད་པས། ལས་འདི་ལྟ་བུ་ང་ལ་མཚོན་ན་དགའ་འོས་པའི་དོན་དག་ཅིག་ཏུ་སེམས་ཀྱང་ཆོག་ལ། ས་མཐའི་རྒན་པོས་རྟ་ཕོ་བོར་བ་དེ། བཀྲ་ཤིས་དོན་བཟང་མིན་པ་ག་ལ་ཤེས།༽ མི་ཚེའི་འགྲུལ་བསྐྱོད་འདི་ལྟ་བུས་བྱིས་པ་ཚོ་ལ་བློ་འབྱེད་ཀྱི་དོན་སྙིང་ཆེན་པོ་ཞིག་རྟོགས་ངེས་ཤིང་། ཅིན་ཏ་ཀྲུང་གིས་བྱིས་པ་ཚོར་དམངས་གཙོ་ནི་ཐོབ་སླ་བོ་ཞིག་མིན་པ་ཤེས་སུ་བཅུག་པ་དང་། དེ་དང་མཉམ་དུ་རང་ཉིད་ཀྱི་འགན་འཁྲི་དང་འོས་འགན་ཤེས་སུ་བཅུག་པ་རེད།

སྲིད་འཛིན་ནས་དགེ་རྒན་བྱས་པ་ནི་བཅོས་རྫུན་གྱི་ཆབ་སྲིད་ཚུལ་འཆོས་༼政治秀༽ཤིག་མ་ཡིན་པར། བྱ་འགུལ་འདིས་ཅིན་ཏ་ཀྲུང་གིས་སློབ་གསོར་མཐོང་ཆེན་བྱེད་པ་ཤེས་ཐུབ་པ་དང་། ཡང་ན་ཁོས་དགེ་རྒན་གྱི་བྱ་བ་འདིར་དད་གུས་བྱེད་པའང་ཤེས་ཐུབ།       སྲིད་འཛིན་དང་། དབུ་བཞུགས། པུའུ་ཀྲང་། གཙོ་འཛིན་སོགས་ཆེས་མཐོའི་དཔོན་རིམ་རྣམས་ཀྱིས་དགེ་རྒན་གྱི་ལས་གནས་དང་། སློབ་ཆེན་གྱི་སློབ་གཙོའི་གོ་གནས་བདམས། དབང་ཆ་ཆུང་ཞིང་ལས་རིགས་གསར་བ་མང་བོ་མཁོ་བ་ནི་ཡོབ་གླིང་དང་མེ་གླིང་དུ་མཐོང་སྣང་དཀོན་པའི་ཁྱད་མཚར་གྱི་དོན་དག་ཅིག་མ་རེད། ཆབ་སྲིད་ཀྱི་ལས་ཀར་འཇུག་པའི་ཆབ་སྲིད་པ་མང་བོ་ཞིག སློབ་གྲྭའི་གར་སྟེགས་སུ་འཆད་ཁྲིད་གནང་རྒྱུ་དེ་ཧ་ཅང་དགའ་བོ་ཡོད། དེ་ནི་ཁོ་ཚོས་གར་སྟེགས་དེའི་སྟེང་དུ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་ཐུབ་འདོད་པས་རེད། འདི་ལྟ་བུའི་གོམས་སྲོལ་གྱི་བྱུང་བ་ནི་གཏིང་ཟབ་ཀྱི་རྒྱུ་རྐྱེན་ཡོད་པ་ཞིག་ཡིན་པ་ལས་མཁས་མིན་མཁས་མདོག་སྟོན་པ་ཞིག་མ་ཡིན་ནོ།།

