མུ་འབྲེལ་སྙན་རྩོམ་རིང་མོ་ ༼ སྨྲེང་བའི་ན་བུན་ ༽ལས་ཚན་བཤུས།

༢༠
དེང་འདིར ང་ལ་ཁྱོད་རང་མཁོ

ཆར་སྨག་འཐིབ གྲང་རླུང་འཚུབ
དོ་ནུབ་འདྲ་བའི་མཚན་མོར
ཏག་ཏག་ལ ཁྱོད་རང་ངའི་གན་དུ་སྡོད་ན་བསམ
སྙིང་ཉེ་ཨ
དོ་ནུབ ང་ལ་ཁྱོད་ཁོ་ན་མཁོ་ཨང

འབྲུག་སྒྲ་ལྡིར གློག་དམར་འཁྱུག
ངས་སུ་ཞིག་སྐྱབས་སུ་འབོད་པའང་མི་ཤེས་པར་འདུག
དོ་ནུབ་འདྲ་བའི་མཚན་མོར
ཏག་ཏག་ལ ཁྱོད་རང་ངའི་གམ་དུ་ཡོད་ན་སྙམ
སྙིང་ཉེ་ཨ
དེང་འདིར ང་ལ་ཁྱོད་ཁོ་ན་མཁོ་ཨང

རླུང་བུ་ཤུགས་ཤུགས་ལྡང སྡོང་ལོ་ཤག་ཤག་ཉིལ
ངས་ཁེར་རྐྱང་གི་དྲན་གདུང་འདི་ལྡོག་དཀའ་བར་འདུག
ཁྱོད་ཀྱི་ལག་ཟུང་གི་ཆར་གདུགས་ཕུབ་རོགས
དོ་ནུབ་གྱི་ཆར་རླུང དེ་འདྲ་རྒོད་པ་ལ

ཟླ་འོད་མི་སྣང་བའི་དོ་ནུབ མུན་ནག་རེད གྲང་ངར་རེད
ཁྱོད་ཀྱི་དྲོད་འཇམ་དང་འོད་སྣང་ལ ང་རེ་ཞིང་འཁྲེང
ང་པང་དུ་འཛིན་རོགས ང་གཉིད་ལ་སྐུར་རོགས
ཕྱི་རོལ་འདིར ང་གཅིག་པུ་མི་འཇོག་བར་འཚལ

ཡོད་ཚད་བརྩེ་གདུང་གི་དབང་གིས ཡོད་ཚད་དུངས་ཞེན་གྱིས་ཕྱིར་དུ
བརྩེ་དུངས་ཟབ་དྲགས་ན་དྲན་གདུང་རེད རེ་སྒུག་རིང་དྲགས་ན་མིག་ཆུ་རེད
ཡིན་ཡང
ཏག་ཏག་ལ དོ་ནུབ་འདྲ་བའི་མཚན་མོར
ང་ལ་ཁྱོད་ཁོ་ན་མཁོ་ཨང

སྙིང་ཉེ་ཨ ལ་མོར་ཕེབས་རོགས
ནམ་ཡང ངས་ཁྱོད་ཀྱི་བརྩེ་གདུང་དུ་སྒུག་ཡོད།
༢༦/༣/༢༠༡༥ ཉིན་དྲི་ཞིམ་འཐུལ་བའི་ཇ་ཁང་དུ།

༢༡
ཉི་མ་དེར ཡུལ་བྱོལ་དུ
ཁོ་མོ་སླེབས་བྱུང
གློ་བུར་དུ ང་མྱ་ངན་གྱིས་བཟུང
ངའི་སྡུག་ཡུས་ལྕི་དྲགས་པས
ངའི་དགའ་སྐྱིད་ཡང་དྲགས་པས
ཡུན་རིང་ལ ངའི་འཇིག་རྟེན་མུན་ནག་གིས་བརླམས
དུས་སྐབས་དེར ཚོད་ཚོད་ལ
ཁོ་མོས་ངའི་འཇིག་རྟེན་དུ་འོད་སྣང་སྤུར
ཁོ་མོས་ངའི་བྲང་ཁོག་གི་དྲན་གདུང་གསོས
ཀྱེ བརྩེ་དུངས་སྙན་ངག་ཡིན་ནམ
རྒྱ་མཚོར་ལྷུང་བའི་ཟིལ་ཐིགས་བཞིན ང་ལ་རེ་དོགས་སྲབ
རང་སེམས་ཀྱི་སྒོ་གླགས་བརྐྱངས་ཏེ
བཙོན་དུ་བཙུད་པའི་བྱེའུ་ཆུང་རང་དབང་གིས་འཕུར

