ཨ་ཁུ་ལོ་ལོ

ཨ་ཁུ་ལོ་ལོ། ཨ་ཁུ་རྔོན་པ།
རི་གསུམ་རྩེ་ལ་མ་འགྲོ ཨ་ཁུ་རྔོན་པ།
འབྲོང་རྭ་གོར་མོར་མ་རྔམ ཨ་ཁུ་རྔོན་པ།
ལྷོད་སེ་མ་གཏོང་གཞུ་ཐིག་ཕྲ་མོ
ཤར་སེ་མ་འཕེན་སྨྱུག་རྒོད་མདའ་མོ
ཨ་ཕ་འབྲོང་གི་སྙིང་ལ་ཁེལ་འགྲོ
ཕ་མེད་འབྲོང་ཕྲུག་རྫ་མཐར་ཉུལ་འགྲོ
ཨ་ཁུ་ལོ་ལོ། ཨ་ཁུ་རྔོན་པ།

ཨ་ཁུ་ལོ་ལོ། ཨ་ཁུ་ཉ་བ།
རྒྱ་མཚོའི་གཏིང་ལ་མ་འགྲོ ཨ་ཁུ་ཉ་བ།
གསེར་མིག་ཉ་མོར་མ་རྔམ ཨ་ཁུ་ཉ་བ།
ཉུག་སེ་མ་འཕེན་ལྕགས་ཀྱུ་ཕྲ་མོ
གྲིམ་སེ་མ་འཐེན་ཉ་རྒྱའི་སྐུད་པ
ཨ་ཅེ་ཉ་མོའི་ཚེ་ལ་བབས་འགྲོ
མ་མེད་ཉ་ཕྲུག་མཚོ་མཐར་འཁྱམ་འགྲོ
ཨ་ཁུ་ལོ་ལོ། ཨ་ཁུ་ཉ་བ།