དགེ་རྒན་ནི་རྒྱལ་དམངས་སྙིང་སྟོབས་ཀྱི་རྒྱུད་འཛིན་པ་ཡིན་རྐྱེན། རྒྱལ་ཁབ་ཀྱིས་དཀྱིལ་སྙིང་དུ་བཟུང་ཡོད་པ་རེད། དཔེར་ན། ཅིན་ཏ་ཀྲུང་གིས་ཐེངས་མང་བོ་ཞིག་ལ་རྒྱལ་སྲིད་གྲོས་ཚོགས་ཀྱི་སྟེང་དང་གསར་འགྱུར་འཕྲིན་སྦྱོར་གྱི་སྟེང་དུ་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་སྟེ། དགེ་རྒན་ནི་རྒྱལ་ཁབ་ཀྱི་སྒལ་ཚིགས་ལྟ་བུ་ཡིན་ཞེས་བཤད། ཉིན་དེར། ཅིན་ཏ་ཀྲུང་སློབ་ཁྲིད་སྟེགས་བུ་སྟེང་ལངས་ཏེ་ཁ་ཆར་འདྲེས་པའི་རླུང་འཚུབ་ཀྱི་ཁྲོད་དུ་བརྗིད་ཀྱིས་འགྲེང་འདུག་པའི་སྡོང་རྒན་ཞིག་དང་མཚུངས་ཤིང་། ཁོ་ཞི་དུལ་ངང་འཛུམ་པའི་དུས་སུ་ཆེས་མཐོའི་སྲིད་དབང་བཟུང་བའི་སྲིད་འཛིན་པ་ཞིག་དང་མི་འདྲ་བར་བྱམས་བརྩེ་ལྡན་པའི་ཨ་མྱེས་རྒན་པོ་ཞིག་དང་འདྲ་བྱུང་།

སེམས་འགུལ་ཐེབས་པའི་སྣང་ཚུལ་དེ་མཐོང་དུས། ཅིན་ཏ་ཀྲུང་གིས་བཙོན་ཁང་དུ་རང་ཉིད་ཀྱི་བུ་ལ་བྲིས་པའི་འཕྲིན་ཡིག་ཅིག་ངང་ངམ་ཤུགས་ཀྱིས་ཡིད་ལ་དྲན་ཡོང་། ༡༩༨༡ལོའི་ཟླ་༡༡པའི་ཚེས་༢༧ཉིན། ཅིན་ཏ་ཀྲུང་གིས་རང་ཉིད་ཀྱི་བུ་ཧོང་ཡེ་ལ་བྲིས་པའི་འཕྲིན་ཡིག་ཅིག་ཏུ་འདི་ལྟར་བཤད་འདུག་སྟེ། ༼ཁྱོད་མིག་སྔར་གྱི་ཁོར་ཡུག་འདིའི་ནང་དུའང་བློ་རིག་སྤྱངས་པོ་ཡིན་ཞིང་། ཡོད་ཚད་དང་ལེན་བྱེད་ཐུབ་པ། རང་ལ་ཡིད་རྟོན་ཡོད་པ་འདི་ནི་ཧ་ཅང་ཐོབ་དཀའ་བ་ཞིག་ཡིན་པས། མུ་མཐུད་དུ་རྒྱུན་འཁྱོངས་བྱས་ན། རྗེས་ཕྱོགས་འཇོན་ནུས་ཅན་ཞིག་ཏུ་འགྱུར་ངེས་རེད། རང་ལ་ལོ་གཅིག་གི་འཚོ་བའི་འཆར་གཞི། ཟླ་གཅིག་གི་འཆར་གཞི། ཡང་ན། གཟའ་འཁོར་གཅིག་གི་དམིགས་ཡུལ་སོགས་བཀོད་སྒྲིག་བྱས་ནས། དུས་ལྟར་རང་ལ་སྤྱི་བསྡོམས་རྟགས་དཔྱད་བྱེད་པའི་གོམས་སྲོལ་བཟང་བོ་ཞིག་ལོབས་སུ་བཅུག་ན་ལེགས་པོ་རེད་འདོད། གལ་ཏེ་དམིགས་ཡུལ་མངོན་འགྱུར་མ་བྱུང་ཡང་ང་ཚོས་སླར་ཡང་མགོ་བརྩམ་ཆོག་པས་ཡིད་གཏན་ནས་ཕམ་ཉན་པ་མ་རེད། འདི་ནི་ཉིད་ཀྱི་རྟོགས་སད་ཇེ་མཐོར་གཏོང་བྱེད་དང་རྒྱལ་ཁ་ལེན་པའི་ཆ་རྐྱེན་རེད་ལ་ཨ་ཕའི་ཉམས་མྱོང་ཡང་ཡིན།༽ ཁོའི་བུ་གཞན་པ་ཧོང་ཅེ་ལའང་༼ཁྱོད་ཀྱིས་རྒྱུགས་གཞི་བླངས་ནས་ཉིན་གསུམ་འཕར་འདས་སོང་། འོན་ཀྱང་། ཨ་ཕས་རྒྱུགས་གཞི་དང་འབྲེལ་བའི་གནས་ཚུལ་གཅིག་ཀྱང་གོ་མ་སོང་རྐྱེན་བྲེལ་བ་ལངས་མོད། འོན་ཀྱང་། ཐབས་བཀོད་མེད་པས་ཡིད་སྐྱོ་ཞིང་ཕངས་པ་ཞིག་རེད། རྒྱུགས་གཞི་ལེན་པའི་དུས་སུ་ཁྱོད་ཀྱིས་ཧུར་བརྩོན་གྱིས་སློབ་སྦྱོང་བྱས་ཡོད་པ་ཨ་ཕས་ཤེས་ཡོད། ངའི་རྐྱེན་གྱིས་ཁྱོད་ཀྱིས་ལོ་གཅིག་ལ་སློབ་སྦྱོང་བཟང་བོ་ཞིག་བྱེད་མ་ཐུབ་པ་དེར་ཨ་ཕ་ཧ་ཅང་སེམས་འགྱོད་སྐྱེ་བཞིན་ཡོད། ཁྱོད་ཀྱིས་ཨ་ཕར་བསྐུར་བའི་འཕྲིན་ཡིག་གི་སྟེང་དུ”ཨ་ཕའི་ཆེད་སློབ་སྦྱོང་བྱེད”ཅེས་པའི་ཡིག་འབྲུ་དག་མཐོང་དུས། ང་རང་སྨྲ་བསམ་བརྗོད་འདས་སུ་གྱུར་སོང་། གང་ལྟར་ཀྱང་། ཁྱོད་ཀྱིས་རང་ནུས་ཡོད་ཚད་ཀྱིས་ཧུར་བརྩོན་བྱས་ཚེ་བློ་འགྱོད་སྐྱེ་དགོས་དོན་མེད། ད་ལྟ་བློ་སེམས་རྣལ་མས་སློབ་གྲྭའི་རྒྱུགས་གཞིར་གྲ་སྒྲིག་གྱིས། མི་ཚེ་ལ་གྲུབ་འབྲས་ཇི་ལྟ་བུ་ཞིག་འཇོག་དགོས་པ་དེ་གཙོ་མི་ཆེ་ཞིང་ཇི་ལྟ་བུའི་འཚོ་བ་ཞིག་རོལ་དགོས་པ་དེ་གཙོ་ཆེ་ལ་བརྒྱུད་རིམ་ནི་མཐའ་འབྲས་ལས་གཙོ་ཆེ། སློབ་གྲྭའི་རྒྱུགས་གཞི་བླངས་ཚར་རྗེས་སེམས་པ་ལྷོད་ཡངས་སུ་བཏང་ཆོག༽ཅེས་བྲིས་ཡོད་པ་རེད། ཅིན་ཏ་ཀྲུང་བཙོན་ཁང་དུ་ཡོད་ཀྱང་ཁོས་སྔར་བཞིན་བྱིས་པ་གཉིས་ཀའི་སློབ་སྦྱོང་དང་སློབ་གསོའི་གནས་ཚུལ་ལ་སེམས་ཁུར་གནང་ཞིང་ཁོསཨ་ཕ་ཞིག་གི་སྒྲུབ་དགོས་པའི་འོས་འགན་ཁུར་མ་ཐུབ་པ་ལ་ནང་འགྱོད་སྐྱེ་བཞིན་ཡོད་པ་དང་། བྱམས་བརྩེ་ལྡན་པའི་ཨ་ཕ་ཞིག་གི་དྲོད་ཁོལ་ནི་འདི་འདྲའི་མུན་དོང་ཞིག་གི་ནང་ནས་བསྐྱལ་པ་རེད། དེའི་སྟབས་ཀྱིས་བྱིས་པ་གཉིས་ཀ་ལང་ཚོ་རྒྱས་དུས། ཁོ་རང་བྱིས་པ་གཉིས་ཀའི་གམ་དུ་མེད་པས། ཨ་ཕ་ཞིག་གི་ཁུར་དགོས་པའི་འགན་འཁྲི་ཐེག་མ་སོང་། དེའི་རྐྱེན་གྱིས་ད་གཟོད་བྱིས་པ་