ཆེས་སྤྱིར་བཏང་བའི་ཐ་སྙད་ཁྲོད་ཀྱི་འཇིག་རྟེན།

–དེང་རབས་སྙན་ངག་ཅིག་གི་རོལ་མྱོང་།

གྱང་ཆག་འདིའི་ནང་ནས།

@ རོང་བོ་གངས་དཀར།

ངས་རྟེན་འབྲེལ་གྱི་གསེར་ཁབ་ཕྲ་མོ་འདིའི་ནང་དུ།
ད་ནངས་ཨ་མས་མངགས་པའི་དར་སྐུད་ཅིག་བརྒྱུ་དགོས་པ་ཡིན་ཀྱང་།
ང་ནི་རིག་པ་གྱོང་སོང་བ་དང་། ལག་པ་འཁོབ་སོང་བ་ཡིན་པས།
ཡག་པོ་ཞིག་བརྒྱུ་ཐུབ་མ་སོང་།

ཨ་ཁ། ང་ནི་ཕངས་བཞིན་ཡོད་ལ། ང་ནི་འགྱོད་བཞིན་ཡོད།
གལ་ཏེ་ངས་དར་སྐུད་འདི་ཡག་པོ་ཞིག་བརྒྱུས་ཐུབ་སོང་ཚེ།
འདི་ཡིས་ཚོན་མདངས་བཀྲ་བའི་པོ་ཏ་ལ་ཞིག་གཙག་ཐུབ་ཤོས་ཆེ་ལ།
ཡང་ན་གཙུག་ལག་ཁང་དང་གདན་ས་གསུམ།
ད་དུང་བོད་ཡུལ་གྱི་ལྟ་ན་སྡུག་པའི་རི་ཆུ་ནགས་གསུམ།
བོད་ཀྱི་མ་འོངས་པའི་ས་ཁྲ་ཞིག་གཙག་ཐུབ་པར་ཡང་ཐེ་ཚོམ་ཅི་ཡོད།

ཡིན་ན་ཡང་། བསམ་བློ་ཞིག་གཞན་ཞིག་བཏང་ན།
ང་རང་གནས་བཅོས་པའི་གྱང་ཆག་འདིའི་ནང་དུ།
དར་སྐུད་ཀྱི་རི་མོ་ཡག་པོ་འདི་རིགས་དགལ་ས་ཞིག་དང།
འདིའི་རིན་ཐང་ལ་བསམ་བློ་གཏོང་ཤེས་མཁན་ཞིག་གཞར་ཡང་མེད་པས།
གྱང་ཆག་འདི་ལ། བཞུགས་གདན་འཇགས་དང་།
ལྷོད་ལྷོད་བྱོས་ཟེར་བའི་སྐད་ཆ་སྙན་མོ་འགའ་སྨྲ་རྒྱུ་ལས།
གདམ་ག་དང་ཐབས་ཤེས་གང་ཡང་མེད་པ་དྲན་སོང་།

 

