ཡིད་ཚིམས་སོང་ཟེར་བ་ནི་ངོས་སྦྱོར་གྱི་ཡི་གེ་བྲིས་པ་འདྲ་བོ་རེད། སྟོན་དུས་ཀྱི་ཟླ་འོད་བསིལ་ལ་གསལ་བ་བཞིན་ངའི་དྲན་ཚོར་ཡང་ད་ཚོད་ལ་བསིལ་ལ་གསལ་བ་ཏག་ཏག་རེད་འདུག མ་རེད་རྙོག་ལ་འཛིང་ཆེ་བ་སྟེ་གནམ་ངོ་ལོག་པའི་སྤྲིན་པ་ལྟ་བུ་ཞིག་རེད།

གདམ་ག་མེད་པའི་ལས་ཀ་ཞིག་ལ་བཟོད་སྒོམ་བྱེད་པ་ནི་ཁྱེེད་ཀྱིས་ངང་རྒྱུད་རིང་བ་ལྟ་བུ་ཚོར་རམ། ད་ཆ་ནི་མཚན་ནམ་ཐུང་ལ་ཉིན་མོ་ཧ་ཅང་རིང་ཞིང་ང་གཉིས་ཕན་ཚུན་གླེང་མོལ་གྱི་དུས་སྐབས་ནི་དེ་ལས་ལྡོག་པ་ཞིག་རེད། ཁྱེད་ཀྱིས་དྲན་སོས་བཞིན་ཨེ་འདུག ཉིན་དེར་ངས་ཁྱེད་ལ་ཇི་ཙམ་བཞད་བགད་སློང་ཡང་ཁྱེད་ཀྱིས་སེམས་ལྷོད་ལ་བབ་ནས་གད་མོ་གཏན་ནས་མ་ཤོར། དེས་ཀྱང་ཁྱེད་ཀྱི་ཁོག་ཏུ་སྦས་པའི་གྱེས་བྲལ་ནི་བློས་མི་ཐེག་པ་ཞིག་ཏུ་འགྲེལ་བ་ལྟ་བུ་འདུག

སེམས་གཏམ་འདྲེས་པའི་སྐད་ཆ་དུམ་ཚན་ཁ་ཤས་ཀྱིས་ང་རང་མིད་པ་རབ་ཏུ་བརྣངས་བཅུགས་ཤིང་། བར་སྐབས་ཤིག་ནས་ཁྱེད་ལ་ཐད་ཀར་བལྟ་ཡང་མི་སྤོབས་པ་ལྟ་བུ་ཞིག་རེད། རེད་མོད་ངས་ངུས་པའི་ཚུགས་ཀ་ནི་སྲན་ཚུགས་པོས་ངང་མ་ཤོར་བ་བྱས་པ་ཡིན། མ་གཞི་མིག་ཆུ་ཞིག་ཐང་ལ་ཟགས་པར་ཅི་ཞིག་སྐྱོན་ཀྱང་། སྡུག་བསྔལ་གྱིས་མིག་ཆུ་འགྲིལ་ནའང་ངོ་གདོང་ཁྱེད་ལ་བསྟན་ཏེ་གད་མོ་ཤོར་བའི་ཚུགས་ཀ་གཏོད་དགོས་པ་ནི་ཅི་འདྲའི་བཟོད་ཐབས་མེད་པ་ཞིག་རེད་ཨང་།

མ་གཞི་འཛུམ་མདངས་རྒྱབ་ཀྱི་ལྐོག་གཡོ་དང་སྡུག་བསྔལ་མཐའ་དག་ནི་དེ་འདྲའི་གཏིང་དཔོག་པར་དཀའ་བ་ག་རེ་ཡིན་ནམ། དེ་འདྲའི་ཟུག་གཟེར་ཆེ་བ་ཅི་ཞིག་ཡིན་ནམ། ལོ་ཟླའི་འཕེལ་འགྲིབ་ལ་དབང་བའི་ངའི་ན་ཚོད་དང་ཁྱེད་ཀྱི་སྒེག་ཉམས་ནི་ད་ཆ་མི་སྒེར་པའི་དྲན་གདུང་རེ་རེ་ཡིན་ན། ང་ནི་ཁ་ཡག་ལ་ལད་མོ་ཟློ་བའི་མི་སྤྲེལ་ལད་ཚ་བོ་ཞིག་སྟེ། གསོན་པའི་ལོ་ཟླ་དེ་ཚོ་ཁྱེད་ལ་ཁ་ཡག་བཤད་པའི་དུས་ཚོད་ལ་སྤྱད་པ་འདྲ་བོ་རེད། ཨ་ཙི། ཁ་ཡག་ལྟ་བུ་འདས་སོང་དེ་དག གྱེས་བྲལ་གྱི་ཤུལ་དུ་ལུས་པའི་སྡོང་ལོ་སྐམ་པོ་རེ་དང་ཀུན་ནས་མཚུངས་ཨང་།

འཇིག་རྟེན་འདིར་ལྐོག་གྱུར་ཟེར་བ་ཞིག་མེད་ཚེ་མི་ཚང་མས་ཕན་ཚུན་གྱི་སེམས་པ་ཤེས་ཡོད་ངེས་ཤིང་། ངས་ཀྱང་དཀར་དམར་མཚོན་མདངས་ཀྱིས་སྤུད་པའི་ཁྱེད་ཀྱི་སེམས་པ་རྟོགས་ཡོད་ལ། ཚུགས་མི་ཐུབ་པའི་བྱིས་པ་ལྟ་བུ་ངའི་སེམས་པ་ཡང་ཁྱེད་ཀྱིས་ཤེས་ངེས། རེད་དེ་ད་ཆ་འུ་གཉིས་བར་དུ་གནམ་ངོ་འདི་ཚོད་ནག་ཅིང་། སྤྲིན་པ་འདི་ཚོད་འཛིང་བས་བལྟས་ཚོད་ལ་འུ་ཅག་སུ་ཡང་ཕན་ཚུན་མཐོང་སྐལ་བྲལ་བ་འདྲ།