མཚན་མོ་དེར མཁའ་དབྱངས་སུ
སྐར་མའི་མིག་ཟུང་ཀེམ་ཀེམ་གཡོ
དབྱར་གཞུང་གི་མེ་ཏོག འཛུམ་གྱིས་བཞད སད་ཀྱིས་བཀུམ
ཕ་ཡུལ་གྱིས་ངའི་ཁེར་ལབ་ལ་རྣ་བ་བླེགས་ཏེ
ངའི་དྲན་གདུང་རུམ ངའི་རེ་སྒུག་སྒུམ
ངུས་ངུས་རྗེས ང་མིག་ཆུས་དབུལ
སེམས་གསོའི་སླད་དུ ཨ་མས་ང་ལ་སེམས་ཕྲིན་སྤྲིངས
འཚོལ་སྙེག་གི་ཕྱིར་དུ ཨ་ཕས་ང་ལ་སྙིང་སྟོབས་སྦྲན
ཡུམ་ཆེན་ལགས ང་ཕ་ཡུལ་ལ་ལོགས་འདོད
ཡབ་ཆེན་ལགས བོད་ཡུལ་དུ་འཚོ་འདོད
དུངས་ཞེན་གྱི་དྲོད་ཁོལ་རྒྱས་ཏེ གངས་ལྗོངས་ཀྱི་འཁྱགས་རི་ཞུས
མཐོ་སྒང་གི་ན་བུན་དྭངས་རྗེས གསར་མདོག་གི་ཉི་འོད་འཕྲོས
ཉི་མ་དེར ཕ་ཡུལ་དུ
ཁོ་མོ་སླར་ཡང་བཅར་སྲིད་དམ།
༢༨/༣/༢༠༡༥ ཉིན་ཞི་བདེ་ཇ་ཁང་དུ།

༢༢
གལ་ཏེ་ཁྱོད་ངའི་སྔོན་དུ་སད་ཚེ
ང་གཉིད་གོང་ནས་ངུ་དུས
ང་ལ་དམ་དུ་འཁྱུད་ཅིང ངའི་སྐྲ་ལོར་བྱིལ་བྱིལ་གཏོང་གིན
ང་ངུ་སྙིང་སྐྱེ་མི་དགོས་པའི་གནས་ལུགས་འཆད་པར་ཞུ

གལ་ཏེ་ཁྱོད་ངའི་སྔོན་དུ་སད་ཚེ
རྨི་ལམ་དུ ང་ཁྱོད་ལ་བརྩེ་ཞིང་དུངས་ཏེ
ང་དགའ་སྐྱིད་ཀྱི་དགོད་འཛུམ་མཆེད་དུས
ཁྱོད་ཀྱིས་ངའི་རྨི་ལམ་མངོན་དུ་ལྡོག་པར་འཚལ

གལ་ཏེ་ཁྱོད་ངའི་སྔོན་དུ་སད་ཚེ
འཁྱག་རླུང་གསེབ་ཏུ ང་གྲང་འདར་རྒྱག་དུས
ཁྱོད་ཀྱི་ལུས་ཕུང་ངའི་ཉལ་ཐུལ་དུ་དགབ་ཅིང
ཁྱོད་ཀྱི་ཤ་དྲོད་ཀྱིས་ངའི་སྙིང་ལག་བསྲོ་བར་ཞུ

གལ་ཏེ་ཁྱོད་ངའི་སྔོན་དུ་སད་ཚེ
སེམས་ཆུང་གིས བརྩེ་དུངས་ཀྱིས
ང་ལ་དམ་པོར་འཁྱུད་ཅིང
སྙན་ངག་ཏུ ཁྱོད་ང་ལ་ག་ཙམ་དགའ་ཞིང
སྙན་ངག་ཏུ ཁྱོད་ང་ལ་ཅི་ཙམ་དུངས་པ་བརྗོད་པར་འཚལ

གལ་ཏེ་ཁྱོད་ངའི་སྔོན་དུ་སད་ཚེ
ང་ཁེར་ཧྲེང་དུ་མ་སྐྱུར་ཨང
ཁྱོད་མི་མཐོང་དུས
ཡང་ན ཁྱོད་གང་དུ་བདོག་པ་མ་ངེས་དུས
(1)ང་ལ་ཞེད་སྣང་ཡོད

གལ་ཏེ་ཁྱོད་ངའི་སྔོན་དུ་སད་ཚེ
ངས་ཁྱོད་ལ “ང་རང་གི་ཚེ་སྲོག་ལས་ཁྱོད་ལ་བརྩེ་ཞིང་དུངས”
ཞེས་བཤད་པར་ཐོས་འདོད་ན
ང་གཉིད་ལས་སློངས་པར་ཞུ
གཉིད་ལས་སློང་སྟངས་དེའང ཁྱོད་ཁོ་ནར་གསལ་ཨང་།

