ཞོགས་པ་གསེར་གྱི་ནམ་མཁའ་ལ༎
ལུས་སེམས་གཉི་ག་སྦྲེལ་ནས་ཡོད༎
ར་སྐོར་གྲུ་བཞིའི་ཐང་ཁུད་རང་༎
དཔེ་ཀློག་དབྱངས་སྙན་དི་རི་རི༎
སློབ་གྲྭ་ཆེན་མོའི་ཞོགས་པ་འདི༎
ད་སྐབས་ཅུང་ཟད་འཁྲིག་པོ་འདུག།
རྒྱ་བོད་ལོ་ཙྭ་སྙིང་ལ་སིམ༎
སློབ་ཁྲིད་ལག་ཐབས་ལྷུན་གྱིས་གྲུབ༎
དེ་རིང་སྔ་དྲོའི་སློབ་ཚན་ལ༎
ནམ་རྒྱུན་མེད་པའི་མགུ་བ་ཞིག།
ཉིན་གུང་ཡོལ་ཚེ་ཕྱི་ལ་འགྲོ།
དགུང་གི་མེ་ལོང་གསལ་དུ་ཕྱེས༎
ཚ་བའི་སྣང་བ་མཐོང་ཙམ་གྱིས༎
དཔེ་ཀློག་ཁང་གི་གྲལ་ལ་འཁོད༎
བརྩོན་པའི་གྲུ་ཆུང་མྱུར་བཏང་སྟེ༎
རིག་པའི་མཚོ་མོ་འཕྲེད་ཀྱིས་གཅད༎
ཤེས་རབ་བདུད་རྩིའི་དངོས་གྲུབ་ཀྱང་༎
མ་འགྱངས་མྱུར་དུ་ཐོབ་ནས་ཡོང་༎
ཐོག་རེག་མེད་པའི་ནམ་མཁའ་ལ༎
སྒྱུ་འཕྲུལ་སེམས་ཀྱི་ཐིག་ཅིག་གདབ༎
དོགས་སྣང་མུན་པ་རབ་རིབ་ལ༎
འོད་ཐིག་ཕྲ་མོའི་བརྡ་ཞིག་བསྒྲོན༎
མདུན་གྱི་ཡིག་འབྲུ་རེ་རེ་ནས༎
འོད་ཀྱི་བྱིན་རླབས་གཞན་ཞིག་མཐོང་༎
སྐྱེས་བུ་གསེར་གྱི་རི་འདྲ་བས༎
དཔའ་སྙིང་ལྕགས་ཀྱི་ཀ་འདྲ་སྩོལ༎
བདེན་པའི་སྐད་སྒྲ་རེ་རེ་ལ༎
གསོན་པའི་བརྡ་རྟགས་རེ་རེ་མཆེད༎
གནས་ལུགས་རྡོ་རྗེ་བྲག་རི་ན༎
འགྱུར་མེད་སྲོག་གི་ཀ་བ་བརྟན༎
བདེན་པ་སྨྲ་པའི་ལམ་སྣེ་ན༎
ང་ཡི་སྙིང་ཁ་དྲོད་ལམ་ལམ༎
དེ་རིང་ཉིན་ཕྱེད་དུས་ཐུང་འདི༎
འབྲས་བུའི་ཁུར་གྱིས་ལྕི་བ་ཞིག།
རེ་ཞིག་དེ་ཙམ་ཆོག་པར་བྱ༎
བདག་རང་ཕྱིར་ལྡོག་དུས་ལ་རན༎
དགུང་གི་ཟླ་བ་ཚེས་ལ་ཉེ༎
སྐར་མ་རྣམས་ཀྱང་འཆར་ལ་ཉེ༎
སྲོད་ཀྱི་ནམ་མཁར་ཕྱི་མིག་འཕེན༎
ཁྱེད་ཀྱི་ཕྱོགས་ལ་རྒྱང་ལྟ་བྱེད༎
འཕྲད་པའི་དགའ་བ་ཅི་ལ་སྨྲ༎
འཛུམ་པའི་ཚེམས་ཕྲེང་སེམས་ཀྱི་དཔྱིད༎
ཡིད་ཀྱི་རྦ་རླབས་དྲག་ཏུ་སྐྱོམ༎
སྙིང་ལ་བདུད་རྩིའི་ཆར་རྒྱུན་འབེབ༎
ད་ནི་མུན་ནག་ས་རྩྭ་རིག།
དེ་རིང་ཉི་མོར་གྱེས་ཕྱག་འབུལ༎
བདག་ནི་འདི་ནས་ཕར་ལ་འགྲོ།
སང་ཀྱི་ནངས་མོའི་གཡབ་མོ་མཐོང་༎
༢༠༡༤.༠༥.༡ཉིན།