khroloསྨྲེ་སྔགས་ལྷ་མོ་དགུ་པའོ།།

༈ །།ན་མོ་བཛྲ་ཏཱ་ར་ཡ།

སྐྱབས་གཅིག་འཇིགས་ཀུན་སྒྲོལ་མཛད་ལྷ་མོ་ལ། །

ཤིག་རད་ ཁྲི་ཤིང་ བྱེའུ་ རི་བོང་དང་། །

རུས་སྦལ་ རུ་ལེགས་ སྦྲང་བུ་ ར་སྐྱེས་སྐར། །

སྨྲེ་སྔགས་དགུ་འབོད་སྙིང་དཀྱིལ་གསོལ་བ་འདེབས། །

 

ཁྲོ་ལོ་ཤིག་རད་བྲག་རིའི་སེར་གར་ཚུད། །

རིམས་ནད་རོ་མྱགས་འདམ་གྱིས་ཕྱོགས་ཀུན་བསྐོར། །

གཞོན་དར་གཡོག་འཁོར་གཤིན་རྗེའི་ཞགས་པས་དྲངས། །

ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །

 

ཁྲོ་ལོ་ཁྲི་ཤིང་མེ་ཏོག་རླུང་གིས་བདས། །

རང་ཡུལ་ལྗོན་ཤིང་རྩེར་ཡང་ཡོང་མ་ཆགས། །

བྱེས་ཡུལ་ཤུལ་རིངས་མྱ་ངན་ཐང་ལ་འཁྱམས། །

ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །

 

ཁྲོ་ལོ་ལྕང་ཁའི་བྱེའུ་རྒྱགས་ཆད་འཕུར། །

རང་གནས་བྱེ་ཚང་འདྲ་སྟེ་ཅི་ཡང་མེད། །

བྱེས་སུ་བྲོ་ལ་རྙེད་པ་ལྷམ་ལ་ཟད། །

ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །

 

ཁྲོ་ལོ་རི་བོང་མི་ཡུལ་གྲོང་ཁྱེར་འཐུམས། །

འདུ་འཛིའི་ཁྱི་དང་བྱིས་པ་བརྒྱ་ཡིས་བཙེས། །

ཡུད་ཙམ་རང་ལ་རང་དབང་གཏོལ་ཡང་མེད། །

ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །

 

ཁྲོ་ལོ་རུས་སྦལ་རང་ལས་རླབས་ཀྱིས་འཕངས།།

ཉང་ཤབ་བདེ་སྐྱིད་རྒྱ་མཚོའི་རླན་དང་བྲལ། །

དགྲ་བགེགས་བྱ་གཅན་ཅི་དགར་གླག་སྐབས་ཚོལ། །

ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །

 

ཁྲོ་ལོ་སྡིག་པའི་མ་མོ་ཕྲུ་གུ་འབྲངས། །

ཟས་ནོར་གཏམ་སོགས་མ་ཤ་བུ་ཡིས་ཟོས། །

མི་རྒན་སྐོགས་པ་མི་ཡུལ་རྩིག་གསེབ་བསྐམས། །

ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །

 

ཁྲོ་ལོ་གཡུ་སྦྲང་ཟང་ཟིང་ཤ་རིད་ཆགས། །

རྩི་བཅུད་འདབ་མཛེས་མེ་ཏོག་ཏིང་འཛིན་སྤངས།།

རྙེད་གྲགས་རུལ་གསུམ་དྲི་ཡིས་རྣམ་པར་མྱོས། །

ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །

 

ཁྲོ་ལོ་རྭ་སྐྱེས་ཤིང་རྟ་བྱེ་རྫབ་བྱིངས། །

སྣ་ཚོགས་བྱ་དཀའི་ཁུར་གྱིས་ལུས་རབ་དུབ། །

ཁལ་ཁྱེར་གྲོགས་མེད་མཐུ་ཆུང་གཅིག་པུར་ལུས། །

ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །

 

ཁྲོ་ལོ་ཐོ་རངས་དཀར་ཆེན་ཤར་སར་ནུབ། །

རྒ་ཤི་གཟི་ཆེན་ཉི་མའི་འོད་ཀྱིས་གཏུགས། །

བུ་སློབ་སྐར་ཕྲན་འདྲ་རྣམས་སྔོན་དུ་ཤི། །

ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །

 

ཀྱི་ཧུད་ཀྱི་ཧུད་

རང་ཡུལ་སྡེ་རྩོད་ཆགས་སྡང་མེ་དཔུང་འབར། །

གཞན་ཡུལ་གྲྭ་རྩོད་གཞོང་སྟོང་ཁྱི་འཁྲུག་བྱེད། །

ཆོས་མིན་ཆོས་ལྟར་སྣང་བའི་གྲྭ་ས་བསྐྱངས། །

དེ་སྐྱོན་དཔེ་དགུ་དོན་དགུ་འདི་ལ་གཟིགས། །

ཤེས་པ་འདི་ཁྲོ་ཕུ་ལོ་ཙ་བས་ལྷོ་བྲག་ཏམ་ཤུལ་གྱི་རི་མར་བྱ་བར་བྱོན་པའི་དུས་སུ་གྲྭ་པ་ནང་ཕན་ཚུན་རྩོད་པའི་རྣམ་འགྱུར་འགའ་རེ་གཟིགས་པས་ཐུགས་སྐྱོ་སྟེ་འཕགས་མ་སྒྲོལ་མ་ལྷ་མོ་དགུ་པ་ཞེས་པ་འདི་གསོལ་བ་ཡིན་ནོ།།