ཕྱི་ལོ1776ཟླ7ཚེས4ཉིན་ལ་འཁྲུངས་པའི་<<རང་བཙན་བསྒྲགས་གཏམ>>་ལ་བརྟེན་ནས་ཨ་རིའི་སྙིང་སྟོབས་དང་རིན་ཐང་ལྟ་བ་ཚུགས་པ་རེད༑ དེ་ཡང་། ཨ་རིའི་མེས་པོ་མཁས་མཛངས་ལྡན་པ་ཚོས་དང་པོར་རྒྱལ་ཁབ་འཛུགས་དུས། སྐྱེས་བུ་སྒེར་གྱི་ཐོབ་ཐང་དང་རང་དབང་དག་སྲུང་ཞིང་སྐྱོབ་པ་གཞི་རྩར་བཞག་ཡོད་པ་མ་གཏོགས། རྒྱལ་སྲིད་དབང་ཐང་ཆེ་བ་ཞིག་འཛུགས་པར་བྱེད་པ་གཞི་རྩར་བཞག་མེད་པ་རེད༑

ཨ་རིའི་ཤེས་དཔལ་གྱི་རྨང་རྡོར་གྱུར་པའི་ཡིག་ཆ་དེ་རུ། གཙོ་བོ་ཨ་རི་པའི་ཐོབ་ཐང་རྣམ་པ་གསུམ་སྟེ།སྲོག་འཚོ་བའི་ཐོབ་ཐང་དང་། རང་དབང་གི་ཐོབ་ཐང་དང་། བདེ་སྐྱིད་དོན་གཉེར་གྱི་ཐོབ་ཐང་བཅས་རྒྱས་བཅད་ཡོད་པ་རེད༑ དེར་མ་ཟད། ཐོབ་ཐང་དེ་དག་ནི་སུ་དང་གང་ལའང་མི་ལྟོས་པར་རིས་མེད་སྐྱེས་བུ་རེ་རེ་ལ་སྐྱེས་ཐོབ་ཏུ་ཡོད་པར་བསྒྲུབས་ནས། གཞན་དང་གཞན་གྱིས་དེ་དག་འཕྲོག་རྩིས་ཀྱི་ཁག་འདོགས་ཡོད་ཚད་སྔོན་ཚུད་ནས་ཡོངས་སུ་བཀག་ཡོད་པ་རེད༑

འདིར། བདེ་སྐྱིད་དོན་གཉེར་ཞེས་པའི་ཕྱི་མོའི་དོན་ནི། སྐྱེས་བུ་སྒེར་གྱིས་རྒྱུ་ནོར་འདུ་འགོད་ལ་བརྟེན་སོ་སོ་ཕྱུག་པོར་བསྒྱུར་བ་ལ་གོ་ཞིང་། མཐར་གཏུགས་ན། དེ་ནི་སྒེར་ལ་བདག་པའི་ཁར་དབང་དུས་རྣམ་ཀུན་ཏུ་བཙན་འཕྲོག་མི་ཆོག་པའི་ཐོབ་ཐང་ལ་གོ་བ་ཡིན༑ ཕྱི་ཕྱིར། དགོངས་གཞི་དེའི་སྟེང་ནས་བྱུང་བའི་<<ཨ་རིའི་རྩ་ཁྲིམས>>་ཀྱི་རྩ་དོན་ཚིག་རྐང་གཉིས་སུ་དྲིལ་ན། མི་སྒེར་གྱི་ཐོབ་ཐང་ལ་སྲུང་སྐྱོབ་དང་། གཞུང་གི་དབང་ཆ་ལ་ཚོད་འཛིན། ཞེས་པ་ལས་མ་འདས་སོ། །

ངོ་མཚར་བ་ཞིག་ལ། ཨ་རི་པ་རྣམས་ཀྱིས་ཡིག་ཆ་དེ་གཉིས་ཀའི་འབྲུ་དོན་ཉམས་སུ་བླངས་པ་ལས། ཨ་རི་ནི། འཇིག་རྟེན་འདིར་སྐྱེས་བུ་སྒེར་ལ་རང་དབང་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཆགས་པས་མི་ཚད། གནའ་ནས་ད་ལྟའི་བར་རྒྱལ་སྲིད་མངའ་ཐང་ཆེས་ཆེར་དར་བའི་རྒྱལ་ཁབ་ཅིག་ཀྱང་ཆགས་པ་རེད༑