གཉིས་ཀས་ལྐོག་རྔན་ཟས་སོང་ཟེར་བའི་གཏམ་ངན་ཞིག་བསྒྲགས་སོང་། འོན་ཀྱང་། ཅིན་ཏ་ཀྲུང་གིས་ཁོའི་བྱིས་པ་གཉིས་ལ་འགེབ་སྲུང་བྱས་མ་སོང་། མྱུར་དུ་ཁྲིམས་འཛིན་ལས་ཁུངས་ལ་བཀའ་ཕབ་སྟེ་རྟགས་དཔྱོད་བྱེད་དུ་བཅུག་པ་དང་། འཕྲིན་སྦྱོར་པ་ཚོས་ཀྱང་སྲིད་འཛིན་གྱི་ངོ་སོར་བལྟས་ཏེ་གྲག་མེད་ངང་བསྡད་མ་སོང་། གསར་འགོད་ཚོགས་འདུ་ཞིག་གི་སྟེང་དུ་དུས་རྒྱུན་དཔའ་སྤོབས་ཆེ་བའི་ཅིན་ཏ་ཀྲུང་གིས་མིག་ཆུ་བཞུར་གྱིན་བཤད་རྒྱུར། ༼ང་རང་ཡིད་སྐྱོ་ས་ཞིག་ཡོད་པ་ནི་ངའི་བྱིས་པ་གཉིས་ཀས་ནོར་འཁྲུལ་ཆེན་པོ་ཞིག་བཟོས་སོང་བ་དེ་རེད།༽ ཁོ་རང་ཉིད་ཀྱི་ཡ་ང་བའི་བརྒྱུད་རིམ་གྱིས་བསླངས་པ་ཡིན་ནའང་ཐང་། ཁོས་ཁོ་ར་ཡའི་རྒྱལ་དམངས་ཀྱིས་དགེ་རྒན་དང་སློབ་གསོའི་གནད་དོན་ལ་དོ་ཁུར་ཆེན་པོ་བྱེད་འོས་དང་། ཁོ་རེ་ཡ་ལ་ནུས་པ་ཅན་གྱི་སྲིད་འཛིན་ཞིག་མེད་ཀྱང་ཆོག་མོད། འོན་ཀྱང་། མུ་ནས་མུ་བརྒྱུད་པའི་དགེ་རྒན་བཟང་བོ་ཞིག་གཏན་ནས་མེད་མི་རུང་ཞེས་ནན་གྱིས་བཤད་པ་རེད།

ཁོ་རེ་ཡའི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་ཐུབ་པའི་གལ་ཆེ་བའི་རྒྱུ་རྐྱེན་ཞིག་ནི་ཁོ་རེ་ཡའི་མི་དམངས་ཀྱིས་སློབ་གསོར་མཐོང་ཆེན་བླ་ལྷག་བྱེད་པས་རེད་ལ། སློབ་གསོར་མཐོང་ཆེན་བྱེད་པ་ནི་མ་འོངས་པར་མཐོང་ཆེན་བྱས་པའང་རེད། ཨ་རིའི་ཅ་ཀྲིག་སློབ་ཆེན་གྱི་སློབ་གཙོ་ཁུ་ཨེར་གྱིས་ཡར་སྔོན་ཞིག་ལ་མངོན་སུམ་གསལ་རྗེན་ངང་སྟོན་རྒྱུར། སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་གོ་རིམ་གྱི་ཁྲོད་དུ། མེ་འཁོར་ནི་དུས་རབས་བཅུ་དགུ་བའི་ལོ་མཇུག་དང་། རླངས་འཁོར་ནི་དུས་རབས་ཉི་ཤུ་བའི་ལོ་སྟོད་ཅིག་ལ་འཁྲབ་པའི་འཁྲབ་ཚན་ཞིག་རེད། དུས་རབས་ཉི་ཤུ་བའི་ལོ་མཇུག་ནས་བཟུང་༼ཤེས་རིག་ཐོན་ལས་༽(知识产业)ཀྱིས་ཚབ་བྱས