བེེཌཱུརྱ།༼ཀན་ལྷོ༽

བོད་མོ་ཟེར་ན་འདི་འདྲ་ཡིན་དགོས་རྔ་བའི་བུ་མོ་ཡིད་འཕྲོག་མ།།
བོད་མོ་ཟེར་ན་འདི་འདྲ་ཡིན་དགོས་རྔ་བའི་བུ་མོ་ལ་རྒྱ་ཅན།།
བོད་མོ་ཟེར་ན་འདི་འདྲ་ཡིན་དགོས་རྔ་བའི་བུ་མོ་སྙིང་སྟོབས་ཅན།།
བོད་མོ་ཟེར་ན་འདི་འདྲ་ཡིན་དགོས་རྔ་བའི་བུ་མོ་འགན་འཁྲི་ཅན།།

བོད་རིགས་བུ་མོའི་ཁྱད་ཆོས་ཡོད་རྒུ་རྔ་བའི་བུ་མོ་ཁྱོད་ལ་འཛོམས།།
བོད་པ་ཚང་གི་རིགས་ཞེན་དུང་བ་རྔ་བའི་བུ་མོ་ཁྱོད་ཀྱི་རྒྱན།།
བོད་པའི་རིག་གཞུང་རྒྱ་མཚོའི་ཀློང་ན་རྔ་བའི་བུ་མོ་ཁྱོད་རང་མཛེས།།
བོད་སྐད་གཙང་མའི་སྙན་འཇེབས་དབྱངས་རྟ་རྔ་བའི་བུ་མོའི་ངག་ན་འཁྲོལ།།

མི་རིགས་ཤིག་གི་འགན་འཁྲིའི་འདུ་ཤེས་རྔ་བའི་བུ་མོའི་སེམས་ན་འཕྱོ།།
མི་རིགས་ཤིག་གི་ལས་དབང་འདི་ཡང་རྔ་བའི་བུ་མོ་གླེང་ལ་སྤྲོ།།
མི་རིགས་ཤིག་གི་ཡ་རབས་སྤྱོད་བཟང་རྔ་བའི་བུ་མོའི་རྒྱན་དུ་ཆེ།།
མི་རིགས་ཤིག་གི་མཛངས་མའི་མཚོན་བྱེད་རྔ་བའི་བུ་མོའི་རང་གཟུགས་ཡིན།།

མི་རིགས་འདི་ཡི་ངེས་དོན་མཛངས་མ་རྔ་བའི་བུ་མོ་གདུང་སེམས་ཅན།།
མི་རིགས་ཤིག་གི་ཁྲག་རྒྱུད་ལྷད་མེད་རྔ་བའི་བུ་མོ་ཆོད་སེམས་ཅན།།
མི་རིགས་འདི་ཡི་ཉེར་གཅིག་དུས་ལ་རྔ་བའི་བུ་མོ་གཉིད་ལས་སད།།
མི་རིགས་འདི་ལ་རེ་བ་ཆེའོ་རྔ་བའི་བུ་མོའི་འབོད་པ་ཡོད།།

རྔ་བའི་བུ་མོར་བརྗེད་ཆུ་བླུད་ཀྱང་དྲན་པ་ཉམས་པའི་ལོ་རྒྱུས་མེད།།
རྔ་བའི་བུ་མོ་དངུལ་གྱིས་བསླུས་ཀྱང་མགོ་སྐོར་ཐེབས་པའི་གཏམ་རྒྱུད་མེད།།
རྔ་བའི་བུ་མོ་གཡོ་སྒྱུས་བཀུག་ཀྱང་ཕ་མེས་བཙོང་བའི་མི་ཁ་མེད།།
རྔ་བའི་བུ་མོས་ག་དུས་ཡིན་ཡང་ཕ་སྐད་འདོར་བའི་ཨ་གསར་མེད།།

རྔ་བའི་བུ་མོ་དར་དཀར་འདྲ་འདུག་སེམས་པ་དཀར་པོ་དུང་གི་མདོག།
རྔ་བའི་བུ་མོ་དར་དམར་འདྲ་འདུག་མཆུ་སྒྲོས་དམར་པོ་བྱུ་རུའི་མདངས།།
རྔ་བའི་བུ་མོ་རྨ་བྱ་འདྲ་འདུག་ལུས་པོ་ལྡེམ་ལྡེམ་སྟངས་སྟབས་འཁྱུག།
རྔ་བའི་བུ་མོ་རྒྱ་ལྕང་འདྲ་འདུག་མགོ་སྐྱེས་གནག་སྣུམ་རླུང་གིས་སྐྱོད།།

རྔ་བའི་བུ་མོ་འབྲུག་མོ་ལྟ་བུའི་རྩོད་གཞིར་གྱུར་བའི་འཕུང་འདྲེ་མིན།།
རྔ་བའི་བུ་མོ་མེ་བཟའ་ལྟ་བུའི་ཕྲག་དོག་གཡོ་སྒྱུའི་ཁུག་མ་མིན།།
རྔ་བའི་བུ་མོ་མགར་བཟའ་ལྟ་བུའི་རང་ཡུལ་དགྲ་ལ་བཙོངས་མཁན་མིན།།
རྔ་བའི་བུ་མོ་སི་ཏཱ་ལྟ་བུའི་ཆགས་སྲེད་ཅན་གྱི་བདག་མོ་མིན།།

རྔ་བའི་བུ་མོའི་སྐད་ངག་ཐོས་ན་སྒྲ་འཛིན་དབང་བོ་མྱོས་པར་བྱེད།།
རྔ་བའི་བུ་མོའི་ཟུར་མིག་ཕོག་ན་ཕྱི་ཡི་རྫུ་བག་བརྟོལ་བར་བྱེད།།
རྔ་བའི་བུ་མོ་ཉིན་མོ་མཐོང་ན་མཚན་མོ་རྨི་ལམ་ནང་དུ་འཁོར།།
རྔ་བའི་བུ་མོར་ཆོལ་གསུམ་སྐྱེས་མའི་གཙུག་རྒྱན་ཆོ་ལོ་ཁོ་བོས་བསྩལ།།

༼འོད་དང་གྲིབ་མ༽ལས་བཤུས།