—— མུ་འབྲེལ་སྙན་རྩོམ་རིང་མོ”ཚོར་བའི་གཤོག་རྡེབ།”ལས་ཁག་བཞི་པ།

སུ་ཞིག་ང་ཡི་མིག་གི་ལམ་དུ་ལྷུང་བ།།
སྐྱེས་པ་ད་ཐེངས་ག་ཚོད་ཙམ་ཞིག་གདའ་བ།།
ཞིབ་གསལ་དོན་འདུས་ང་ཡི་མོལ་ཚོད་མིན་ཞིང་།།
དགའ་ས་དུངས་ས་ན་ས་རེག་ས་སུ་ཞིག།
ཚེ་ཐོག་འདི་ལ་བརྗེད་དུ་མེད་པས་བཤད་རེད།།

དེ་ནི་སྟོང་ལོ་བཅུ་གསུམ་པ་ཡི་དབྱར་སྒང་།།
ང་ལ་བག་ཆགས་ཟབ་མོ་འཇོག་མཁན་སུ་ཞིག།
ང་ལ་རྣམ་འགྱུར་ལེགས་པོ་སྟོན་མཁན་སུ་ཞིག།
ང་ལ་བརྩེ་དུངས་ཡང་འབྲུ་འདེབས་མཁན་སུ་ཞིག།

རོགས་སྡུག་བྱུང་བ་ཙམ་ཞིག་ཆེ་ཡིན་མིན་སྟེ།།
གདོང་ལ་གདོང་དང་ཁ་དང་ངོ་གཉིས་གཏད་དེ།།
མི་སེམས་གསོན་ཐོག་དམར་ཞད་འདྲེས་སར་ནོམ་ཉུག།
ཅི་ཞིག་ཅི་ཙམ་ག་རེ་ཡིན་ཞེས་ཀྲབ་ཀྲོབ།།

ལོ་ཡི་ཟླ་ངོ་འཕྲོ་ནས་བསྐྱལ་ནས་འདིར་ཐོན།།
བརྩེ་བའི་སེམས་ཤ་ཕྱི་ནང་གསལ་གསལ་ཡིན་ཚོད།།
བུ་མོ་བསམ་ནས་སྐྱོ་བ་བྱུང་བའི་མོད་ལ།།
སེམས་པའི་ཁུར་བོ་ལྕི་ཞིང་ལམ་ཡང་དོག་དྲགས།།

མ་དྲན་ཟེར་ཡ་དེ་འདྲ་མི་སྲིད་ཤོབ་རེད།།
རབ་མོག་མཚམས་རེར་དྲན་པ་དེ་འང་ཤོབ་ལགས།།
དྲན་པའི་གཞེན་སྐུད་ཕྲ་མོ་ལྕགས་ལྟར་གྲིམས་པ།།
སྣང་བའི་ཞེ་རྩ་མངར་མོ་མེ་ལས་དབལ་བ།།

འགྲོ་ས་འདུག་སར་ཁྱོད་ཀྱི་ལུས་དྲི་འཐུམས་པ།།
ལྟ་ས་མཐོང་སར་ཁྱོད་ཀྱི་འདྲ་པར་བཀལ་བ།།
མཉན་ཞིང་ཉན་ན་ཁྱོད་ཀྱི་སེམས་ཚོར་ཐོས་པ།།
བསམ་ཞིང་བསམས་དུས་ཁྱོད་རང་གུད་དུ་ཡོད་པ།།

མཚན་ལམ་རིང་མོ་འདི་ནས་ཕར་ལ་དེད་དེ།།
རྨི་ལམ་ཁྲ་བོ་ཞིག་ལ་ལུས་སེམས་སྔས་རྗེས།།
སང་ཞོགས་ཉི་མའི་འདབ་ཁ་ལྷུག་པར་གྲོལ་ཡང་།།
སེམས་པའི་ངོགས་སུ་འཚང་འོང་པ་ནི་ཁྱོད་ཉིད།།

གཞན་ཞིག་གཞན་ན་སྡོད་ཅིང་ཡོད་ཀྱང་ཡོད་པ།།
དེ་འང་བཞག་ཚོད་འཇོག་ཚོད་ཙམ་ཞིག་མིན་ཏེ།།
སྔུན་འཕྲད་བུ་མོ་ཁྱོད་ཀྱི་ཕྱི་ནང་ལོ་རྒྱུས།།
ང་ཡིས་ཀློག་སྤྲོ་འབྲེལ་མོས་ཙམ་ཞིག་དམིགས་རེད།།

དེ་འདྲ་མ་གཏོགས་ལོ་འགྲོགས་ཟེར་ན་བཤད་དཀའ།།
དེ་ལས་འུ་གཉིས་གཏན་འགྲོགས་ལྷག་ཏུ་ཁག་ཚོད།།
གཅིག་གི་ཡུལ་ནི་ཁ་ཐག་ས་ཐག་རིང་སར།།
གཞན་པ་དེ་ནི་རང་ཡུལ་གད་ས་འདི་ཙམ།།