(1) ཆར་སྡོད་བྱེའུ་ཡི་ཚིག་གཡར།
༢༤/༣/༢༠༡༥ གླས་ཤག་ཏུ།

༢༣
ནུབ་བཞུད་ཀྱི་ཉི་ཟེར་ཇ་ཁང་གི་ཤེལ་ཡོལ་བརྟོལ་ཏེ
ངའི་དྲན་ངོགས་སུ་ལྷན་ནེར་འཚེར་ཞིང
བརྩེ་གདུང་གི་རླུང་ཡན་རྒྱུ་ཕྱོགས་དང་བསྡོངས་ནས
ཡངས་ཤོམ་དུ་འཕྱང་བའི་རས་ཡོལ་ཟུང
དེ་རིང་གི་ངའི་སེམས་འགྱུ་ལྟར་ལྷབ་ལྷུབ་བསྐྱོད

མདུན་ཅོག་གཡས་གཡོན་གང་སར
ངའི་དྲན་ཐོ་རུ་འཚང་བ་འདྲ་བའི་མིག་སྔོན་པོ མིག་ནག་པོ མིག་སོར་པོ་དག
ངའི་མིག་ནང་དུ་གདོང་ག་གཞུས
ངང་ཚུལ་དེ ཁ་སང་དེ་རིང་གི་བོད་པའི་སྤྱི་འཐུས་ཚོས་ནང་འཁྲུག་སློང་བར་འཁྲུལ་ཏེ
ང་ཁོ་ཚོར་ཡིད་ཕྱུང ང་རང་ལ་ཞེ་ཁྲེལ

ངའི་རྐང་བ་གཉིས་རྒྱབ་སྙེས་རྐུབ་སྟེགས་སྟེང་བཞག
ངའི་ལག་པ་གཉིས་བྲང་ཁར་བསྣོལ་ཏེ
ང་གན་རྐྱལ་དུ་ལོག་ཅིང
འགྱིག་གི་སྣག་སྨྱུག་ཅིག་སོ་བར་དུ་བཙུར་ནས
ངས་བསམ་གཞིག་གི་བྱེ་ཐང་འགྲིམ

ན་ནིང་ན་ནིང་གི་སྐྱོ་གར་ཞིག ངས་དོ་ནུབ་དོ་ནུབ་ཏུ་གླེང་འདོད་དེ
གསང་བས་བཙེམ་པའི་སེམས་ཁ་ལྷོད་དུས
དྲན་ངོར་བརྡོལ་བའི་ཚོར་འདུ
ཅི་ཞིག་གིས་གནོངས་པ་འདྲ་བའི་གསང་རྒྱ་རུ་སྡོམ་དགོས་སམ
ཡང་ན ཐ་སྙད་ཀྱི་ལྷུ་ཚིགས་སྦྲེལ་བཞིན་བྱ་ཚིག་གི་ཐོབ་ཐང་སྲུང་ངམ

གང་ལྟར ཐོབ་ཐོབ་ཤོར་ཤོར་མང་བའི་ཕྱིར་འདང་གི་ཀློང་དུ
ཡུལ་ཤོར་བའི་མི་ཚེ་མཁའ་དབུགས་ཐེངས་གཅིག་རྔུབ

སེམས་པ་སྨྱུག་རྩེར་དྲངས་ན་དྲན་གདུང་རེད
ཕ་ཡུལ་ཤོག་ངོར་ལྷན་ན་མིག་ཆུ་རེད

དོ་ནུབ་ཀྱི་བརྗེད་ཐོ་འདྲ་བའི་སེམས་འགྱུས་གཤོག་པ་བརྐྱངས་ཏེ
རྒྱ་ཡུལ་གྱི་ཁུ་བྱུག་བཞིན་བོད་ཡུལ་སྙེག་འགྲོ

མཚན་སྨག་འདྲ་བའི་སྣག་ཚ གངས་དཀར་འདྲ་བའི་ཤོག་བུ
བསྲེས་ལྷད་ཤོར་བའི་ཐ་སྙད གཞོབ་དྲི་འཐུལ་བའི་ཕ་ཡུལ
ད་དུང་རང་དབང་བྲལ་བའི་བྱ་ཚིག རུལ་དྲི་མཆེད་པའི་འཚོ་བ
རེད་ཨང བརྗེད་མི་ཐུབ་ཅིང་བྲིས་མི་ཟིན་པའི་དྲན་གདུང་གི་གསེབ་ཏུ
ངས་རང་སེམས་ཀྱི་ཕྱི་ནང་བཤེར་ཞིང་སྔོག་གིན ཕ་ཡུལ་བོར ཕ་ཡུལ་འཚོལ།
༢༢/༣/༢༠༡༥ ཉིན་སྦྲ་ནག་ཇ་ཁང་དུ།