ཁྱེད་ཚོས་གང་སར་གཡུག་ཆོག་པའི་ངའི་མིང་ཡིག
ད་དུང་ཁྲམ་བམ་བརྒྱབ་པའི་ལུས་ཀྱི་ཤ་ཁེབས
གང་ལྟར       མཛེས་མ་དེ་སོང་ཤུལ་གྱི
ཅུང་ཙམ་ཕྱེས་ཡོད་པའི་སྒོའི་བར་གསེང་དེའང
ཇི་འདྲའི་ཁོད་ཡངས་བའི་སྐྱིད་སྣང་ཞིག

སྐད་ཆ་དེ་ཐོས་མ་ཐོས་ཀྱི་སྐབས་དེར
མུན་པ་མགོ་ཐོག་ཏུ་རླུགས་ཡོང
བར་སྣང་གི་རྒོད་པོས་ཀྱང་ཁ་ཕྱོགས་བོར
ཐང་གི་བྱིས་པ་དེ་ཚོ་རང་རང་གི་ཁྱིམ་དུ་ལོག
ཡིན་ཡང   ས་འོག་གི་བྱི་ལོང་ལྡོམ་པོ་དག་ས་ཁར་བུད་འདུག

མཚན་གུང་དུ་བྱིའུ་ཞིག་འཕུར་བཞིན་པ་རྨིས
ངས་འབྲི་དེབ་མཐུག་པོ་དེ་ལག་ཏུ་ཐོགས་ཏེ
བྱིའུ་ཞིག་འབྲི་བཞིན་མཆིས
ཧ་ཅང་སྙིང་རྗེ་བོ་ཞིག་འབྲི་བཞིན་བདའ
ནམ་ལངས་ནའང་བརྗེད་མི་ཐུབ་པ་ཞིག་འབྲི་བཞིན་འདུག
༢༠༡༤.༥.༡ཉིན།