བྱ་གཞུང་དབང་ཆེན་ཚེ་རིང་།

ལུག་བརྒྱ་བཤའ་མཁན་གྱི་ཤན་པ་ང་ཡིན་ལ། ཕག་བརྒྱ་གསོད་མཁན་གྱི་ལག་དམར་ང་ཡིན། ངས་རང་གི་དམར་ལྟོ་ཙམ་པོ་བ་དེའི་དོན་དུ། ལག་པས་ཟངས་དེམ་ཐུབ་ཙམ་ནས་རྒྱུ་མ་ཐག་འདེད་ཀྱི་ལས་མཚམས་བཞག་མ་མྱོང་། ད་དུང་མགོ་རུས་སྐམ་པོ་ས་འོག་མ་ཐིམ་དབར་དུ། སྙིང་རྗེ་བའི་སྒོ་ཟོག་ཅི་ཙམ་ལྔ་ལམ་དུ་བརྫང་དགོས་པའང་མི་ཤེས། གལ་ཏེ་སྐྱེས་པ་ལ་སྔ་ཕྱི་ཟེར་བ་ཞིག་ཡོད་པ་བདེན་ན། ཕྱི་མར་ངན་སོང་དུ་ང་མ་ལྟུང་སུ་ལྟུང་ལ། གཤིན་རྗེ་རྒྱལ་པོ་ཞེས་རྒྱུ་འབྲས་དཔང་ལ་འདེག་མཁན་གྱི་ཚད་མའི་སྐྱེས་བོ་ཞིག་ཡོད་ན། ཁྲིམས་ཀྱིས་བཅལ་ཏེ་དམྱལ་བའི་བཙོ་ཟང་དུ་ང་མི་བཙོ་སུ་བཙོ་ཨང་།

དགུན་སླེབས་ཐེངས་རེ་ལ། དགུན་ཤ་ལེན་པ་ཞེས་ཟོག་ལུག་མང་བོ་སྲོག་ཐོག་ཏུ་གདབ་པའི་སྲོལ་འདི་ལུང་བ་ཆུང་ཆུང་འདིའི་ཕ་མེས་བློ་གྲོས་ཅན་ཚོས་བཏོད་པ་གདོན་མི་ཟ་མོད། མེས་པོ་གོང་མ་རྣམས་ལ་ལེ་བདའ་དང་འཁང་ར་བྱེད་པའི་བླུན་སྤོབས་བདག་ལ་མ་མཆིས་སོ། །ཡིན་ནའང་། རང་གི་གཅན་གཟན་གྱི་ལག་པ་ལྟ་བུ་འདི་ཟོག་ལུག་གི་ཡ་ཆུང་ཁོག་ཏུ་བསྲིངས་ཐེངས་རེར། སྲོལ་འདི་དམྱལ་བའི་དཔྱང་རྡོ་ཨེ་ཡིན་སྙམ་པའི་བློ་ཞིག་འགོག་མེད་དུ་སྐྱེས་འགྲོ་ཨང་། སྤྱིར་བཤད་ན། རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཞན་པའི་མཐོ་སྒང་འདི་རུ་འཚོ་ཞིང་གནས་པ་ལ། གཞན་ལུས་ཀྱི་འཚོ་བཅུད་བཏོན་ཏེ། རང་ལུས་ལ་ལྷན་པ་མ་བརྒྱབ་ཐུ་མེད་ཡིན་པའི་ཆ་ཡང་འཛོམས་ངེས་མོད། ཤབ་གཟན་འཕག་འཚག་གི་རྨིག་པས་ས་ཤུན་བཀོག་ཅིང་། ལོ་ཕག་ཨག་འདེབས་ཀྱི་ཟིལ་གྱིས་སྟོང་སྡེ་དཀྲོག་འོང་དུས། ང་རང་འཇིག་རྟེན་འདིར་ཅི་འདྲ་ཆུང་ཨང་།

ཤན་པའི་ལག་གིས་མཆོད་མེ་བཏེགས་ཀྱང་བྱིན་རླབས་མེད་པ་ཤེས་ལ། དམར་དྲི་འཐིལ་བའི་ཁ་ནས་མ་ཎི་བཏོན་ཀྱང་ཕན་ཡོན་མེད་པ་བསམ་ཀྱང་ལོས་ཤེས་མོད། ངས་ད་དུང་ཟོག་ལུག་བཤའ་ཐེངས་རེ་ལ། རང་མགོ་རང་གིས་གཡོག་བཞིན་མཆོད་མེ་བསྒྲོན་ཞིང་མ་ཎི་བཟློས་པ་ཡིན།