བརྩེ་བ་དུངས་པ་སེམས་ནས་སིམ་ཞིང་སིམ་ན།།
བར་ཐག་ཙམ་ནི་ཟེར་ཡ་མིན་པ་ལོས་ཤེས།།
ཡིན་ཡང་གཏན་འགྲོགས་ཚེ་འགྲོགས་ཁ་ཐག་ཉེ་ཙམ།།
ཡུལ་གོམས་སྲོལ་ལུགས་དེ་ལ་བསྟུན་ཙམ་འདོད་པས།།

དང་མར་བརྩེ་བ་གཞན་ནས་གཞན་ལ་ལྷུག་དུས།།
ང་ཡིས་འདུན་མར་བཅོལ་བ་སུ་དང་སུའམ།།
ཡང་ན་སྔོན་ནས་བྲལ་བའི་སེམས་འདྲིས་ཨོ་ལོ།།
མིན་ན་དེང་འཕྲད་བུ་མོ་ཁྱོད་རང་ཡིན་འདུག།

མཆུ་ཡི་སྒྲོས་ནི་ཁམ་སྨིན་ཚ་ཐག་ཆོད་འདྲ།།
མིག་ཟུང་ཀྲི་ག་དོད་པ་མདངས་ཉམས་གཉིས་ལྡན།།
ཕར་ལ་འགྲོ་དུས་སྒེག་ཉམས་བརྒྱ་དང་བརྒྱད་ཅུ།།
དེ་ཡི་ཐོག་ལ་ནུ་སོར་གཡོ་ལྷེམ་རན་ནོ།།

གྲུ་ཟུར་ཞིག་ན་ཁྱོད་ཀྱི་མཁུར་འཛུམ་ལྷུག་པ།།
དེ་ཡི་ཐོག་ལ་སྨིན་མཚམས་མཐོ་དམའ་རན་ཞིང་།།
ཡག་ལ་མཛེས་པ་སྐྱེས་ལུས་ཕྲ་ཞིང་སྙོམས་པ།།
མིག་གི་མདུན་གྱི་བུ་མོ་སྐལ་བཟང་གཡང་འཛོམས།།

ད་ཆར་སུ་ཡིན་ཁ་ངོར་ཚོས་སོགས་བྱུགས་གོམས།།
ཕྱི་ཡི་མདོག་དང་ཆེ་ཆུང་འཚམ་པར་བཏང་ན།།
ཚུགས་ཀ་ཙམ་ནི་ཡག་འགྲོ་ནི་ཞིག་ཡིན་ཀྱང་།།
ཁྱོད་ལ་དེ་འདྲ་གོམས་མེད་སྤྱད་ཀྱང་གང་ཡོད།།

མཛེས་པའི་ནང་གི་མཛེས་པ་ངོ་མ་ཁྱོད་ལས།།
གཞན་ཞིག་གཞན་ནས་རྙེད་ཀྱང་རང་སེམས་ཆེ་འཆོར།།
ང་ཡི་སེམས་ལ་གསལ་ཞིང་ཟབ་པ་བརྐོས་པས།།
ང་ཡི་མཐོང་ལམ་འཕྲེད་ལམ་བཅད་བཅད་ཡིན་ཨེ།།

མགོ་རྐང་བར་གྱི་ལྷུ་ཡི་ཚུགས་པ་རེ་རེ།།
ཞིབ་ཏུ་བལྟས་ནས་བཤད་ན་བྲིས་ན་ཆེ་རྫོགས།།
ཚིག་དང་བརྡ་ལ་ལྐུགས་པ་ང་མིན་གཞན་ཞིག།
དེ་ལ་བྱང་ཡང་ཕལ་ཆེར་དེ་འདྲ་མི་སྲིད།།

ཕར་གའི་ལམ་ན་ལུས་པའི་བུ་མོ་ཁེར་རྐྱང་།།
ཉག་ཁའི་ཧྲག་ནས་ཁད་ཀྱིས་གཡེང་བའི་ལྷ་མོ།།
ཚུར་འོང་ཚུར་ལམ་རེམས་ལ་དེད་ནས་ཤོག་དང་།།
ང་རང་ལན་གཅིག་ཐུག་འཕྲད་གནང་བྲེལ་བྱུང་འོངས།།
ང་མིན་གཞན་མི་གཅིག་དང་གཉིས་ཀྱིས་སྒུག་འདུག།

ད་ནི་འདི་ཡིས་བསམ་པ་བྲིས་ཀྱིན་མོལ་ཀྱིན།།
འདི་ཡི་མཇུག་ནི་ག་འདྲར་འབབ་ལོང་མི་གསལ།།
ཚིག་གསུམ་སྡུད་མ་ཁ་གཡོ་ཙམ་ལ་ཁག་འཇོག།
ང་ཡི་ངག་གི་སྐད་ཆ་ཚར་རབས་ལབ་འཇོག།

སྐ༵ལ་བཟ༷ང་མངོན་པ་བུ་མོ་ཁྱོད་དང་འཕྲད་རེད།།
བ༵ཟང་གསུམ་བརྒྱན་པའི་བུ་མོ་ཁྱོད་ལ་དུངས་རེད།།
ག༵ཡང་འཛོམས་པ་ནི་སྤྱོད་ཡོན་ཡག་དང་ལྡན་རེད།།
འ༵ཛོམས་གསུམ་ཀུན་གྱི་བུ་མོ་ཁྱོད་ལ་དགའ་རེད།།