2015.8.20

ཕྲན་དཔྱད། སྒོ་དམར་བསྟན་འཛིན། སྙན་རྩོམ་འདིའི་ཁ་བྱང་ལ<གྱང་ཆག་འདིའི་ནང་ནས།>ཞེས་བཏགས་ཡོད་ལ་བརྩམས་ཆོས་གང་ཞིག་ཡིན་ཡང་ཁ་བྱང་གིས་བརྩམས་ཆོས་གང་དེའི་སྤྱིའི་སྒྲོམ་གཞི་ཞིག་བཟུང་ཡོད་པ་ཡིན། དེས་ན་ང་ཚོས་སྙན་རྩོམ་འདི་བཀླགས་པའི་ཚེ་ན། <གྱང་ཆག་འདིའི་ནང་ནས།>ཞེས་པའི་ཁ་བྱང་འདི་ལས་ཐོག་མར་མཐོང་འོང་བ་ནི་གནས་རྙིང་ཞིག་གམ་གནའ་བོའི་ལྕགས་རི་ཞིག་དང་གནའ་བོའི་ལྕགས་རི་དེའི་ཁྲོད་ཀྱི་འཚོ་བའི་ཁ་དོག་དེ་ཡིན། རྒྱུ་མཚན་ནི”གྱང”ཞེས་པའི་ཡིག་འབྲུ་འདི་ལས་མཁར་གྱང་ངམ་ལྕགས་རི་ཞིག་མཐོང་ཞིང་”ཆག”ཅེས་པ་ལས་རྙིང་བའམ་ཞིག་རོ་ཞིག་མཐོང་འོང་བས་ཡིན། :ཆག:ཅེས་པའི་ཡིག་འབྲུ་འདིས་བསྟན་པའི་རྙིང་བ་དེའང་ཞིག་རལ་དུ་སོང་བའི་རྙིང་བ་ཞིག་མ་ཡིན་པར་དུས་ཀྱི་ཆ་ནས་རྙིང་བ་ཞིག་ལ་གོ་དགོས་པ་ཡིན། ལར་ན་སྙན་རྩོམ་ནི་རྩོམ་མཁན་གང་དེའི་ནང་སེམས་ཀྱི་མཛེས་སྡུག་གམ་འཚོ་བའི་ཁ་དོག་ཇི་བཞིན་མཚོན་པའི་སྐད་ཆའི་མཛེས་པ་ལགས་པས་ན་སྙན་རྩོམ་འདིའི་རྩོམ་མཁན་ནི་དགོན་སྡེའི་ཁོར་ཡུག་ཏུ་འཚར་ལོངས་བྱུང་བའི་ཀྱག་ཀྱོག་གི་ལམ་འཕྲང་བརྒྱུད་པའི་གྲྭ་བཙུན་ཞིག་ཡིན་སྟབས་ང་ཚོས<གྱང་ཆག་འདིའི་ནང་ནས།>ཞེས་པའི་ཁ་བྱང་འདི་ལས་སྲོལ་རྒྱུན་གྱི་ར་བའི་ནང་གི་ཆོས་སྐད་ཀྱི་དབྱངས་རྟ་ལྷང་ལྷང་འཚེར་བའི་དགོན་རྙིང་ཞིག་གི་ལྕགས་རི་མཐོང་འོང་ལ། དགོན་རྙིང་དེའི་ཁྲོད་འཚོ་བའི་གྲྭ་བཙུན་རྣམས་ཀྱི་ཤེས་རབ་ཀྱི་འཇིག་རྟེན་དེ་རྙེད་ཐུབ། འདི་ནི་སྙན་རྩོམ་འདིས་ཆེས་ཐོག་མར་བསྟན་པའི་བཀོད་པ་ཡིན་ལ་རྩོམ་མཁན་རང་གི་བློས་བསླངས་ཀྱི་ཆེས་ཐོག་མའང་ཡིན་པས། ཁ་བྱང་འདི་ལས་སྙན་རྩོམ་འདིའི་སྤྱིའི་རང་བཞིན་གྱི་སྒྲིག་གཞི་དང་ཞིབ་ཚགས་མཛེས་པོར་མཐོང་ནུས་ཤིང་འདི་ནི་རྩོམ་མཁན་ཞིག་ལ་མཚོན་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། བརྩམས་ཆོས་གང་ཞིག་ཡིན་ཡང་སྤྱིའི་སྒྲིག་གཞིའི་ངོས་ནས་ཁ་ཕྱོགས་གསལ་བོ་ཞིག་སྟོན་པ་ནི་ཆེས་མཛེས་སྡུག་གི་བྱུང་རིམ་ཞིག་ཡིན་པས་བརྩམས་ཆོས་ཀྱི་སྤྱིའི་སྒྲིག་གཞི་དང་ཞིབ་འབྲིའི་ཐབས་ལམ་གྱིས་ཀློག་པ་པོའི་ཡིད་ལ་བདེ་བླག་ངང་འཇིག་རྟེན་ཞིག་གི་སྣང་བརྙན་བཞེངས་ཐུབ་པ་ཡིན། དེའི་ཕྱིར་ན་སྙན་རྩོམ་འདིའི་མགོ་བསླངས་མ་ཐག”གྱང་ཆག”གམ་དགོན་རྙིང་ཞིག་མཐོང་འོང་ལ་ཁད་ཀྱིས་དགོན་རྙིང་དེར་འཚོ་བ་རོལ་མྱོང་བའི་གྲྭ་བཙུན་ཞིག་གི་ནང་སེམས་ཀྱི་གྲུ་ཟུར་རེ་རེ་གསལ་འོང་བས་ན་སྙན་རྩོམ་འདིའི་ཐོག་མའི་བློས་བསླངས་བྱེད་ཚུལ་ཁོ་ནའི་ངོས་ནའང་མཛེས་པ་བླ་མེད་ཅིག་གྲུབ་ཡོད་པ་ཡིན།
“ངས་རྟེན་འབྲེལ་གྱི་གསེར་ཁབ་ཕྲ་མོའི་འདིའི་ནང་དུ།
ད་ནངས་ཨ་མས་མངགས་པའི་དར་སྐུད་ཅིག་བརྒྱུ་དགོས་པ་ཡིན་ཀྱང་།
ང་ནི་རིག་པ་གྱོང་སོང་བ་དང་། ལག་པ་འཁོབ་སོང་བ་ཡིན་པས།
ཡག་པོ་ཞིག་བརྒྱུས་ཐུབ་མ་སོང་།”
དེ་ནས་རིམ་བཞིན་རྩོམ་མཁན་རང་ཉིད་ཀྱི་འཚོ་བའི་གནས་སྟངས་རྣམས་ཁད་ཀྱིས་བྱུང་ཞིང་། གནའ་བོའི་འཕགས་ཡུལ་གྱི་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་ཏེ་ཆོས་ཐམས་ཅད་རྟེན་འབྲེལ་གྱི་དབྱིངས་སུ་བསྡུས་པའི་རིགས་ལམ་གྱི་གནད་ཀ་གསེར་ཁབ་ཕྲ་མོ་ལྟ་བུའི་ཤེས་རབ་ཀྱི་ཀློང་ངམ་ཤེས་རབ་དེའི་གསང་བ་འཚོལ་བའི་ཁོར་ཡུག་གི་དགོན་རྙིང་དེ་རུ། ད་ནངས་ཏེ་ཞོགས་པ། ཞོགས་པ་ནི་ཉི་མ་གཅིག་གི་འཁོར་སྐྱོད་ཁྲོད་ཀྱི་དུས་ཚིགས་ཆེས་སྔ་ཤོས་ཤིག་ཡིན་པས་མི་ཞིག་གི་མི་ཚེའི་འགྲུལ་བཞུད་ངོས་ནས་བཤད་ན་ཆུང་ངུའི་དུས་ཀྱི་སྐབས་ཤིག་ལ་གོ་དགོས་པ་ཞིག་ཡིན་པས་ན་དུས་སྔ་མོ་ཞིག་ནས་དྲིན་ཅན་གྱི་ཨ་མ་ལྟ་བུའི་འཇིག་རྟེན་གྱི་རླབས་ཆེ་བའི་སྐྱེས་བུ་ཞིག་གིས་མངགས་པའམ་གནང་བའི་ཤེས་རབ་དང་བྱམས་བརྩེ་སྲོག་ཏུ་བྱས་པའི་རིག་གནས་ཀྱི་ལས་གཞི་མང་བོ་ཞིག་བྱ་དགོས་པ་ཡིན་མོད། རིག་པ་གྱོང་སོང་བ་དང་ལག་པ་འཁོབ་སོང་བ་ལྟ་བུའི་ལེ་ལོ་དང་རྣམ་གཡེང་གི་དབང་དུ་སོང་དྲགས་པས་དེ་ལྟ་བུའི་ལས་ཀར་ཞུགས་མ་ནུས་པའི་ཚུལ་བརྗོད་ཡོད་པར་མ་ཟད། ད་དུང་འདི་ནས་གསེར་ཁབ་དང་དར་སྐུད་ཅེས་ཐུན་མིན་གྱི་དཔེ་མཚོན་ཞིག་ཀྱང་བེད་སྤྱོད་བྱས་ཡོད་ཅིང་། ལར་བཤད་ན་ཡང་ཁབ་དང་སྐུད་པ་ནི་བོད་ཀྱི་རིག་གནས་སེམས་ཁམས་ཁྲོད་ཀྱི་ཐབས་དང་ཤེས་རབ་མཚོན་བྱེད་ཅིག་ཡིན་པས། དཔེ་མཚོན་དེས་དགོན་སྡེའི་གཙུག་ལག་རིག་གནས་ཀྱི་ཉིང་བཅུད་ཤེས་རབ་དང་བྱམས་བརྩེ་དམིགས་སུ་བྱས་ཏེ་དགོན་སྡེའི་རིག་གནས་སྟོན་གྱིན་ཡོད་ལ་དགོན་སྡེའི་རིག་གནས་བསྟན་དགོས་དོན་ཡང་དགོན་སྡེའི་རིག་གནས་ནི་བོད་ཀྱི་སྲོལ་རྒྱུན་ཤེས་རིག་གི་བླ་དང་སྲོག་ཏུ་གྲུབ་པའི་གནའ་བོའི་ཤེས་རབ་ཀྱི་ཉིང་བཅུད་དམ་ཉིང་ཁུ་འདུས་ཡོད་པས་ན་བོད་ཀྱི་ཤེས་རིག་གི་དཔེ་མཚོན་དུ་དྲངས་ཏེ་ད་ལྟའི་རྩོམ་མཁན་རང་གི་ཕྱིར་དྲན་ཁྲོད་ཀྱི་འགྱོད་སེམས་དེ་མཚོན་པར་བྱས་ཤིང་མཚོན་ཐབས་དེ་ཡང་ཆེས་ཁྱད་པར་བ་ཞིག་སྟེ་བོད་ཀྱི་རིག་གནས་ཁྲོད་ཀྱི་མཚོན་བྱ་མཚོན་བྱེད་ཀྱི་སྲོལ་རྒྱུན་ཐབས་ལམ་ཞིག་ཡིན་པས། འདི་ནི་བོད་མིའི་བསམ་བློ་དང་རིག་གནས་སེམས་ཁམས་ལ་ཤིན་ཏུ་རབ་ཏུ་འཕྲོད་པའི་མཚོན་ཐབས་ཤིག་ཏུ་གྲུབ་ཡོད་པར་མ་ཟད། འདི་ལྟ་བུའི་སྐད་ཆ་བཤད་ཐབས་དང་དཔེ་མཚོན་བྱེད་སྟངས་དག་ནི་རྩམ་དྲི་དང་མར་དྲི་འཐུལ་ཞེས་པ་དེའོ། ། དེའི་རྗེས་དེ་མ་ཐག་ཏུ།