་ཤིང་། ཤེས་རིག་ཐོན་ལས་ནི་རྒྱལ་ཁབ་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་གལ་ཆེའི་ཐོན་ཁུངས་དང་། སློབ་གསོའི་སྡེ་ཁག་ནི་ཤེས་རིག་གསར་གཏོད་བྱེད་པའི་བརྒྱུད་རིམ་གྱི་ལྟེ་བ་ཞིག་རེད། ལོ་ངོ་ཉི་ཤུ་ལྷག་གི་རིང་དུ། ཁོ་རེ་ཡས་ལྟེ་བ་འདི་དམ་པོར་བཟུང་བ་རེད། གལ་ཏེ་རོའུ་ལུགས་རིག་གནས་ཀྱི་ཁྲོད་དུ་དེང་རབས་སྤྱི་ཚོགས་དང་མཐུན་པ་རེ་ཡོད་ཚེ། དེ་ནི་རོའུ་ལུགས་རིག་གནས་ཀྱིས་སློབ་གསོར་མཐོང་ཆེན་བྱས་པ་མངོན་ཐུབ། ༼དེ་ཡང་རོའུ་ལུགས་རིག་གནས་ཀྱི་སློབ་གསོའི་བྱེད་ཐབས་དང་སློབ་གསོའི་ནང་དོན་ལ་ང་ཚོའི་དེང་རབས་ཀྱི་མིས་འདོན་ལེན་བྱེད་དགོས།༽ འདི་ལྟ་བུའི་སྲོལ་རྒྱུན་རིག་གནས་མང་བོ་ཞིག་ཀྲུང་གོ་ནས་ཉམས་དམས་སུ་འགྲོ་རུ་ཡོད་ཀྱང་། ཁོ་རེ་ཡ་ནས་སོར་འཇོག་བྱས་ཡོད།     ཨ་རིའི་ཆབ་སྲིད་རིག་པ་བ་ཧིན་ཐེན་དོན་གྱིས་བཤད་པ་ལྟར། རྒྱལ་ཁབ་ཕན་ཚུན་གྱི་གདོང་གཏུགས་དང་འགྲན་རྩོད་དེ་མཐར་གཏུགས་ན། དེ་ནི་རིག་གནས་ཀྱི་གདོང་གཏུགས་དང་འགྲན་རྩོད་ཅིག་རེད། རིག་གནས་ཀྱི་འགྲན་རྩོད་དེའང་མཐར་གཏུགས་ན། སློབ་གསོའི་སྟེང་དུ་བབས་འདུག་པ་ཞིག་རེད། ངས་བསམ་ན། ཅིན་ཏ་ཀྲུང་གི་སློབ་ཁྲིད་ལ་ཉན་ཐུབ་པའི་སློབ་མ་དེ་ཚོར་བསོད་ནམས་ཡག་པོ་འདུག འདི་ལྟ་བུའི་དམིགས་བསལ་གྱི་སློབ་ཁྲིད་ཅིག་གིས་ཁོ་ཚོའི་མི་ཚེ་ལ་ཤུགས་རྐྱེན་ལེགས་པོ་ཞིག་ཐེབས་ངེས་རེད།     ངས་ཅིན་ཏ་ཀྲུང་ལྟ་བུའི་རླབས་ཆེན་གྱི་རྒན་པོ་འདི་ལ་གུས་བཀུར་བྱེད་ངེས་ཡིན། —-དེ་རིང་ཁོ་ཆེས་མཐོའི་དབང་ཆ་ནབ་པའི་སྲིད་འཛིན་པ་ཞིག་ཡིན་རུང་ལ། སང་ཉིན་ཁོ་ཆེས་སྤྱིར་བཏང་གི་དགེ་རྒན་ཞིག་ཡིན་ན་ཡང་ཆོག  ཁོ་རེ་ཡ་ལ་འདི་ལྟ་བུའི་སྲིད་འཛིན་པ་ཞིག་དང་དགེ་རྒན་ཞིག་ཡོད་པ་ཁོ་ཚོའི་བདེ་སྐྱིད་ཅིག་དང་གཟི་བརྗིད་ཅིག་རེད།