:ཨ་ཁ། ང་ནི་ཕངས་བཞིན་ཡོད་ལ། ང་ནི་འགྱོད་བཞིན་ཡོད།
གལ་ཏེ་ངས་དར་སྐུད་འདི་ཡག་པོ་ཞིག་བརྒྱུ་ཐུབ་སོང་ཚེ།
འདི་ཡིས་ཚོན་མདངས་བཀྲ་བའི་པོ་ཏ་ལ་ཞིག་གཙག་ཐུབ་ཤོས་ཆེ་ལ།
ཡང་ན་གཙུག་ལག་ཁང་དང་གདན་ས་གསུམ།
ད་དུང་བོད་ཡུལ་གྱི་ལྟ་ན་སྡུག་པའི་རི་ཆུ་ནགས་གསུམ་དང་།
བོད་ཀྱི་མ་འོངས་པའི་ས་ཁྲ་ཞིག་གཙག་ཐུབ་པར་ཡང་ཐེ་ཚོམ་ཅི་ཡོད།:
མཚམས་འདི་ནས་རྩོམ་མཁན་གྱི་ངག་ལས་རང་དབང་མེད་པར་”ཨ་ཁ”ཞེས་པའི་ཡིད་ཕངས་པའི་སྒྲ་ཞིག་ཐལ་ཡོད་ལ། ད་དུང་སྒྲ་དེའི་རྗེས་དེ་མ་ཐག་ཏུ་ང་ནི་ཕངས་བཞིན་ཡོད་ལ། ང་ནི་འགྱོད་བཞིན་ཡོད་ཅེས་པའི་ཚིག་རྐང་གཉིས་བྱུང་ཞིང་ཚིག་རྐང་དེ་གཉིས་པོས་ཨ་ཁ་ཞེས་པའི་སྒྲ་དེའི་འབྱུང་ཁུངས་གསལ་བོར་བཟོས་ཡོད་པར་མ་ཟད་ཚིག་རྐང་དེ་གཉིས་ཀྱིས་ནི་སྙན་རྩོམ་འདིར་མཛེས་པ་ཁྱད་པར་བ་ཞིག་བཏོན་འདུག་སྟེ་ཚིག་རྐང་དེ་གཉིས་ཀྱིས་ཨ་ཁ་ཞེས་པའི་སྒྲ་དེར་ཚེ་སྲོག་གསར་བ་ཞིག་རྒྱས་སུ་བཅུག་ཡོད་པ་ཡིན། བརྒྱ་ལ་ཚིག་རྐང་དེ་གཉིས་མེད་པའི་དབང་དུ་བྱས་ན་ཨ་ཁ་ཞེས་པའི་སྒྲ་དེར་ཡང་གསོན་ཤུགས་དེ་འདྲ་ཞིག་ཐོན་མེད་པས། འདི་ལས་ང་ཚོས་རྩོམ་མཁན་ཁོང་གི་རྩོམ་རྩལ་ཁྱད་པར་བ་དེ་མཐོང་ཐུབ་པར་མ་ཟད་འགྱོད་སེམས་ལྡན་པའི་སྐྱེ་བོ་ཞིག་གི་སེམས་ཁམས་ཇི་བཞིན་དུ་མཐོང་ཐུབ་པ་དང་དེ་ལྟ་བུའི་སྐྱེ་བོ་ཞིག་གི་སེམས་ཁམས་ཀྱི་གནས་བབ་ལས་འཇིག་རྟེན་གྱི་སྤྱིའི་ཆོས་ཉིད་ཅིག་ཀྱང་ཤེས་རྟོགས་ཐུབ་སོང་བ་ཡིན། ང་ཚོ་སུ་ཞིག་ཡིན་རུང་རང་ཉིད་ཆུང་ངུའི་དུས་སུ་དོན་སྙིང་ལྡན་པའི་ལས་ཤིག་བསྒྲུབ་མ་ཐུབ་ཚེ་དེ་ནི་མི་ཚེ་གཅིག་ལ་གསབ་ཐབས་བྲལ་བའི་འགྱོད་སེམས་ཤིག་ཅི་ལ་མིན། དེ་བས་ན་རྩོམ་མཁན་རང་ཉིད་ལ་འགྱོད་སེམས་དེ་འདྲའི་ཟབ་མོ་ཞིག་སྐྱེས་དགོས་དོན་ནི་འདི་ལྟ་སྟེ། གལ་ཏེ་དར་སྐུད་དེ་ཡག་པོ་ཞིག་བརྒྱུ་ཐུབ་སོང་ཚེ་ཞེས་ཁོར་ཡུག་དེའི་ཁྲོད་ནས་ཤེས་རབ་དང་སྙིང་རྗེ་སྲོག་ཏུ་བྱས་པའི་གཙུག་ལག་རིག་གནས་ལ་སློབ་གཉེར་དཔྱིས་ཕྱིན་པ་ཞིག་བྱས་ཐུབ་ཡོད་རྒྱུ་ན་ད་ལྟར་པོ་ཏཱ་ལ་དང་སེ་འབྲས་དགེ་གསུམ་ཞིག་གཙག་ཐུབ་པར་ཐེ་ཚོམ་མེད་ཅེས་ཡང་བསྐྱར་མཚོན་ཐབས་རང་བཞིན་གྱི་རིགས་ལམ་སྤྱད་དེ་ནང་སེམས་ཀྱི་ནོངས་འགྱོད་དེ་བརྗོད་ཡོད་ལ། པོ་ཏཱ་ལ་ནི་ཐུ་བྷོད་ཀྱི་བཙན་པོ་ཞིག་གི་རིག་གནས་ཀྱི་ཚབ་མཚོན་དང་སེ་འབྲས་དགེ་གསུམ་ནི་ཤེས་རབ་ཀྱི་སྐྱེས་བུ་དག་གི་ཤེས་རིག་གི་ཞབས་རྗེས་ཉག་གཅིག་ཡིན་པས་འཛམ་གླིང་ན་གྲགས་ཆེ་བའི་སྐྱེས་བུ་དེ་དག་གི་ཞབས་རྗེས་རེ་རེ་དཔེ་མཚོན་དུ་བཀོད་དེ་རྩོམ་མཁན་རང་གི་ཕངས་སེམས་དེ་གསལ་བོར་མངོན་དུ་བཅུག་ཡོད་པར་མ་ཟད། ད་དུང་ཤེས་ཡོན་ནི་གལ་ཆེ་བ་ཞིག་ཏུ་ཚོར་བས་རང་གི་བསམ་བློའི་འདུ་ཤེས་དང་མ་འོངས་པའི་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་ས་ཁྲའམ་ལམ་སྟོན་གྱི་རི་མོ་ཇི་ལྟར་འབྲི་རྒྱུ་ནི་བོད་ཀྱི་ཤེས་ཡོན་པ་དག་གི་ཤེས་ཡོན་གྱི་ཆུ་ཚད་ལ་རག་ལས་ཡོད་པའི་ལྟ་ཚུལ་གསོང་བོར་བརྗོད་ཡོད་ལ། དཔེ་མཚོན་དེ་དག་ཏུ་ཆེས་ཡིད་དུ་འོང་བའི་ཡིད་བརྙན་རེ་རེ་བཀོད་འདུག་སྟེ། པོ་ཏཱ་ལ་དང་། གཙུག་ལག་ཁང་། སེ་འབྲས་དགེ་གསུམ་ཞེས་བོད་མིའི་ལོ་རྒྱུས་སྟེང་གི་ཤེས་རིག་གི་རྡོ་རིང་རེ་རེ་བཀོད་ཡོད་པ་དང་། རི་ཆུ་ནགས་གསུམ་དང་བོད་ཡུལ་གྱི་ས་ཁྲ་ཞེས་པས་འབྱུང་འགྱུར་གྱི་དུས་རབས་ནང་གི་བོད་ཡུལ་དང་བོད་ཀྱི་རིག་གནས་ལམ་བུའི་སྟེང་གི་སྐྱ་ཐིག་སོགས་མཚོན་པར་བྱས་ཏེ་གསབ་ཐབས་བྲལ་བའི་འགྱོད་སེམས་དེ་བསྟན་ཡོད་པ་ཡིན།

 

གསལ་བཤད། ༼ འདིར་རྩོམ་ཡིག་ཆ་ཚང་བཀོད་མེད། ༽